ཨོཾ་སྭ་སྟི།
མཚུངས་མེད་སྟོན་པ་དེའི་གསུང་དམ་པའི་ཆོས།།
དེ་འཛིན་དགེ་འདུན་འཕགས་ཚོགས་འདུས་པའི་སྡེ།།
རྣམ་གསུམ་རིན་ཆེན་གྲགས་པའི་གདུགས་དཀར་ཅན།།
བསླུ་མེད་མཆོད་འོས་སྤྱི་བོའི་རྒྱན་དུ་བསྙེན།།
མ་ལུས་རྒྱལ་བའི་ཕྲིན་ལས་གཅིག་བསྡུས་གར།།
སྐྱེ་འཆིའི་འཇིགས་བྲལ་རྡོ་རྗེའི་སྐུ་བརྙེས་པ།།
རྒྱལ་བའི་དབང་པོ་པདྨ་ཀཱ་ར་ཞེས།།
རྒྱལ་བ་གཉིས་པའི་ཞབས་ལ་མགོ་བོས་འདུད།།
མཐའ་ཡས་གཞལ་དཀའ་ཤེས་བྱའི་དེ་ཉིད་ཆོས།།
མ་འདྲེས་འབྱེད་པའི་མཁྱེན་རབ་འོད་སྣང་ཅན།།
ཡོངས་རྫོགས་རྒྱལ་བསྟན་མཁའ་ན་ལྷམ་མེ་བ།།
རོང་ཀློང་ཉི་ཟླ་ཟུང་གཅིག་གཙུག་ན་རྒྱལ།།
སྔ་འགྱུར་རྒྱལ་བསྟན་གངས་ཀྱི་ས་འཛིན་རྩེར།།
མི་འཇིགས་སྨྲ་བའི་དབང་པོ་གདོང་ལྔའི་རྒྱལ།།
མཁས་ཤིང་གྲུབ་པའི་དབང་ཕྱུག་རྫོགས་ཆེན་པ།།
ཡབ་སྲས་བརྒྱུད་པར་བཅས་པས་དེང་འདིར་སྐྱོངས།།
ཞེས་ཤིས་པ་སྒྲུབ་པའི་ཚིག་གིས་སྔུན་བསུས་ཏེ་གང་ཞིག་གླེང་བར་བྱ་བ་ནི། དེ་ཡང་གནས་ཕུན་སུམ་ཚོགས་པ་ཛམྦུ་པྲིཀྵས་མངོན་པར་མཚན་པའི་ཡུལ་གླིང་ཆེན་པོ་འདིའི་གཙུག་གམ་བླ་ན་རྒྱལ་མཚན་གྱི་ཏོག་ལྟ་བུར་མངོན་པར་མཐོ་ཞིང་མཛེས་པ་བོད་གངས་ལྡན་ཆོས་ཀྱི་ཡུལ་གྲུ། འཕགས་པ་ཐུགས་རྗེ་ཆེན་པོའི་གདུལ་ཞིང་། རྒྱལ་བའི་དབང་པོ་པདྨ་སམ་བྷ་ཝས་ཞབས་ཀྱིས་བཅགས་བྱིན་གྱིས་བརླབས། མདོ་དང་སྔགས་ཀྱི་བསྟན་པ་དར་ཞིང་རྒྱས་པའི་ཆོས་ཚིགས་ཀྱི་ཡུལ་དབུས་སུ་གྱུར་པ་དེ་ཉིད་ཀྱི་ཉི་མ་ཤར་ཕྱོགས་ཀྱི་ཆ། མདོ་ཁམས་རུ་དམ་གྱི་ལུང་པ་ཞེས་ཕུ་ན་དཀར་གསལ་གྱི་གངས་རི་རྒྱལ་པོ་གདན་ལ་བཞུགས་འདྲ། མདོ་ན་བྲག་དཀར་གྱི་ལྷུན་པོ་བཙུན་མོས་ཕྱག་རྒྱ་བཅས་འདྲ། བར་ན་གཡུ་མཚོ་སྔོན་མོ་བདུད་རྩིའི་ཡོན་ཆབ་བཤམས་འདྲ། གཞན་ཡང་ལྗོན་ཤིང་གི་ནགས་ཚལ། རང་བྱུང་གི་བྲག་སྐྱིབས། ནེའུ་སིང་གི་སྤང་ལྗོངས། འོ་མའི་ཆུ་རྒྱུན་སོགས་བཀོད་པས་མཛེས་པའི་ཁྱད་པར་སྐྱེས་བུ་བཟོ་ལ་མཁས་པའི་སོར་མོའི་འཕྲུལ་རྩལ་ལས་བྱུང་བར་འགྲན་བཟོད་པ། ཤར་ཉི་ཟླའི་གསེང་ལམ་ཡངས། ལྷོ་རིན་ཆེན་གྱི་རི་ཚོགས་སྤུངས། ནུབ་གླང་ཆེན་གྱི་རི་བོས་གཡོར། བྱང་རྫ་བྲག་གིས་ཆབ་སྒོ་བསྡམས། ཕྱོགས་བཞིར་སྲུང་བཞི། མཚམས་བཞིར་དཔལ་བཞི། མེས་དང་ཡང་མེས་ཀྱི་རི་བོ། བཀྲ་ཤིས་རྟགས་ཀྱི་མཚན་མ། ཆོས་འབྱུང་ནོར་བུའི་གཏེར་སྒོ་སོགས་ཕུན་སུམ་ཚོགས་པའི་སའི་དཔྱད་ཐམས་ཅད་མ་ཚང་བ་མེད་པའི་དཀྱིལ་དབུས། ལྷ་མཆོག་འཇམ་དཔལ་དཔའ་བོའི་ཕྱག་གི་རལ་གྲིས་མཚན་པ། མཁས་པའི་ལྗགས་ཀྱི་དབྱིབས་དང་ཡང་འདྲ་བའི་དཔལ་གྱིས་མཚན་པའི་སེངྒེའི་རི་བོ་ཞེས་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་ཆོས་གླིང་ཆེན་པོའི་གཙུག་ལག་ཁང་དུ། དུས་ཕུན་སུམ་ཚོགས་པ་སྒྲོན་མེའི་བསྐལ་པ་བཟང་པོ། བདག་ཅག་གི་སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་བསྟན་པ་གངས་ལྡན་བསིལ་མོའི་ལྗོངས་སུ་ཡང་དར་གྱི་སྐབས། གནམ་ལོའི་རྒྱལ་པོ་རྡོ་རྗེའི་སྣ་ཅན་གྱི་དབྱར་བྲི་བ་གང་བ་ཕུན་ཚོགས་ཡར་འཕེལ་གྱི་དུས། ལྷོ་ནུབ་སིནྡྷུ་རོལ་བའི་དྭངས་མཚོར་མ་ཆགས་པདྨའི་སྡོང་པོ་ལས་རྒྱལ་དབང་པདྨ་ཀཱ་ར་སྐུ་བརྫུས་ཏེ་འཁྲུངས་པའི་སྤྲེལ་གྱི་ཟླ་བའི་ཡར་ཚེས། སྟོན་པ་ཕུན་སུམ་ཚོགས་པ་གཞི་ངེས་པར་འབྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པ་ལ་སྨོན་འཇུག་བྱང་ཆུབ་སེམས་ཀྱི་ཐུགས་བསྐྱེད་བརྟན་པ། གསང་བ་སྔགས་ཀྱི་རྣལ་འབྱོར་ལ་ཉམས་ལེན་གནད་དུ་ཁེལ་བས་ལྟ་སྒོམ་སྤྱོད་འབྲས་མ་ནོར་བའི་ལམ་ནས་ས་དང་ལམ་གྱི་འབྲས་རྟགས་མངོན་དུ་གྱུར་པ། ཤེས་བྱ་རིག་པའི་གནས་མཐའ་དག་ལ་ཐོགས་པ་མེད་པའི་མཁྱེན་རབ་ཀྱི་སྤྱན་རས་ཡངས་པ། འཆད་ལ་ཐོགས་པ་མེད་པ། རྩོད་ལ་འགྲན་ཟླ་དང་བྲལ་བ། བརྩམ་ན་མཚུངས་པ་མེད་པ་སོགས་དམ་པའི་ཚུལ་དགུའི་བདག་ཉིད་ཅན་དུ་རྨད་བྱུང་ཆོས་ཀྱི་ཁྲི་ཆེན་པོར་ཞབས་ཟུང་གཡོ་མེད་དུ་བཞུགས་པ་མཁན་ཆེན་རིན་པོ་ཆེ་པདྨ་ཚེ་དབང་མཆོག་ཉིད། འཁོར་ཕུན་སུམ་ཚོགས་པ་བོད་ཆོལ་ཁ་གསུམ་དང་འཛམ་གླིང་ཆོས་ལྡན་གྱི་ཡུལ་གྲུ་གཞན་དག་ནས་ཕེབས་པའི་ཕུལ་བྱུང་སྡེ་སྣོད་འཛིན་པ་ཕུང་པོ་ཡོན་ཏན་གྱིས་བརྒྱན་པའི་དམར་སེར་དགེ་འདུན་འདུས་པའི་སྡེ་ཆེན་པོ་དང་། ཆོས་ཕུན་སུམ་ཚོགས་པ་ཐེག་པ་གསུམ་གྱི་གཞི་ལམ་འབྲས་གསུམ་ཡོངས་སུ་རྫོགས་པའི་རྣམ་བཞག་བསྟན་པ་རྒྱལ་བའི་བཀའ་དང་དགོངས་འགྲེལ་གྱི་བསྟན་བཅོས་ཟབ་ཅིང་རྒྱ་ཆེ་ཚང་ལ་མ་ནོར་བ་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་ཆེན་པོ་དག་གི་ཆོས་ཀྱི་སྒྲ་དབྱངས་དཔལ་གྱི་རི་བོའི་མགུལ་ནས་རྒྱུན་མི་ཆད་པར་སྒྲོག་བཞིན་པ་སྟེ། དེ་ལྟར་ཕུན་སུམ་ཚོགས་པ་ལྔ་དང་ལྡན་པའི་སྐབས་འདིར། ཕན་དང་བདེ་བ་རྒྱ་མཚོའི་འབྱུང་གནས་རྒྱལ་བའི་བསྟན་པ་རིན་པོ་ཆེ་སྤྱི་དང་བྱེ་བྲག་འཇིག་རྟེན་གྱི་ཁམས་འདིར་ཡུན་རིང་གནས་པ་དང་སེམས་ཅན་ཐམས་ཅད་དཀོན་མཆོག་གི་སྣང་བ་དང་དུས་རྟག་ཏུ་མི་འབྲལ་བའི་ཆེད་སངས་རྒྱས་ཀྱི་བསྟན་པ་འཛིན་སྲུང་སྤེལ་བར་བྱེད་པ་ལ། བསྟན་པའི་སྙིང་པོ་ལུང་དང་རྟོགས་པའི་བདག་ཉིད་ཅན་ཡིན་ཕྱིར་དེ་ཉིད་བཤད་དང་སྒྲུབ་པ་ཁོ་ནས་སྤེལ་བར་བསྟན་པའི་གཞི་མའམ་བསྟན་རྩ་དངོས་ནི་དགེ་འདུན་རིན་པོ་ཆེ་ཡིན་པའི་དབང་གིས། ནོར་བུ་རྒྱལ་མཚན་གྱི་རྩེ་མོར་མཆོད་དེ་བྱི་དོར་བྱས་ན་དགོས་དགུ་ངང་གིས་འབྱུང་བ་བཞིན་བདག་རྐྱེན་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ལྷ་དང་བཅས་པའི་མཆོད་འོས་དག་གོང་དུ་བཀུར་བ་ནི། དཔྱོད་ལྡན་ཡ་རབས་དམ་པའི་ལུགས་སྲོལ་ལས་མ་འདས་ཤིང་། སྔོན་སྨོན་སྟོབས་སུ་བདོ་བའི་ཐུགས་བསྐྱེད་དུས་སུ་སྨིན་པ་ཉིད་དུས་འདིར་བསྟན་པ་སྤེལ་བའི་དགོས་གནད་ཁྱད་པར་ཅན་དང་མཐུན་ཕྱིར། དེང་འདིར་མཁན་རིན་པོ་ཆེ་པདྨ་ཚེ་དབང་མཆོག་ལ་གངས་ལྗོངས་མཁས་པའི་འབྱུང་གནས་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་ཤར་སྒོ་སྲུང་བའི་པཎྜི་ཏ་དང་ཆོས་གྲྭའི་མཁན་ཆེན་ཁྲི་འཛིན་པའི་གོ་གནས་དང་འཇའ་ས་སྟབས་གཅིག་ཏུ་འབུལ་བ་དང་། སྐུའི་རིགས་དབོན་མཆོག་ལ་ཤྲཱི་སེང་ཆོས་གྲྭའི་སྤྱི་ཁྱབ་སྒྲིག་ཞིབ་པའི་མཚན་གནས་འབུལ་བ་ལགས་ན། རྩ་གསུམ་རྒྱལ་བ་སྲས་བཅས། དགྲ་བཅོམ་གནས་བརྟན་གཏད་རབས། དཀར་ཕྱོགས་སྐྱོང་བའི་ལྷ་དང་སྲུང་མ་ཡེ་ཤེས་ཀྱི་སྤྱན་དང་ལྡན་པ་ཀུན་མཉེས་ཤིང་དགའ་བར་གྱིས་ལ་ཤིས་པའི་མེ་ཏོག་ཆར་དུ་སྙིལ་ཅིག དེ་ལྟར་ལྷ་དང་བཅས་པའི་འགྲོ་བ་ཡོངས་ཀྱི་གཙུག་གི་རྒྱན་མཆོག ཚོགས་གཉིས་དཔལ་གྱི་ཞིང་ས་དམ་པ། སྙིགས་དུས་ཀྱི་རྒུད་སྐྱོབ་སྟོན་པའི་ཞལ་སྐྱིན། བསྟན་པའི་སྒྲོན་མེ་ཆེན་པོ་མཆོག་མི་འཇིགས་གདོང་ལྔས་བཏེགས་པའི་རྨད་བྱུང་ཆོས་ཀྱི་ཁྲི་ཆེན་པོར་མངའ་གསོལ་ནས་ཆེན་པོའི་མཚན་གྱི་ཅོད་པན་བཞེས་པའི་དགའ་སྟོན་རྟེན་འབྱུང་གི་ལེགས་འབུལ་མཚོན་བྱེད་དུ། བཀྲ་ཤིས་པའི་ལྷ་དར་དཀར་པོ་ནང་མཛོད་ཉིན་མོ་བདེ་ལེགས་ཀྱིས་སྣ་དྲངས་ཏེ། སྐུ་རྟེན་འཕགས་མཆོག་སྤྱན་རས་གཟིགས་དབང་གི་སྐུ་བརྙན་བལ་ལུགས་ལི་ཁྲ་འབྱོན་ལེགས། གསུང་རྟེན་ཀློང་ཆེན་མཛོད་བདུན། ཐུགས་རྟེན་རྡོར་དྲིལ་་་་་། མཐའ་རྟེན་དར་རིང་དཀར་པོ་ཡུག་གཅིག་བཅས་སྤྱན་རས་གཡོ་བའི་འབབ་སྟེགས་ཀྱི་དངོས་འབུལ་མེ་ཏོག་ཆུང་ཡང་མཆོད་རྫས་ཀྱི་དཔེ་བཞིན་འབུལ་ལམ་ཞུས་པ་ལགས་ན་ཐུགས་བརྩེ་བ་ཆེན་པོས་དགྱེས་བཞེས་ཐོག