༄༅། །སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་།

༄༅། །སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཆོས་རྒྱལ་དགྱེས་པའི་ཞལ་ལུང་ཞེས་བྱ་བ་བཞུགས་སོ།། 

དེའང་དུས་ཀྱི་ལམ་ལ་རྩ་གསུམ་ལྷའི་ཐུགས་རྒྱུད་བསྐུལ་ནས་བསྟན་པའི་སྙིང་པོ་རིན་པོ་ཆེ་རྒྱས་པར་གྱུར་ཅིག་ཙམ་མོས་པའང་བསོད་ནམས་ཚད་མེད་པ་དང་ལྡན་ཞིང་རྒྱལ་བའི་སྲས་ཀྱི་སྨོན་ལམ་ཡོངས་སུ་རྫོགས་ནས་སྐྱེ་བ་ཀུན་ཏུ་རྒྱལ་བའི་ཆོས་དང་ཆོས་ཀྱི་སྙིང་པོ་ཟབ་མོའི་ཐེག་པ་དང་འཕྲད་ནས་འཛིན་སྐྱོང་སྤེལ་བས་མྱུར་དུ་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ལ་རེག་པར་འགྱུར་བའི་དགོས་པ་ཡོད་པས། སྐལ་བཟང་རྣམས་ཀྱིས་དུས་དང་ཁྱད་པར་ཚོགས་མང་གི་སྐབས་སུ་འདི་ལྟར་སྨོན་ལམ་གདབ་པར་བྱ་སྟེ། 

ན་མོ། ཕྱོགས་བཅུའི་བདེ་བར་གཤེགས་པ་སྲས་དང་བཅས། །ཁྱད་པར་མཉམ་མེད་ཤཱཀྱའི་རྒྱལ་པོ་དང་། །རྒྱལ་སྲས་བརྒྱད་དང་གནས་བརྟན་འཕགས་པའི་ཚོགས། །མཁྱེན་བརྩེའི་བདག་ཉིད་མཆོག་རྣམས་དགོངས་སུ་གསོལ། །ཕན་བདེའི་འབྱུང་གནས་བསྟན་པ་རིན་པོ་ཆེ། །སྟོན་དང་སེམས་དཔའ་འཕགས་པའི་མཆོག་རྣམས་ཀྱིས། །ཡང་ཡང་དཀའ་བས་བཙལ་ཞིང་བརྣག་པའི་དོན། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མཁན་སློབ་ཆོས་རྒྱལ་སྤྲུལ་པའི་ལོ་པཎ་དང་། །བཀའ་གཏེར་རིག་འཛིན་བརྒྱུད་པའི་ཡི་དམ་ལྷ། །མ་མགོན་གཟའ་རྡོར་བརྒྱུད་གསུམ་དྲེགས་པའི་སྡེ། །སྔ་འགྱུར་རྩ་གསུམ་ལྷ་ཚོགས་དགོངས་སུ་གསོལ། །ཐུབ་བསྟན་མདོ་དང་སྔགས་ཀྱི་ཚུལ་མཐའ་དག །གངས་ཅན་ལྗོངས་སུ་བརྩེ་བས་དྲང་གྱུར་པ། །ཆེས་ཆེར་སྤེལ་བའི་རྡོ་རྗེའི་དམ་དགོངས་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཕྱོགས་དུས་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ། །རིགས་གསུམ་སེམས་དཔའ་སྒྱུ་འཕྲུལ་རོལ་མོ་ཡིས། །གངས་ཅན་ཕན་བདེའི་ཉི་མ་གསལ་བར་མཛད། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་དང་རྒྱལ་སྲས་འཕགས་པ་ཆེན་པོའི་ཚོགས། །བསམས་བཞིན་སྤྲུལ་པའི་ཟློས་གར་ཉེར་བཟུང་ནས། །དྲི་མེད་རྒྱལ་བསྟན་ནོར་བུའི་རྒྱལ་མཚན་བསྒྲེངས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཐུན་མོང་ཐུན་མིན་གཞུང་ཀུན་རང་དབང་གིས། །མ་ནོར་བསྒྱུར་ནུས་གཏན་ལ་ཕབ་པ་ཡིས། །གངས་ལྗོངས་སྣང་བའི་སྒོ་ཆེན་ཐོག་མར་ཕྱེས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

