བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་འཇིགས་སྒྲོལ་དཔའ་བོ་དང་དེའི་འགྲེལ་བ་བཞུགས་སོ།།

WechatIMG555.jpeg

    ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། དུས་གསུམ་བདེ་གཤེགས་ཆོས་དང་ཚོགས་བཅས་ལ་། ། བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ། ། བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་མཆི། ། འདི་ཕྱི་བར་དོའི་འཇིགས་ལས་བསྒྲལ་དུ་གསོལ། ། རྙེད་དཀའ་འཇིག་པར་སླ་བའི་རྟེན་བཟང་འདིར། ། ཁེ་ཉེན་སྐྱིད་སྡུག་འདམ་གའི་སྐབས་ཡིན་པས། ། དོན་མེད་ཚེ་འདིའི་བྱ་བས་མི་གཡེང་བར། ། དོན་ཆེན་སྙིང་པོ་ལེན་པར་བྱིན་གྱིས་རློབས། ། འདུས་པ་འབྲལ་ཞིང་བསགས་པ་མ་ལུས་འཛད། ། མཐོན་པོའི་མཐའ་རྒུད་སྐྱེས་པའི་ཐ་མའི་ཆ། ། འཆི་བར་མ་ཟད་ནམ་འཆི་ཆ་མེད་པའི། ། ལོང་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། ། གཟུང་འཛིན་རྣམ་རྟོག་འཁྲུལ་པའི་གྲོང་ཁྱེར་དུ། ། མི་གཙང་འབྱུང་བཞི་སྒྱུ་མའི་ཕུང་པོ་དང་། ། རྣམ་ཤེས་འབྲལ་གའི་འཆི་རྐྱེན་སྣ་ཚོགས་པའི། ། གནད་གཅོད་སྡུག་བསྔལ་ཞི་བར་བྱིན་གྱིས་རློབས། ། གཅེས་པར་བསྐྱངས་པའི་ལུས་ཀྱིས་དགོས་དུས་བསླུས། ། འཇིགས་རུང་གཤིན་རྗེའི་དགྲ་བོ་མངོན་དུ་གྱུར། ། དུག་གསུམ་མཚོན་གྱིས་རང་སྲོག་གཅོད་པའི་ཚེ། ། མི་དགེའི་འཁྲུལ་སྣང་ཞི་བར་བྱིན་གྱིས་རློབས། ། སྨན་པས་བོར་ཞིང་རིམ་གྲོས་བཟློག་ཏུ་མེད། ། གཉེན་རྣམས་གསོན་དུ་རེ་བའི་རེ་ཐག་ཆད། ། རང་ཉིད་ཅི་བྱ་གཏོལ་མེད་གྱུར་པའི་ཚེ། ། བླ་མའི་གདམས་ངག་དྲན་པར་བྱིན་གྱིས་རློབས། ། སེར་སྣས་བསགས་པའི་ཟས་ནོར་ཤུལ་དུ་ལུས། ། བརྩེ་ཞིང་གདུང་བའི་གཉེན་དང་གཏན་བྲལ་བྱས། ། ཉམ་ངའི་གནས་སུ་གཅིག་པུར་འགྲོ་བའི་ཚེ། ། དགའ་སྤྲོའི་གདེངས་དང་ལྡན་པར་བྱིན་གྱིས་རློབས། ། ས་ཆུ་མེ་རླུང་འབྱུང་བ་རིམ་གྱིས་ཐིམ། ། ལུས་ཀྱི་སྟོབས་ཤོར་ཁ་སྣ་བསྐམས་ཤིང་བརྫེས། ། དྲོད་བསྡུས་དབུགས་བརྩེགས་ངར་སྒྲ་འབྱིན་པའི་ཚེ། ། དགེ་སེམས་སྟོབས་ལྡན་སྐྱེ་བར་བྱིན་གྱིས་རློབས། ། འཇིགས་སྐྲག་འཁྲུལ་སྣང་སྣ་ཚོགས་ཁྱད་པར་དུ། ། སྨིག་རྒྱུ་དུ་བ་མཁའ་འདྲའི་སྣང་བ་ཤར། ། རང་བཞིན་བརྒྱད་ཅུའི་བཞོན་པ་འགགས་པའི་ཚེ། ། འཆི་མེད་གནས་ལུགས་རྟོགས་པར་བྱིན་གྱིས་རློབས། ། རླུང་ཁམས་རྣམ་ཤེས་ཐིམ་པར་རྩོམ་པ་ན། ། ཕྱི་དབུགས་རྒྱུན་ཆད་གཉིས་སྣང་རགས་པ་ཐིམ། ། མར་མེ་འབར་འདྲའི་སྣང་བ་ཤར་བའི་ཚེ། ། དྲན་ཤེས་ཤུགས་དྲག་སྐྱེ་བར་བྱིན་གྱིས་རློབས། ། སྣང་མཆེད་ཐོབ་གསུམ་སྔ་མ་ཕྱི་མར་ཐིམ། ། ཟླ་ཉི་མུན་པས་ཁྱབ་འདྲའི་ཉམས་ཤར་ཚེ། ། འཁོར་འདས་སྟོང་པར་རྟོགས་པའི་རྣལ་འབྱོར་གྱིས། ། རང་ངོ་རང་གིས་ཤེས་པར་བྱིན་གྱིས་རློབས། ། ཉེར་ཐོབ་ཐམས་ཅད་སྟོང་བཞིའི་དུས་སུ་གློག་གི་རྗེས་འགྲོ་བའི། ། ཚངས་པའི་མེ་ཡིས་རི་བོང་ཅན་བཞུས་ཏེ། ། ལྷན་སྐྱེས་བདེ་སྟོང་སྦྱར་བའི་ཡེ་ཤེས་ལ། ། རྩེ་གཅིག་མཉམ་པར་འཇོག་པར་བྱིན་གྱིས་རློབས། ། དེ་ལས་ལངས་ཚེ་འཆི་བའི་འོད་གསལ་གྱི། ། རླུང་སེམས་ཙམ་ལས་མཚན་དཔེའི་དཔལ་འབར་བ། ། བར་དོ་ལོངས་སྤྱོད་རྫོགས་པའི་སྐུར་བཞེངས་ནས། ། སྒྱུ་མའི་ཏིང་འཛིན་རྫོགས་པར་བྱིན་གྱིས་རློབས། ། གལ་ཏེ་ལས་ཀྱིས་བར་དོ་གྲུབ་གྱུར་ན། ། འཕྲལ་དུ་བརྟགས་པས་སྐྱེ་འཆི་བར་དོ་ཡི། ། སྡུག་བསྔལ་བདེན་པར་མེད་པའི་ཚུལ་རྟོགས་ནས། ། འཁྲུལ་སྣང་དག་པར་འཆར་བར་བྱིན་གྱིས་རློབས། ། འབྱུང་བ་ལོག་པའི་དགྲ་བཞི་འཇིགས་སྣང་གསུམ། ། མ་ངེས་རྟགས་རྣམས་སྣ་ཚོགས་ཤར་བའི་ཚེ། ། ཕྱི་ནང་གསང་བ་བསྒྱུར་བའི་རྣལ་འབྱོར་གྱིས། ། རྣམ་དག་ཞིང་དུ་སྐྱེ་བར་བྱིན་གྱིས་རློབས། ། མཁའ་སྤྱོད་རིག་པ་འཛིན་པའི་རྟེན་མཆོག་གམ། ། ཚངས་སྤྱོད་བསླབ་གསུམ་ལྡན་པའི་ལུས་བཟུང་སྟེ། ། རིམ་གཉིས་ལམ་གྱི་རྟོགས་པ་མཐར་ཕྱིན་ནས། ། སྐུ་གསུམ་མྱུར་དུ་ཐོབ་པར་བྱིན་གྱིས་རློབས། ། ཞེ་ཅེས་བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་འཇིགས་སྒྲོལ་གྱི་དཔའ་བོ་ཞེས་བྱ་བ་འདི་ཡང་། ། དོན་གཉེར་བ་འགའ་ཞིག་གིས་བསྐུལ་བའི་དོན་དུ། ། མདོ་རྒྱུད་དམ་པའི་མན་ངག་བཞིན་དུ་ཤཱཀྱའི་བཙུན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས། ། ཆོས་གྲྭ་ཆེན་པོ་དཔལ་ལྡན་འབྲས་སྤུངས་ཀྱི་གཟིམས་ཁང་དུ་སྦྱར་བ་འདི་ཉིད་སྣོད་མིན་དང་སྔགས་བླ་མེད་ཀྱི་དབང་མ་ཐོབ་པ་རྣམས་ལ་གསང་བར་བྱ་བ་ཁོ་ན་ཡིན་ཅིང་། རང་ཉིད་ཡི་དམ་གང་ལ་བྱེད་པ་དེའི་གསོལ་འདེབས་ཀྱི་མཇུག་ཏུ་སྦྱར་བས་ཆོག་ཅིང་། ། དོན་དྲན་བཞིན་པས་ཉམས་སུ་བླངས་ན་འཆི་གའི་གདམས་པའི་རྒྱལ་པོར་འགྱུར་རོ། །