སླད་ཀྱི་ཆར། གང་གི་གསང་གསུམ་ཡོན་ཏན་གྱི་ཕུང་པོ་ལེགས་ཚོགས་བྱེ་བའི་འབྱུང་གནས་ཡིད་བཞིན་གྱི་ནོར་བུ་ལྟ་བུ་ཉིད། སྤྱིར་བསྟན་དང་འགྲོ་བའི་དཔལ་མགོན། སྒོས་སློབ་འབངས་ཡོངས་ཀྱི་དཔུང་གཉེན་ཆེན་པོར་ཞབས་པད་བསྐལ་པ་རྒྱ་མཚོར་འཚོ་ཞིང་གཞེས་ནས། གྲུབ་དབང་རྒྱལ་བ་རྫོགས་ཆེན་པའི་བཤད་སྒྲུབ་བསྟན་པའི་བསྟི་གནས་ཤྲཱི་སེང་ཆོས་ཀྱི་གྲྭ་ཆེན་པོ་འདི་ཉིད་དུ་དུས་ནམ་ཡང་གཡོ་བ་མེད་པར་བཞུགས་ཏེ། ཞི་བསིལ་ཆོས་ཀྱི་བདུད་རྩིས་ལས་ཅན་གྱི་བུ་སློབ་བསྐྱང་བ་དང་ཆབས་ཅིག་རྨད་བྱུང་ཐུགས་ཀྱི་བཞེད་དོན་མཐའ་དག་གེགས་མེད་ཇི་བཞིན་དུ་འགྲུབ་པར་སྨོན་པ་དེ་དེ་བཞིན་དུ་འགྲུབ་པ་རྒྱལ་བ་སྲས་དང་བཅས་པས་མཐུན་འགྱུར་མཛོད་ཅིག།
སླར་ཡང་སྨྲས་པ།
དེང་དུས་རྒྱལ་བསྟན་ཉིན་བྱེད་ནུབ་ལ་ཉེ།།
ངན་སྤྱོད་མུན་པས་ཕྱོགས་རྣམས་བསྒྲིབས་བྱས་ཚེ།།
ཆོས་ཚུལ་སྣང་བའི་འོད་དཀར་སྤྲོ་བ་ཅན།།
རྗེ་ཁྱོད་དཀར་གསལ་ཟླ་བ་གཞོན་ནུ་ཡིན།།
མི་ཤེས་ཡིད་ཀྱི་མུན་པ་གཏིང་ནས་སེལ།།
ལོག་རྟོགས་སྲིན་བྱའི་ཚོགས་རྣམས་མཐའ་རུ་བསྐྲད།།
བློ་ལྡན་བློ་ཡི་པད་ཚལ་བཞད་པའི་གཉེན།།
ཆོས་ཀྱི་རྗེ་ཁྱོད་ཉི་གཞོན་གཉིས་པ་ཡིན།།
མདོ་སྔགས་ཚང་ལ་མ་ནོར་བརྒྱུད་པའི་གཞུང་།།
འགལ་མེད་ཉམས་ལེན་གདམས་པའི་གནད་གཅིག་ཏུ།།
ཤེས་རབ་གསུམ་གྱིས་གཏན་ལ་འབེབ་མཁས་པ།།
མགོན་ཁྱོད་བསྟན་ལ་སྟོན་པ་གཉིས་པར་གྲགས།།
ར་བ་གངས་རིས་བསྐོར་བའི་རུ་དམ་ལྗོངས།།
ངོ་མཚར་མཁས་དང་གྲུབ་པའི་གདན་ས་ཆེའི།།
རྨད་བྱུང་རྒྱལ་བསྟན་གསེར་གྱི་མཆོད་སྡོང་ལ།།
མཆོག་ཁྱེད་དྲུག་དཀར་གཡུ་ཡི་ཕྲ་ཚོམ་མཛེས།།
ལྗོངས་འདིའི་ཕུན་ཚོགས་དཔལ་གྱིས་ལེགས་བསུས་པའི།།
མཁས་དང་གྲུབ་པའི་གདན་རབས་རིམ་བྱོན་གྱི།།
ནོར་བུའི་ཕྲེང་ཚར་བརྒྱུས་པའི་གྲལ་སྟར་ན།།
གང་ཁྱེད་ཛམ་བུའི་ཆུ་གསེར་ལྟ་ན་སྡུག།
སྡུག་བསྔལ་དུག་མཚོར་འཕྱན་པའི་ཉམ་ཐག་འགྲོར།།
མཛའ་བ་མི་ཕྱེད་སྙིང་རྗེའི་སྐྱ་བ་ཆེས།།