IMG_1355.JPG

བསྐལ་བཟང་གདུལ་བྱས་མདོ་དང་སྔགས་ཀྱི་ཚུལ། །ཉམས་སུ་ལེན་ལ་གཞན་དྲིང་མི་འཇོག་པར། །བཀའ་དང་དགོངས་པ་འགྲེལ་པའི་གཞུང་ཀུན་རྫོགས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལས། །ཟབ་མོའི་ཆོས་གཏེར་ནོར་བུའི་མངོན་པར་མཛེས། །མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྨད་བྱུང་ཟ་ཧོར་མཁན་པོའི་སྤྱོད་པ་དང་། །མཚུངས་མེད་དཔལ་ལྡན་ཀླུ་ཡི་ལྟ་བ་གཉིས། །ཟུང་འབྲེལ་བརྒྱུད་པའི་བཀའ་སྲོལ་ཕྱག་རྒྱས་བཏབ།  །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཟབ་མོ་ནང་རྒྱུད་སྡེ་གསུམ་དགོངས་པའི་བཅུད། །ཐུན་མིན་མན་ངག་གསང་བའི་ལམ་མཆོག་ནས། །འཇའ་ལུས་ཆོས་སྐུར་གཤེགས་པའི་ངོ་མཚར་འབར། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རབ་འབྱམས་ཞི་ཁྲོའི་ཁྱབ་བདག་སྒྲུབ་སྡེ་བརྒྱད། །བཀའ་བབས་རིག་འཛིན་སོ་སོའི་དགོངས་བཅུད་དང་། །ཀུན་འདུས་པདྨའི་བཀའ་སྲོལ་གཅིག་ཏུ་འཁྱིལ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱུ་དང་འབྲས་བུ་གསང་སྔགས་ཐེག་ཆེན་ཆེ། །ཚང་ལ་མ་ནོར་རིག་འཛིན་བརྒྱུད་པའི་ལུང་། །ཌཱ་ཀིའི་ཞལ་གྱི་དྲོད་རླབས་ཐོ་ལེ་བ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྡོ་རྗེ་འཆང་གི་དགོངས་དོན་བདུད་རྩིའི་བཅུད། །མཁས་གྲུབ་བྱེ་བས་ཞལ་ནས་སྙན་དུ་བརྒྱུད། །རྟོག་གེ་ངན་པས་རང་བཟོས་མ་བསླད་པ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །གསེར་ཞིང་ནོར་བུས་སྤྲས་པའི་ཡོན་གྱིས་ཀྱང་། །མི་འགུགས་དབྱིངས་ཀྱི་མཁའ་འགྲོའི་ཐུགས་མཛོད་ཆོས། །བརྩེ་བས་རྗེས་འཇུག་བསྐལ་པ་ཁོ་ནར་བཀྲམ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ལ། །རང་བཞིན་ལྷུན་གྱིས་གྲུབ་པའི་གདངས་ཤར་བས། །བླུན་བསྒོམས་སེམས་ལས་འདས་པའི་རྫོགས་པ་ཆེ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཡོད་མེད་ཕྱོགས་རེར་ཞེན་པའི་དམིགས་གཏད་ཞིག །མཐར་འཛིན་ལྟ་བའི་འཛིན་སྟང་དྲུངས་ནས་ཕྱུང་། །གཞི་ལམ་འབྲས་བུས་སྣང་སྟོང་ཟུང་དུ་འཇུག  །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་དོན། །ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །རིག་སྟོང་མི་ཤིགས་རྡོ་རྗེའི་གྲུབ་པའི་མཐའ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མང་དུ་ཐོས་པ་ལུང་གི་སྤྲིན་འཁྲིགས་ཤིང་། །ཕ་རོལ་རྒོལ་འཇོམས་རིག་པའི་གློག་ཕྲེང་འབར། །མན་ངག་གནད་ཀྱི་བདུད་རྩི་སྙིང་ལ་སིམ། །།མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྨད་བྱུང་ཨ་ཏི་ཡོ་གའི་གསང་ལམ་ནས། །མ་ལུས་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །ཁྱབ་བདག་འཇམ་དཔལ་རྡོ་རྗེར་རབ་སྒྲུབ་པ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །ཡང་དག་ཚད་མ་གསུམ་གྱི་ང་རོ་ཡིས། །ལྟ་དམན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ། །ཐེག་མཆོག་སེང་གེའི་སྒྲ་དབྱངས་ས་གསུམ་ཁྱབ། །།མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །རྒྱལ་བསྟན་ཡོངས་སུ་རྫོགས་པའི་གོས་བཟང་རྩེར། །འོད་གསལ་རྡོ་རྗེ་སྙིང་པོའི་ཏོག་མཛེས་པ། །ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་མཐོ། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བདག་སོགས་དེང་ནས་འགྲོ་བ་ཇི་སྲིད་དུ། །བསྟན་དང་བསྟན་པའི་སྙིང་པོ་ཡོངས་རྫོགས་པར། །མཁའ་ཁྱབ་ཞིང་དུ་འཛིན་སྐྱོང་སྤེལ་བ་ཡིས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །མདོར་ན་མཁས་བཙུན་གྲུབ་པའི་རྣམ་ཐར་གྱིས། །རྒྱལ་བསྟན་སྤེལ་བའི་ཕྲིན་ལས་མཁའ་ཁྱབ་པ། །བསྟན་འཛིན་དམ་པས་ས་སྟེང་ཡོངས་གང་ནས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡི། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་བསྒྲེངས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །

ཅེས་རྒྱལ་བ་ཐམས་ཅད་ཀྱི་ངོ་བོ་དཔལ་ལྡན་སངས་རྒྱས་པདྨ་སྐྱེས་འཆི་མེད་མཚོ་འཁྲུངས་རྒྱལ་བའི་བསྟན་པ་སྔ་འགྱུར་རྙིང་མ་ཞེས་གྲགས་པ་འདི་ནི་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་ཡིན་ཞིང་ཟབ་གནད་ཆེ་བ་དུ་མའི་ཁྱད་ཆོས་དང་། ལྟ་སྒོམ་རྣམ་པར་དག་པ་རྒྱལ་བ་དགྱེས་པའི་ལམ་བཟང་མཆོག་ཡིན་པ་འདི་ངོ་ཤེས་ནས། ནོར་བུ་རིན་པོ་ཆེ་བྱི་དོར་བྱས་ཏེ་རྒྱལ་མཚན་ཀྱི་རྩེ་ལ་མཆོད་པ་བཞིན་དུ་གང་ཟག་སྐལ་བ་དང་ལྡན་པ་རྣམས་ཀྱིས་འཆད་རྩོད་རྩོམ་གསུམ་གྱི་ཕྲིན་ལས་རླབས་པོ་ཆེ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་མཛད་པའི་ཐུགས་ཁུར་བཞེས་པ་དང་། དེ་ལྟ་བུའི་བཞེད་པ་ཇི་བཞིན་དུ་འགྲུབ་པའི་རྟེན་འབྲེལ་སྨོན་ཚིག་ཏུ་སྙིང་ཐག་པ་ནས་ལྷག་བསམ་རྣམ་པར་དག་པས་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་གནས་དུས་རྟེན་འབྲེལ་བཟང་པོའི་གུང་ཐུན་ལ་གང་ཤར་བྲིས་པ་དགེ་ལེགས་འཕེལ། སརྦ་མངྒ་ལཾ།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།