 

༄༅། །བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་འཇིགས་སྒྲོལ་གྱི་དཔའ་བོའི་འགྲེལ་བ་བཞུགས་སོ།།

                                                                         ༄༅། ། གང་ལ་བརྟེན་པས་ཚེ་འདི་ཉིད་ལ་ཡང་། ། 

                                                                                   ཟུང་འཇུག་བདེ་བ་ཆེན་པོ་སྩོལ་མཛད་པའི། ། 

                                                                                   ཁྱབ་བདག་བླ་མ་རྡོ་རྗེ་སེམས་དཔའ་ལ། ། 

                                                                                   བཏུད་ནས་ཟབ་མོའི་གདམས་པ་འགྲེལ་བ་བྱ། ། 

             དེ་ལ་འདིར་རྗེ་བདག་ཉིད་ཆེན་པོའི་གསང་བའི་གདམས་པ་མ་ལུས་པའི་མཛོད་འཛིན་ཅིང་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་ཡོངས་རྫོགས་བསྟན་པའི་མངའ་བདག་༧ པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོས་མཛད་པའི་བར་དོ་འཕྲང་སྒྲོལ་གྱི་གསོལ་འདེབས་འཇིགས་སྒྲོལ་གྱི་དཔའ་བོ་ཞེས་བྱ་བ་འདི་ཉིད་ཉམས་སུ་ལེན་པའི་རིམ་པ་གོ་བདེ་བར་བརྗོད་པ་ལ། ཐོག་མར་ཀུན་སློང་བཅོས་ཏེ་སྐྱབས་འགྲོ་སེམས་བསྐྱེད་ཀྱིས་རྒྱུད་དག་པར་བྱ་བ་དང་། འཇིགས་གསང་བདེ་གསུམ་སོགས་རྣལ་འབྱོར་བླ་མེད་ཀྱི་ཡི་དམ་གྱི་ལྷ་གང་ཡང་རུང་བ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་ཡན་ལག་བདུན་པ་མཎྜལ་དང་བཅས་པ་སྔོན་དུ་བཏང་ནས་བླ་མ་ཡི་དམ་དབྱེར་མེད་ལ་གདུང་ཤུགས་དྲག་པོས་དོན་དྲན་བཞིན་པའི་སྒོ་ནས་གསོལ་བ་འདེབས་པ་འོག་ནས་འབྱུང་བ་ལྟར་བྱ་བ་དང་། སྐབས་གཞན་དུ་དཀྱིལ་འཁོར་གྱི་འཁོར་ལོ་བསྒོམ་པ་དང་འབྲེལ་བའི་ཚེ་བདག་བསྐྱེད་ཀྱི་གཏོར་མགྲོན་གྱི་མཇུག་གམ། མདུན་བསྐྱེད་ཀྱི་མཆོད་བསྟོད་ཀྱི་མཇུག་ཏུ་བྱས་རུང་བས་སྐབས་དང་སྦྱར་བར་བྱའོ། ། དངོས་གཞི་གསོལ་འདེབས་ལ། སྔོན་འགྲོ་ཐུན་མོང་བའི་ལམ་དང་སྦྱར་བ་དང་། བར་དོའི་གདམས་པ་དབ་བྱྲ་་དང་། སྐྱེ་སྲིད་འཛིན་པའི་གདམས་པ་དང་སྦྱར་བ་དང་བཞི། དང་བོ་ལ། ཚིགས་སུ་བཅད་པ་གསུམ་ལས། 

      དང་བོ་ནི། ༈ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། ཞེས་པ་ནི། བླ་མ་དང་ལྷག་པའི་ལྷ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་བ་དང་། ཞེས་པ་ནི། བླ་མ་དང་ལྷག་པའི་ལྷ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་བ་དང་། མཆོད་པར་བརྗོད་པའོ། ། དུས་གསུམ་གྱི་བདེ་གཤེགས་ཏེ་སངས་རྒྱས་དང་ཆོས་དང་དགེ་འདུན་ཏེ་སྐྱབས་ཡུལ་མ་ལུས་པ་ལ་རང་དང་མཁའ་མཉམ་གྱི་དྲིན་ཅན་འགྲོ་བ་མ་ལུས་པས་འཁོར་བ་སྤྱི་དང་བྱེ་བྲག་གི་སྡུག་བསྔལ་ལས་འཇིགས་པའི་བློ་ཤུགས་དྲག་པོ་དང་། བླ་མ་དཀོན་མཆོག་གསུམ་ལ་དེ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་པའི་བློ་བཅོས་མ་མ་ཡིན་པ་གཉིས་ཀྱི་སྒོ་ནས་བདག་དང་མཁའ་མཉམ་འགྲོ་བ་མ་ལུས་པ་རྣམས་འདི་ཕྱི་བར་དོའི་འཇིགས་པ་ལས་སྐྱོབ་ཏུ་གསོལ་སྙམ་པའི་བློ་ལིང་བསྒྱུར་བའི་བསམ་པ་དུས་ད་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་མི་ལྡོག་པའི་ཞེ་དམ་བཅའ་བ་ནི་སྐྱབས་འགྲོའི་ཆོས་སྐོར་དང་། 