ཆོས་ཀྱི་གྲུ་ཡིས་འཁོར་བའི་ཕ་མཐའ་རུ།།
སྒྲོལ་བའི་དེད་དཔོན་སེམས་དཔའ་མཆོག་ཁྱེད་བསྔགས།།
བཅུ་གཉིས་སྦྱང་བའི་ཡོན་ཏན་ལ་གནས་ཤིང་།།
རྣམ་དག་ཁྲིམས་ཀྱིས་རྒྱུད་བསྡམས་རང་བཞིན་དུལ།།
མཁས་ཤིང་གྲུབ་པའི་ས་མཐོར་རབ་གཤེགས་པ།།
ཁྱོད་ཀྱི་རྣམ་ཐར་བློ་ཆུང་བློ་ལས་འགོང་།།
རྒྱལ་གསུང་ཟབ་དང་རྒྱ་ཆེའི་ཆོས་ཀྱི་ཕུང་།།
དེ་ཡི་དགོངས་འགྲེལ་འཕགས་བོད་མཁས་པའི་གཞུང་།།
རྣམ་དག་དཔྱད་གསུམ་ཚད་མས་ཉེར་བཀྲལ་བ།།
སྔ་འགྱུར་ཤིང་རྟའི་སྲོལ་འཛིན་ཁྱོད་ལས་སུ།།
ཕྱོགས་རེའི་གཞུང་ལུགས་ཉི་ཚེའི་རྣམ་དཔྱོད་ལས།།
རིང་དུ་བརྒལ་བ་ཤེས་བྱའི་ཕ་མཐར་སོན།།
ཐོགས་མེད་གནས་ལྔ་རིག་པའི་པཎྜི་ཏ།།
དེང་དུས་གངས་རིའི་ལྗོངས་ན་ཁྱོད་ལས་སུ།།
གང་ཁྱོད་གཞོན་ནུའི་དུས་ནས་ཞི་བ་ཡི།།
བརྟུལ་ཞུགས་མཆོག་ལ་གོམས་པའི་ཉེར་ལེན་གྱིས།།
ངུར་སྨྲིག་རྒྱལ་མཚན་གསར་པའི་དཔལ་འཆང་བ།།
འདུལ་འཛིན་ཁྱེད་འདྲ་སྲིད་འདིར་མཐོང་བ་ཉུང་།།
པདྨའི་སྦས་གནས་རུ་དམ་གངས་ཀྱི་རར།།
པདྨའི་མཚན་འཆང་ཐོགས་མེད་སྨྲ་བའི་དབང་།།
པདྨ་དཀར་པོ་ལྟར་བསྔགས་ངུར་སྨྲིག་འཛིན།།
པདྨའི་ལུང་གིས་བསྔགས་འོས་ཁྱོད་མིན་སུ།།
སྣང་བ་ཀུན་རྫོབ་སྟོང་པ་དོན་དམ་བདེན།།
གཉིས་སུ་མ་ཡིན་དབྱེར་མེད་མཉམ་ཉིད་དབྱིངས།།
ཇི་བཞིན་གཟིགས་པའི་ཤེས་རབ་སྤྱན་མཆོག་གིས།།
ཆོས་ཉིད་བདེན་པ་མཐོང་བ་ཁྱོད་འདྲ་དཀོན།།
བསྟན་འཛིན་ཟོལ་མས་རྒྱལ་བསྟན་དཀྲུགས་གྱུར་ཅིང་།།
ལོག་འཚོའི་དཔལ་གྱིས་བསྟན་བླ་འཚོང་བའི་ཚེ།།
ཡང་དག་ཚད་མའི་བཤེས་ཁྱེད་ལྷག་པར་ཡང་།།
དག་པའི་གསེར་བཞིན་མ་འདྲེས་ལྷམ་མེར་གསལ།།
ལས་རླུང་རང་སོར་བཞག་པའི་རྟོག་ཚོགས་རྒྱུན།།
ཉོན་རླུང་བག་ལ་ཞ་བའི་ཡེ་ཤེས་རླུང་།།
ནང་གསལ་ཕྲ་བའི་དབྱིངས་སུ་འཁྱིལ་བ་ཡི།།
ས་ལམ་ཆིག་ཆོད་རྫོགས་པ་ཁྱོད་མིན་སུ།།