     གཉིས་པ་ནི། དལ་འབྱོར་གྱི་ཆོས་བཅོ་བརྒྱད་དང་ལྡན་པའི་རྟེན་བཟང་བོ་རྒྱུ་ངོ་བོ་དཔེ་གང་གི་སྒོ་ནས་ཀྱང་རྙེད་པར་པར་དཀའ་ཞིང་འཇིག་རྟེན་ཤིན་ཏུ་མང་བས་རླུང་དམར་གྱི་ནང་གི་མར་མེ་བཞིན་འཇིག་པར་སླ་ལ། ད་རེས་སྟེང་དབང་ཙམ་གྱིས་ཐོབ་པ་འདི་ནི། ད་ཕྱིན་ཆད་རང་ལ་མངོན་མཐོ་ངེས་ལེགས་ཀྱི་ཁེ་ཞིག་ཐོབ་པར་བྱེད་དམ་ངན་འགྲོའི་སྡུག་བསྔལ་ལྟ་བུའི་ཉེན་ཞིག་ཡོང་བ་གང་བྱེད་ཀྱི་སྐྱིད་སྡུག་འདམ་ག་རང་དབང་ཡོད་པའི་སྐབས་ཡིན་པས་ཕྱུགས་ཀྱིས་བསྒྲུབ་ནང་མི་དཀོན་པའི་མནོག་ཆུང་ཚེ་འདིའི་སྙན་གྲགས་ལོངས་སྤྱོད་སོགས་དོན་མེད་ཀྱི་བྱ་བས་ནམ་ཡང་མི་གཡེང་བར་ནམ་ཞིག་གཏན་གྱི་འདུན་མ་བསྒྲུབ་པའི་དོན་ཆེན་པོ་དང་ལྡན་པའི་ཐེག་པ་ཆེན་པོའི་དམ་ཆོས་བསྒྲུབ་པའི་སྒོ་ནས་སྙིང་བོ་རྣམ་དག་ལེན་པར་བྱིན་གྱིས་རློབས་ཞེས་དལ་འབྱོར་དོན་ཆེ་རྙེད་དཀའི་ཆོས་སྐོར་དང་། 

    གསུམ་པ་ནི། ཚོང་འདུས་ཀྱི་མགྲོན་པོ་བཞིན་དུ་གཉེན་ཉེ་དུ། གྲོགས་མཛའ་དགའ་འདུས་པ་རྣམས་དང་མཐར་དབང་མེད་དུ་འབྲལ། སྦྲང་མའི་སྦྲང་རྩི་བཞིན་དུ་ལོངས་སྤྱོད་བསགས་པ་རྣམས་ཀྱང་མཐར་མཛད་པར་མ་ཟད་རང་གིས་ལོངས་སྤྱོད་པའི་ངེས་པ་མེད། བྱིས་པས་གནམ་དུ་འཕངས་པའི་མདའ་བཞིན་དུ་སྲིད་པའི་དཔལ་འབྱོར་གྱི་གོ་ས་མཐོན་པོ་ཐོབ་ཅིང་མཐར་རྒུད་པ་ལས་མ་འདས། ལྷན་གཅིག་སྐྱེས་ཤིང་གཅེས་པར་བསྐྱངས་པའི་ལུས་འདི་ཉིད་ཀྱང་མཐའ་མར་འཆི་བདག་གིས་བཅོམས་པའི་ཚེ། འབྲོག་སྟོང་བཞིན་དུ་བསྐྱུར་ནས་རྣམ་ཤེས་གཅིག་པོ་ཕྱད་དེ་འགྲོ་དགོས། དེ་ལྟར་འཆི་བར་མ་ཟད་ལོ་ཟླ་ཞག་དུས་ནམ་འཆི་ལ་ངེས་པ་མེད་པས་དེ་རིང་ཙམ་ཡང་མི་འཆི་བའི་གདེངས་མེད། དེས་ན་ཀ་ཅའི་སོག་རུམ་དང་དགྲ་འདུལ་གཉེན་སྐྱོང་གི་འདི་སྣང་གི་བྱ་བ་མཐའ་དག་རྒྱབ་ཏུ་བསྐྱུར་བའི་ལོང་མེད་རྒྱུད་ལ་སྐྱེས་ནས་མྱུར་བ་མྱུར་བར་དམ་ཆོས་ཁོ་ན་བསྒྲུབ་པར་བྱིན་གྱིས་རློབས་ཞེས་པ་ནི་མི་རྟག་པའི་ཆོས་སྐོར་བསྟན་པ་ཡིན་ལ། འདི་ཡན་གྱིས་ཀྱང་འཆི་བའི་གདམས་ངག་གི་སྔོན་འགྲོ་བློ་སྦྱོང་ཚུལ་བསྟན་པ་ཡིན་ནོ། ། གཉིས་པ་འཆི་ཁའི་གདམས་པ་དང་སྦྱར་བ་ལ་གཉིས།ལམ་བསྒོམ་པའི་བགེགས་བསལ་ཏེ་ཆོས་མཐུན་གྱི་བློ་སྣ་བསྐྱེད་པ་དང་། འཆི་ཁ་མའི་གདམས་པ་སྒོམ་ཚུལ་དངོས་སོ། ། 

            དང་བོ་ལ་ཚིགས་བཅད་བཞི་ལས། དང་བོ་ནི། གཟུང་བ་ཡུལ་དང་། འཛིན་པ་ཤེས་པ་ལ་བདེན་པར་ཞེན་པའི་གཉིས་སུ་སྣང་བའི་རྣམ་རྟོག་གིས་བསྐྱེད་པའི་འདི་སྣང་འཁྲུལ་བའི་སྲིད་པ་དྲི་ཟའི་གྲོང་ཁྱེར་འདིར་མི་གཙང་བ་ཕ་མའི་ཁུ་ཁྲག་གི་ཆ་ཤས་ལས་གྲུབ་པའི་ས་ཆུ་མེ་རླུང་གི་འབྱུང་བ་བཞི་འདུས་པའི་སྒྱུ་མའི་ཕུང་བོ་འདི་དང་རང་གི་རྣམ་པར་ཤེས་པ་གཉིས་མ་རུང་ས་འཆི་བ་བདག་གི་ཕྲ་མས་ཕྱེ་སྟེ་འབྲལ་བར་ཉེ་བའི་ཚེ། འཆི་རྐྱེན་ཕྱི་ནང་གི་གནོད་པ་ནད་མཚོན་དུག་ལ་སོགས་པ་སྣ་ཚོགས་ཀྱི་དབང་གིས་འབྱུང་བ་འཁྲུགས་ཏེ་ལུས་ཀྱི་གནད་རླུང་དང་ཁམས་དང་སྲོག་གི་རྟེན་རྩ་གནས་རྣམས་འགགས་ཤིང་གཅོད་པའི་ཟུག་གཟེར་དྲག་པོ་མི་འབྱུང་བར་སྡུག་བསྔལ་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་པ་སྟེ། འཆི་ཁར་གནད་གཅོད་ཀྱི་སྡུག་བསྔལ་ཆེ་ན་གདམས་པ་ཉམས་སུ་ལེན་པའི་བགེགས་བྱེད་པས་དེ་ཞི་བའི་དོན་དུ་གསོལ་བ་འདེབས་པའོ། ། 

           གཉིས་པ་ནི། སྡིག་སྡུག་གཏམ་ངན་ལ་མ་འཛེམས་པར་ལྟོ་གོས་གསུམ་གྱིས་གཅེས་པར་བསྐྱངས་པའི་ལུས་ཀྱིས་ཐར་མེད་ཀྱི་འཕྲང་ལ་ཐུག་པའི་དགོས་དུས་བསླུས་ཏེ་སོ་སོར་བྲལ་ཞིང་། བཟོད་པར་དཀའ་བའི་འཇིགས་རུང་གཤིན་རྗེའི་གཟུགས་སྣ་ཚོགས་མངོན་དུ་གྱུར་པའི་ཚེ་ལུས་འདི་ལ་ཆགས་པ་དང་འཇིགས་པ་དང་སྡུག་བསྔལ་མི་བཟོད་པའི་ཞེ་སྡང་དང་སྣང་ཚད་བདེན་པར་འཛིན་པའི་གཏི་མུག་སྟེ་དུག་གསུམ་གྱི་མཚོན་གྱིས་རང་སྲོག་རང་གིས་གཅོད་པ་ལ་ཐུག་པའི་ཚེ། མི་དགེ་བའི་རྣམ་རྟོག་གིས་བསྐྱེད་པའི་ཡུལ་ཡིད་དུ་མི་འོང་བའི་སྣང་བ་དང་། དེ་དག་ལ་བདེན་པར་ཞེན་པའི་ཡུལ་ཅན་གྱི་འཁྲུལ་སྣང་མཐའ་དག་ཞི་བར་བྱིན་གྱིས་རློབ་ཞེས་པ་སྟེ། འཆི་ཁར་འཁྲུལ་སྣང་དེ་དག་ལ་བདེན་པར་ཞེན་ནས་འཇིགས་སྐྲག་གི་དབང་དུ་སོང་ན་གདམས་པ་བསྒོམ་པ་ལ་བགེགས་བྱེད་པས་དེ་ཞི་བའི་དོན་དུ་གསོལ་བ་འདེབས་པའོ། 

             གསུམ་པ་ནི། ནད་ལ་སོགས་པ་ལ་ཕན་པར་རེ་བའི་སྨན་པ་རྣམས་ཀྱིས་བོར་ཞིང་རིམ་གྲོ་སྣ་ཚོགས་ཀྱིས་ཀྱང་འཆི་བའི་འཇིགས་པ་བཟློག་ཏུ་མེད་པ་དང་། ཕ་མ་ལ་སོགས་པའི་གཉེན་རྣམས་ཀྱང་རང་ཉིད་གསོན་དུ་རེ་བའི་རེ་ཐག་ཆད་དེ་མིག་མཆི་མས་གང་བཞིན་དུ་ཤི་དགེ་དུར་འདེབས་ཀྱི་གཤོམ་ར་འདིང་བ། རང་ཉིད་ཀྱང་འཇིགས་སར་སྐྱེལ་མས་བོར་བ་བཞིན་དུ་ཅི་བྱ་གཏོལ་མེད་པར་གྱུར་པའི་ཚེ་ཡ་ང་བ་དང་བག་ཚ་བ་སྤངས་ཏེ་འཆི་བ་ལམ་དུ་བྱེད་པའི་གདེངས་དང་ལྡན་པའི་སྒོ་ནས་བླ་མའི་གདམས་ངག་དྲན་པར་བྱིན་གྱིས་རློབས་ཞེས་པ་སྟེ། དེའི་ཚེ་འཇིགས་སྐྲག་དང་བརྗེད་ངེས་ལ་སོགས་པས་བགེགས་མི་བྱེད་པར་གདམས་ངག་བསྒོམ་ནུས་པའི་དོན་དུ་གསོལ་བ་འདེབས་པའོ། ། 

           བཞི་བ་ནི། རང་གིས་སེར་སྣས་བསགས་པ་དང་བསྲུང་བའི་དོན་དུ་འབད་འབད་དུང་དུང་བྱས་པའི་ནོར་རྫས་ཁང་ཁྱིམ་མངའ་ཐང་ཐམས་ཅད་ཤུལ་དུ་ལུས། ཅུང་ཟད་ཙམ་ཡང་འབྲལ་བར་མི་ཕོད་པའི་ཕ་མ་འཁོར་སློབ་ལ་སོགས་པའི་བརྩེ་ཞིང་གདུང་བའི་གཉེན་རྣམས་དང་། སླར་འཕྲད་དུ་མེད་པའི་གཏན་བྲལ་དུ་བྱས། སྔར་འགྲོ་མ་མྱོང་ཞིང་རྒྱུས་མེད་པར་མ་ཟད་འཇིགས་པ་དང་སྡུག་བསྔལ་ཇི་ལྟར་ཡོད་མི་ཤེས་པའི་ཉམ་ང་བའི་བར་དོའི་གནས་སུ་རང་ཉིད་གཅིག་པུ་གྲོགས་མེད་པར་ལས་ཀྱི་རླུང་གིས་དབང་མེད་དུ་ཁྱེར་ནས་འགྲོ་བའི་ཚེ། དེ་ལ་བག་ཚ་བ་དང་ཡ་ང་བའི་སྣང་བ་ཅུང་ཟད་ཀྱང་མེད་པར་བུ་ཕ་ཁྱིམ་དུ་འགྲོབ་བཞིན་དུ་བླ་མ་ཡི་དམ་དཀོན་མཆོག་གསུམ་ལ་རེ་ལྟོས་འཆའ་ཞིང་ཡིད་ཉམས་དགའ་ལ་བག་ཕེབས་པའི་སྤྲོ་བའི་གདེངས་དང་ལྡན་པར་བྱིན་གྱིས་རློབས་ཞེས་པ་སྟེ། འཆི་བའི་སྐབ་ཀྱི་སྣང་བ་དེ་དག་ཐམས་ཅད་སྔར་གྱི་ལམ་བསྒོམ་པའི་གསལ་འདེབས་དང་འཆི་ཁའི་དགེ་སྦྱོར་གྱི་བསྐུལ་མ་ཤེས་ནས་ཡིད་ལ་དགའ་བ་རྒྱས་པའི་དོན་དུ་གསོལ་བ་འདེབས་པའོ། ། གཉིས་པ་འཆི་ཁ་མའི་གདམས་པ་བསྒོམ་ཚུལ་དངོས་ལ། ཚིགས་བཅད་དྲུག་ལས།          དང་པོ་ནི། ལུས་ས་ཁམས་ཀྱི་རྟེན་བྱེད་པའི་རླུང་གི་ནུས་པ་ཉམས་ནས་ཆུ་ཁམས་ལ་ཐིམ་པའི་ཚེ། ཕྱི་རྟགས་སུ་ལུས་ཀྱི་སྟོབས་ཤོར་ཏེ་ང་འཐེན་ཟེར་ཞིང་ས་ལ་བྱིང་བ་སྙམ་བྱེད་པ་དང་། དེ་བཞིན་དུ་ཆུ་ཁམས་མེ་ལ་ཐིམ་པའི་ཚེ་ཕྱི་རྟགས་སུ་ཁ་ཆུ་སྣ་ཆུ་སྐམ་ཞིང་མཆུ་བརྫེས་པ་སོགས་འབྱུང་བ་དང་། མེ་ཁམས་རླུང་ལ་ཐིམ་པའི་ཕྱི་རྟགས་སུ་ལུས་ཀྱི་དྲོད་མཐའ་ནས་སྙིང་གར་སྡུད་ཅིང་བཀྲག་མདངས་ཡལ་བ་དང་། རླུང་ཁམས་རྣམ་ཤེས་ཐིམ་པའི་ཕྱི་རྟགས་སུ་དབུགས་ཀྱི་རྒྱུ་བ་བརྩེགས་ཤིང་ནང་དུ་རྩུབ་པར་སྡུད་ལ་ངར་སྒྲ་འབྱིན་པ་སོགས་འབྱུང་བས་དེ་དག་གི་ཚེ་མི་དགེ་བའི་རྣམ་རྟོག་མི་རྒྱུ་བར་སྐྱབས་འགྲོ་དང་གཏོང་ལེན་གྱི་སྒོ་ནས་བྱང་ཆུབ་ཀྱི་སེམས་སྦྱོང་བ་སོགས་དགེ་སེམས་སྤྱི་དང་ཁྱད་པར་དུ་བླ་མ་ཡི་དམ་དབྱེར་མེད་དུ་བསྒོམ་པ་དང་རང་དང་སྣོད་བཅུད་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་གསལ་འདེབས་པ་སོགས་དགེ་སེམས་སྟོབས་ལྡན་སྐྱེ་བར་བྱིན་གྱིས་རློབས་ཞེས་པའོ། །       གཉིས་པ་ནི། ལུས་ཀྱི་འབྱུང་བ་རྣམས་ཀྱི་ནུས་པ་ཉམས་པར་བརྩོན་པ་ནི་མི་དགེ་བ་བྱེད་པ་རྣམས་ལ་ཡིད་དུ་མི་འོང་བའི་གཟུགས་སྒྲ་སོགས་འཇིགས་སྐྲག་དུ་མ་སྣང་བ་དང་། དགེ་བ་བྱེད་པ་རྣམས་ཡིད་དུ་འོང་བའི་གཟུགས་སྒྲ་སོགས་འཁྲུལ་སྣང་སྣ་ཚོགས་དང་། རྣལ་འབྱོར་བ་ལམ་ལ་བགྲོད་པ་རྙེད་པ་རྣམས་ལ་བླ་མ་ཡི་དམ་མཁའ་འགྲོ་སོགས་ཀྱིས་ལྟས་ངོ་མཚར་བ་དང་བཅས་བསུ་བ་སོགས་ཀྱི་སྣང་བ་འབྱུང་ཞིང་། ཁྱད་པར་དུ་ས་ཆུ་ལ་ཐིམ་པའི་ནང་རྟགས་སུ་སྨིག་རྒྱུ་ལྟ་བུ་དང་། ཆུ་མེ་ལ་ཐིམ་པའི་ནང་རྟགས་སུ་དུ་བ་ལྟ་བུ་དང་། མེ་རླུང་ལ་ཐིམ་པའི་ནང་རྟགས་སུ་མཁའ་སྣང་མེ་ཁྱེར་འདྲ་བའི་སྣང་བ་འཆར་ཞིང་། དེའི་མཇུག་ཐོགས་སུ་སྣང་བའི་རང་བཞིན་གྱི་རྟོག་པ་བཞི་བཅུ། མཆེད་པའི་རང་བཞིན་གྱི་རྟོག་པ་སོ་གསུམ། ཉེར་ཐོབ་ཀྱི་རང་བཞིན་གྱི་རྟོག་པ་བདུན་ཏེ་ཀུན་རྟོག་བརྒྱད་ཅུའི་བཞོན་པར་གྱུར་པའི་ལས་རླུང་གི་རྒྱུ་བ་རྣམས་ཇེ་ཞན་ཇེ་ཞན་དུ་སོང་ནས་འགགས་པར་འགྱུར་ལ། དེའི་ཚེ་སྐྱེ་འཆི་སྲིད་པའི་འཁོར་ལོ་ཐམས་ཅད་དང་། ཁྱད་པར་དུ་སྣང་བ་འདི་དག་ཐམས་ཅད་དང་སེམས་རྣམ་རྟོག་འཁྲུལ་བས་ཕར་བཏགས་པ་ཙམ་ཡིན་གྱི་དོན་དམ་པར་ན་འཆི་བ་ཞེས་བྱ་བའི་མིང་ཙམ་ཡང་མེད་དོ་སྙམ་དུ་ཐག་སྤད་ཀྱིས་བཅད་པའི་གནས་ལུགས་ཟབ་མོའི་རྟོག་པ་སྐྱོང་ནུས་པར་བྱིན་གྱིས་རློབས་ཞེས་པའོ། །       གསུམ་པ་ནི། དེ་ནས་རླུང་གི་རྒྱུ་བ་ཁམས་ཤིན་ཏུ་ཞན་པར་གྱུར་ནས། རྣམ་པར་ཤེས་པའི་ཁམས་ཕྲ་མོ་ལ་ཐིམ་པར་བརྩོན་པ་ན་ཕྱི་རྟགས་སུ་དབུགས་ཀྱི་རྒྱུ་བ་འབྱུང་རྡུབ་མི་བྱེད་པར་རྒྱུན་ཆད་པར་འགྱུར་ལ། ནང་རྟགས་སུ་ཕྱི་གཟུང་བའི་རྣམ་པ་ནང་འཛིན་པ་ཤེས་པ་ལས་རྒྱང་ཆད་ལྟ་བུར་སྣང་བའི་གཉིས་སྣང་རགས་པ་མཐའ་དག་ཐིམ་པར་གྱུར་ནས་མར་མེ་འབར་བ་རླུང་གིས་མ་བསྐྱོད་པ་འདྲ་བའི་སྣང་བ་འཆར་བ་འབྱུང་ལ། དེའི་ཚེ་སེམས་ཀྱི་ཀུན་རྫོབ་པའི་ངོ་བོ་གསལ་རིག་གི་རྣམ་པ་རྗེན་པར་འབྱུང་ཞིང་གོང་དུ་བཤད་པའི་ཕྱི་ནང་གི་རྟགས་དེ་དག་ཐམས་ཅད་ཀྱི་ཚེ་འདི་དང་འདིའི་རྟགས་ཡིན་པར་ངོ་ཤེས་པར་བྱེད་སྙམ་པའི་དྲན་པ་དང་། དེ་ཉིད་སྔར་གྱི་རིམ་གཉིས་ཀྱི་ལམ་འཁྱེར་བསྒོམ་པའི་གསལ་འདེབས་སུ་གྱུར་མ་གྱུར་རྟོགས་པའི་ཤེས་བཞིན་ཤུགས་དྲག་པོ་སྐྱེ་བར་བྱིན་གྱིས་རློབས་ཞེས་པའོ།         བཞི་བ་ནི། དེ་ནས་རླུང་རྣམས་རྣམ་པར་ཤེས་པ་ཕྲ་མོ་སྣང་བ་ལ་ཐིམ་པའི་སྟོང་སང་དཀར་ལམ་པའི་སྣང་བ་དང་། སྣང་བ་མཆེད་པ་ལ་ཐིམ་པའི་མཆེད་པ་རང་དུས་སུ་སྟོན་གནམ་གཡའ་དག་ལ་ཉི་འོད་ཀྱིས་ཁྱབ་པ་ལྟ་བུའི་དམར་ལམ་པའི་སྣང་བ་དང་། མཆེད་པ་ཉེར་ཐོབ་ལ་ཐིམ་པའི་ཉེར་ཐོབ་རང་དུས་སུ་སྟོན་གནམ་གཡའ་དག་ལ་སྲོད་སྨག་འཐུག་པོས་ཁྱབ་པ་ལྟ་བུའི་ནག་ལམ་པའི་སྣང་བ་འབྱུང་ཞིང་། དེ་ལྟར་སྣང་བ་གསུམ་སྔ་མ་ཕྱི་མ་ལ་རིམ་གྱིས་ཐིམ་པའི་རྟགས་འབྱུང་བའི་ཚེ་སྲིད་པ་ལ་འཁོར་བ་དང་། ཞི་བ་མྱང་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་ཡུལ་སྟོང་བ་ཉིད་དང་ཡུལ་ཅན་ལུས་ལ་གནད་དུ་བསྣུན་པའི་ཐབས་ལ་བརྟེན་ནས་བྱུང་བའི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་གཉིས་ངོ་བོ་དབྱེར་མེད་དུ་སྦྱོར་བའི་རྟོགས་པ་ཁྱད་པར་ཅན་གྱི་རྣལ་འབྱོར་གྱིས་རང་གི་སེམས་ཀྱི་ངོ་བོ་སྟེ་གནས་ལུགས་ཇི་ལྟ་བ་བཞིན་དུ་རང་གི་ཉམས་མྱོང་གིས་ཤེས་ནུས་པར་བྱིན་གྱིས་རློབས་ཞེས་པའོ།       ལྔ་བ་ནི། དེ་ནས་ཉེར་ཐོབ་ཀྱི་སེམས་ཕྲ་མོ་དེ་ཉིད་ཐམས་ཅད་སྟོང་བ་འོད་གསལ་དུ་ཐིམ་པར་གྱུར་པ་ལས། གཅིག་དང་ཐ་དད་ལ་སོགས་པ་དོན་སྣ་ཚོགས་འཛིན་པའི་ཀུན་རྟོག་གི་སྤྲོས་པ་མཐའ་དག་འགགས་ནས་ཞི་བར་གྱུར་ཞིང་ནམ་མཁའི་རང་མདོག་ཇི་ལྟ་བ་བཞིན་དུ་ཐོན་པ་ལ་བགེགས་བྱེད་པའི་སློད་བྱེད་ཀྱི་རྐྱེན་ཟླ་ཉིའི་འོད་ཟེར་དང་། སྨག་འཐུག་པོ་གསུམ་དང་བྲལ་བའི་སྟོན་གྱི་ནམ་མཁའ་གཡའ་དག་པ་སྟོང་སང་ངེ་བ་ལྟ་བུའི་ཉམས་འཆར་ལ། དེའི་ཚེ་གཞིའི་འོད་གསལ་གཉུག་མ་ལྷན་ཅིག་སྐྱེས་པའི་སེམས་ཀྱི་ངོ་བོ་ཇི་ལྟ་བ་བཞིན་མངོན་དུ་གྱུར་པ་ནི། མའི་འོད་གསལ་དང་། བླ་མའི་གདམས་ངག་བསྒོམས་པ་ལ་བརྟེན་ནས་སེམས་དེ་ཉིད་ལམ་གྱི་འོད་གསལ་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོས་སྟོང་ཉིད་ཕྲ་མོ་རྟོགས་པའི་ཡེ་ཤེས་སུ་བསྐྱེད་པ་ནི། བུའི་འོད་གསལ་ཡིན་ལ། དེ་ཉིད་ངོ་བོ་གཅིག་ཏུ་སྦྱོར་བ་ནི་འོད་གསལ་མ་བུ་འཕྲོད་པ་ཡིན་པས། དེ་ལྟར་བྱེད་ནུས་པར་བྱིན་གྱིས་རློབས་ཞེས་པའོ། །            དྲུག་པ་ནི། དེ་ལྟར་སྟོང་བ་བཞི་ག་དང་། ཁྱད་པར་ཐམས་ཅད་སྟོང་བ་འོད་གསལ་གྱི་དུས་སུ་སུམ་མདོ་གྲུ་གསུམ་ན་གནས་པའི་ཚངས་པའི་མེ་སྟེ་གཏུམ་མོའི་མེ་དེ་ཉིད་གཞི་ལམ་གྱི་རྣལ་འབྱོར་སྟོབས་ཀྱིས་གློག་གི་རྗེས་མཐུན་ཏེ་གློག་འཁྱུག་པ་ལྟར་གྱེན་དུ་འབར་ནས་རྩ་དབུ་མའི་ལམ་བརྒྱུད་དེ་ཡར་སོང་བས་སྤྱི་བོའི་རི་བོང་ཅན་ཏེ་བྱང་སེམས་དཀར་པོ་བཞུས་ཏེ་ངྷཱུ་ཏཱིའི་ལམ་ནས་བབས་པ་ལས་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོ་བསྐྱེད་ལ་དེ་དང་སྟོང་བ་ཉིད་ཕྲ་མོ་ངོ་བོ་དབྱེར་མེད་དུ་སྦྱོར་བའི་ཡེ་ཤེས་ལ་མ་གཡེངས་པར་རྩེ་གཅིག་ཏུ་མཉམ་པར་འཇོག་པར་བྱིན་གྱིས་རློབས་ཞེས་པའོ། ། སྔར་བཤད་པའི་འཆི་ཁ་མའི་གདམས་པ་དེ་རྣམས་ད་ལྟ་ནས་ཡང་དང་ཡང་དུ་ཡིད་ལ་འདྲིས་པར་བྱ་བ་དང་། འཆི་ཁར་དེ་ལྟར་བསྒོམ་པར་བྱའོ་སྙམ་པའི་འཕེན་པ་ཡང་ཡང་གཏོང་བ་དང་། དེའི་ཆེད་དུ་བླ་མ་ལྷ་ལ་གསོལ་བ་ཤུགས་དྲག་འདེབས་པ་རྣམས་གསུམ་བསྒྲིལ་དུ་ཉིན་རེ་བཞིན་མ་ཆག་པར་ཉམས་སུ་ལེན་པ་ནི། འཆི་ཁར་ཕན་པའི་གདམས་པའི་རྒྱལ་བོ་ཡིན་པར་རྗེ་བདག་ཉིད་ཆེན་པོས་གསུངས་ཤིང་། འདི་འོག་གི་བར་དོའི་གདམས་པ་ལའང་འདྲའོ། ། གསུམ་པ་བར་དོའི་གདམས་པ་དང་སྦྱར་བ་ནི། ཚིགས་བཅད་གསུམ་གྱིས་སྟོན་ཏེ།       དང་བོ་ནི། དེ་ལྟར་འཆི་བ་འོད་གསལ་གྱི་རླུང་སེམས་དེ་ཉིད་རླུང་གིས་གཡོས་ཏེ་མཉམ་བཞག་དེ་ལས་ལངས་པའི་ཚེ་འཆི་བ་འོད་གསལ་གྱི་བཞོན་པར་གྱུར་བའི་རླུང་གིས་ཉེར་ལེན་དང་། འོད་གསལ་གྱི་སེམས་དེ་ལྷན་ཅིག་བྱེད་རྐྱེན་བྱས་པ་ཙམ་ལས་ཤ་རུས་གདོས་བཅས་ཀྱི་ལུས་རགས་པ་མ་ཡིན་པར་དྭངས་ཤིང་ཐོགས་པ་མེད་པའི་འཇའ་ལུས་རླུང་སེམས་ཙམ་གྱི་རང་བཞིན་ཅན་མཚན་བཟང་སོ་གཉིས་དང་དཔེ་བྱད་བརྒྱད་ཅུའི་དཔལ་འབར་བའི་སྐུ་སྟེ། དེ་ཡང་སེམས་ཅན་ཐ་མལ་བ་ལ་བར་དོ་འོང་རྒྱུའི་དོད་ལ། གཞིའི་འཆི་བ་འོད་གསལ་ལམ་གྱི་དཔེའི་འོད་གསལ་གྱི་ངོ་བོར་བསྐྱེད་ནུས་པའི་རྣལ་འབྱོར་བ་འདི་ལ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མ་དག་པའི་སྒྱུ་མའི་སྐུར་བཞེངས་པ་འབྱུང་ཞིང་། དེ་ལྟ་བུའི་སྔགས་བླ་མེད་ཀྱི་རང་ལམ་གྱི་སྒྱུ་མ་ལྟ་བུའི་ཏིང་འཛིན་རྫོགས་པར་བྱིན་གྱིས་རློབས་ཞེས་པ་སྟེ། འདི་ནི་ཚེ་འདིར་སེམས་དབེན་མན་ཆད་ཀྱི་རྫོགས་རིམ་གྱི་རྟོགས་པ་ཐོབ་པའི་རྣལ་འབྱོར་བ་གཅིག་གི་དབང་དུ་བྱས་པ་ཡིན་ནོ། །    གཉིས་པ་ནི། གལ་ཏེ་ཚེ་འདིར་རྫོགས་རིམ་གྱི་རྟོགས་པ་སྔ་མ་ལྟ་བུ་མ་ཐོབ་པའི་ལས་དབང་གིས་སྲིད་པ་བར་དོའི་ལུས་རང་དགའ་བ་གྲུབ་པར་གྱུར་ན་འཕྲལ་དུ་སྟེ་དེ་མ་ཐག་ཏུ་ལེགས་པར་བརྟགས་ལ་རང་གིས་བར་དོ་འགྲུབ་པ་དེ་ཤེས་པར་བྱས་ནས་སྐྱེ་བ་དང་། འཆི་བ་དང་། བར་དོའི་སྣང་བ་ཐམས་ཅད་བདེན་པ་སྟེ་རང་ངོས་ནས་གྲུབ་པ་ཅུང་ཟད་ཀྱང་མེད་པའི་ཚུལ་རྟོགས་པར་བྱས་ནས་འཁྲུལ་བའི་སྣང་བ་གང་ཤར་ཐམས་ཅད་དག་པ་བདེ་སྟོང་གི་རྣམ་རོལ་དུ་འཆར་བར་བྱིན་གྱིས་རློབས་ཞེས་པའོ། །     གསུམ་པ་ནི། དེ་ལྟར་བར་དོའི་ཚེ་ལུས་ཀྱི་འབྱུང་བ་རྣམས་ལོག་པའི་རྟགས་འོང་བ་དེ་ཡང་ས་རླུང་ལོག་པས་རི་བོ་ཉིལ་བའི་སྒྲ་དང་། ཆུ་རླུང་ལོག་པས་རྒྱ་མཚོ་འཁྲུགས་པའི་སྒྲ། མེ་རླུང་ལོག་པས་ནགས་མེས་འཚིག་པའི་སྒྲ་དང་། རླུང་གི་རླུང་ལོག་པས་བསྐལ་བའི་རླུང་འཁྲུགས་པའི་སྒྲ་ལྟ་བུ་འབྱུང་བའི་སྒྲ་བཞི་དང་། དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་གྱི་སྣང་བའམ། ཡང་ན་མཚོན་ཆ་ཐོགས་པའི་གཤིན་རྗེའི་གཟུགས་དང་། དེ་དག་གིས་གསོད་རྒྱོབ་ཟེར་བ་ལྟ་བུའི་སྒྲ་དང་། དེ་ལ་བརྟེན་ནས་ཡིད་ལ་མྱ་ངན་དང་སྐྲག་པ་སྐྱེ་བ་ལྟ་བུའི་འཇིགས་སྣང་གསུམ་དང་། གནས་གཅིག་ཏུ་མི་སྡོད་པས་གནས་ངེས་པ་མེད་པ་དང་། གྲོགས་སྣ་ཚོགས་དང་འགྲོགས་པས་གྲོགས་ངེས་པ་མེད་པ་ལ་སོགས་པའི་མ་ངེས་པ་དང་། ལས་ཀྱི་རྫུ་འཕྲུལ་གྱི་ཤུགས་དང་ལྡན་ཞིང་རི་རབ་ཁང་ཁྱིམ་སོགས་ལ་ཐོགས་པ་མེད་པ་ལ་སོགས་པའི་རྟགས་རྣམས་སྣ་ཚོགས་ཤར་བའི་ཚེ། ཕྱི་སྣོད་ཀྱི་སྣང་བ་ཐམས་ཅད་དག་པའི་གཞལ་ཡས་ཁང་དུ་བསྒྱུར་བ་དང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་གྱི་ལྷ་ཡབ་ཡུམ་གྱི་རྣམ་པར་བསྒྱུར་བ་དང་། གསང་བ་དྲན་རྟོག་གི་རྒྱུ་བ་ཐམས་ཅད་བདེ་སྟོང་གི་ཏིང་ངེ་འཛིན་དུ་བསྒྱུར་བ་སྟེ། རྣལ་འབྱོར་དེ་གསུམ་བསྒོམ་པའི་མཐུས། མ་དག་པ་འཁོར་བའི་སྐྱེ་སྒོ་བཅད་ནས། རྣམ་པར་དག་པའི་སངས་རྒྱས་ཀྱི་ཞིང་དུ་གསང་སྔགས་བླ་ན་མེད་པའི་ལམ་བསྒོམ་པའི་རྟེན་ཁྱད་པར་ཅན་དུ་སྐྱེ་བར་བྱིན་གྱིས་རློབས་ཞེས་པའོ། །      བཞི་བ་སྐྱེ་སྲིད་འཛིན་པའི་གདམས་པ་དང་སྦྱར་བ་ནི། ཚིགས་བཅད་གཅིག་གིས་སྟོན་ཏེ། དེ་ལྟར་བར་དོ་ལམ་དུ་འཁྱེར་བའི་གདམས་པ་རྣམས་ལ་བརྟེན་ནས་ཕྱིའི་མཁའ་སྤྱོད་དཔའ་བོ་དང་མཁའ་འགྲོ་མ་རྣམས་རང་གཟུགས་ཀྱིས་རྒྱུ་ཞིང་འདུ་བའི་གནས་ཁྱད་པར་ཅན་དུ་རིག་པ་འཛིན་པའི་རྟེན་མཆོག་ཏུ་སྐྱེ་བ་བླངས་ནས་ལམ་གྱི་ལྷག་མ་རྣམས་རྫོགས་པར་བྱས་ཏེ་མཆོག་གི་གོ་འཕང་ཐོབ་པར་བྱེད་པའམ། ཡང་འཛམ་བུ་གླིང་བའི་མི་མངལ་སྐྱེས་ཁམས་དྲུག་ལྡན་ལྟ་བུར་སྐྱེ་བ་ལེན་ན་ཕ་མ་གཉིས་ལ་ཆགས་སྡང་གི་བློ་བཀག་ནས། ཡི་དམ་གྱི་ལྷ་ཡབ་ཡུམ་དུ་བལྟས་ཏེ་མའི་མངལ་དུ་ཉིང་མཚམས་སྦྱོར་བར་བྱེད་ཅིང་ཕྱི་རོལ་དུ་བཙས་ནས་རྒྱལ་བའི་བསྟན་པ་ལ་གོ་རིམ་ཇི་ལྟ་བ་བཞིན་དུ་འཇུག་པའི་ཚངས་པ་སྤྱོད་པའི་བསླབ་པ་གསུམ་དང་ལྡན་པའི་དགེ་སློང་གི་ལུས་བཟུང་ནས། གསང་སྔགས་བླ་ན་མེད་པའི་ཐེག་པ་ཆེན་པོར་འཇུག་པའི་སྒོ་དབང་བཞི་རྣམ་པར་དག་པས་རྒྱུད་སྨིན་པར་བྱས། དམ་ཚིག་དང་སྡོམ་པ་ཚུལ་བཞིན་དུ་བསྲུངས་སན་བསྐྱེད་རིམ་དང་། རྫོགས་རིམ་གཉིས་ཀྱི་ལམ་གྱི་བགྲོད་པ་མཐར་ཕྱིན་པར་བྱས་པས། གཞིའི་སྐུ་གསུམ། ལམ་གྱི་སྐུ་གསུམ་དུ་བསྒྱུར་ནས་ཚེ་འདི་ཉིད་ལ་འབྲས་བུ་སངས་རྒྱས་ཀྱི་ཡེ་ཤེས་ཆོས་སྐུ། ལོངས་སྤྱོད་རྫོགས་སྐུ། སྤྲུལ་བའི་སྐུ་གསུམ་མྱུར་དུ་འཐོབ་པར་བྱས་ནས་ནམ་མཁའ་ཇི་སྲིད་གནས་ཀྱི་བར་དུ་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་འགོད་ནུས་པར་བྱིན་གྱིས་རློབས་ཤིག ཅེས་པའོ། ། མཛད་བྱང་གི་དོན་ནི་གོ་སླ་བས་མ་བཀྲོལ་ལ། གདམས་པ་འདི་ནི། དད་པ་མེད་པ་ལ་སོགས་པའི་སྣོད་མིན་དང་། སྔགས་བླ་མེད་ཀྱི་དབང་མ་ཐོབ་པ་རྣམས་གསང་བར་བྱ་དགོས་པར་གསུང་བ་ནི། སྔར་གྱི་འཆི་ཁ་དང་བར་དོའི་གདམས་པ་བཤད་པ་དེ་རྣམས་རྫོགས་རིམ་གྱི་གདམས་པ་ཟབ་མོ་ཡིན་པ་ལ་དགོངས་སྣང་བས་གལ་ཤིན་ཏུ་ཆེ་ཞིང་། འཆི་ཁ་མའི་གདམས་པའི་རྒྱལ་བོར་འགྱུར་ཚུལ་ཡང་གསོལ་འདེབས་ཀྱི་ཚིག་འདོན་པ་ཙམ་མ་ཡིན་པར་དོན་ཡིད་ལ་དྲན་པའི་སྒོ་ནས་ཉིན་རེ་བཞིན་གདམས་ངག་གི་དོན་རྣམས་པ་ཤར་སྒོམ་གྱིས་ཉམས་ལེན་དུ་བྱེད་པ་སོགས་ལ་སྔར་བཤད་ཟིན་པ་ལྟར་ཡིན་པས། དེ་ལྟར་དུ་ཉམས་སུ་བླངས་ན། དལ་འབྱོར་གྱི་རྟེན་ལ་སྙིང་བོ་ལེན་པའི་ཐབས་མཆོག་ཏུ་གྱུར་པ་ཡིན་ནོ། ། 

                                                                                  སྨྲས་པ། རྡོ་རྗེ་འཆང་གི་དགོངས་པ་ཟབ་མོའི་གནད། ། 

                                                                                             གྲུབ་པའི་དབང་ཕྱུག་རྣམས་ཀྱི་ཐུགས་དམ་མཐིལ། ། 

                                                                                             བླ་མེད་ཐེག་པའི་ལམ་གྱི་སྙིང་བོ་རྣམས། ། 

                                                                                             ཉུང་ངུའི་ཚིག་གིས་གསལ་བར་བཤད་འདི་རྨད། ། 

                                                                                             འདིར་འབད་དགེ་བས་བདག་དང་འགྲོ་བ་ཀུན། ། 

                                                                                             སྐྱེ་དང་སྐྱེ་བར་བླ་མེད་ཐེག་པའི་ལམ། ། 

                                                                                             འཛིན་ཅིང་སྤེལ་ལ་འགྲན་ཟླ་མ་མཆིས་པ། ། 

                                                                                             ཀླུ་སྒྲུབ་རྡོ་རྗེ་ཅན་དང་མཚུངས་པར་ཤོག ། 

                                                           ཅེས་མཁས་གྲུབ་བྱེ་བའི་གཙུག་རྒྱན་༧པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱིས་མཛད་པའི་བར་དོའི་འཕྲང་སྒྲོལ་གྱི་གསོལ་འདེབས་འཇིགས་སྒྲོལ་གྱི་དཔའ་བོ་ཞེས་བྱ་བ་འདིའི་དོན་རྣམས་མདོར་བསྡུས་ཤིང་གོ་སླ་བར་བཤད་པ་ཞིག་གིས་ཞེས་ཨོས་རོད་ནས་གསར་དུ་ཡོང་ཞིང་ཟབ་མོའི་ཉམས་ལེན་ལ་བློ་གྲོས་གཞོལ་བའི་སུ་ལ་བླ་མ་དགེ་སློང་བགྲེས་པོ་ཆོས་རྗེ་བློ་བཟང་སངས་རྒྱས་ཀྱིས་བསྐུལ་བའི་ངོར། མང་དུ་ཐོས་པ་ལྕང་སྐྱ་རོལ་བའི་རྡོ་རྗེས་སྦྱར་པའི་ཡི་གེ་བ་ནི་གཞུང་ལུསག་རབ་འབྱམས་སྨྲ་བ་སུ་ལ་བླ་མ་དགེ་བཤེས་ཚུལ་ཁྲིམས་དར་རྒྱས་ཀྱིས་བགྱིས་པ་འདིས་ཀྱང་བློ་བཟང་རྒྱལ་བའི་བསྟན་པ་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་པར་གྱུར་ཅིག། །།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།