དམ་པ་དམ་པ་མང་པོས་བསྔགས་པའི་ལྗོངས།།
མཁས་པ་མཁས་པ་དག་གིས་བསྟི་བའི་གནས།།
མང་ཐོས་མང་ཐོས་ཚོགས་པའི་དོ་ར་ན།།
ཡང་དག་ཡང་དག་ལམ་སྟོན་ཁྱོད་གཅིག་མཆོག།
ལོང་བས་ལོང་བ་ཁྲིད་པའི་ལམ་རྒྱུས་དང་།།
རྨོངས་པས་རྨོངས་པ་འདེགས་པའི་སྤྱི་བརྟོལ་ལས།།
རིང་དུ་ཕྱོགས་པའི་བདག་ཡིད་དྲང་པོའི་མདའ།།
ཁྱོད་ཐུགས་གཤིས་བཟང་འབེམ་གྱིས་དྲུད་པར་བྱས།།
རྡོ་ལ་རིན་ཐང་བརྩི་བ་བྱིས་པའི་སྲོལ།།
ནོར་ལ་སྙིང་པོར་འཛིན་པ་བླུན་པོའི་ལས།།
ཡོན་ཏན་ཀུན་ལྡན་ཡིད་བཞིན་ནོར་བུའི་མཆོག།
གཙུག་ན་བསྲེལ་བ་མ་སྨད་དམ་པའི་ལུགས།།
ཝ་སྐྱེས་ཚོགས་པའི་ནང་ན་སེངྒེ་དང་།།
མགྲིན་བཟང་ཁྱུ་ན་ཅང་ཤེས་རྟ་མཆོག་བཞིན།།
བླུན་པོའི་གྲལ་ན་མཁས་པ་མཛའ་མིན་ཏེ།།
དེང་འདིར་མཁས་པ་མཁས་པའི་དབུས་ན་མཛེས།།
རྫ་ཀླུང་དལ་གྱིས་འབབ་པའི་ལྷ་ཡི་ལྗོངས།།
ཆོས་ནོར་དཔལ་གྱིས་མཛེས་པའི་ཞིང་ཁམས་ཆེར།།
རིགས་ཀྱི་སྐྱེ་སྲིད་བཟུང་བའི་སྐྱེས་ཆེན་དག།
གནས་འདིའི་བཅུད་ལེན་མ་བཞེས་ཅང་ཡོད་དམ།།
སྙན་པའི་བ་དན་ས་ཡི་བླ་ན་མཐོ།།
གྲགས་པའི་གདུགས་དཀར་མཁའ་ཡི་མུ་ཁྱུད་འཛིན།།
ས་གསུམ་སྐྱེ་དགུའི་གཙུག་གིས་མངོན་མཆོད་པ།།
ཆོས་ཀྱི་གླིང་འདི་མཁས་པའི་བསྟི་གནས་ཡིན།།
ཕས་རྒོལ་ལྷག་མར་བྱེད་པའི་རུ་མཚོན་མཐོ།།
བརྒལ་བརྟག་ལུང་རིགས་མཚོན་ཆའི་འཁོར་ལོ་མྱུར།།
ཟིལ་གནོན་རྣམ་པར་རྒྱལ་བའི་རྒྱལ་མཚན་བརྗིད།།
རྒོལ་ངན་ཞུམ་པའི་བཙན་རྫོང་འདི་མིན་ནམ།།
ལྷུན་པོ་བྲག་དཀར་མཛེས་པའི་ཁོར་ཡུག་གི།
གཏན་འཁྱིལ་གཡུ་ཡི་མཚོ་མོའི་ཡོན་ཆབ་ངོས།།
དྭངས་ཤེལ་གཟའ་སྐར་བཀྲ་བའི་བརྡ་ཆོས་འདིས།།
ཁྱེད་ཀྱི་གདུལ་ཞིང་སར་པའི་ལམ་སྣེ་མཚོན།།
སྨུག་སྤྲིན་དལ་གྱིས་རྒྱུ་བའི་གླང་པོའི་ཁུར།།
ཆུ་བཅུད་ཆར་གྱི་ཟེགས་མས་ཡོངས་བལྟམས་པས།།
ལྕུག་ཕྲན་གཞོན་ནུའི་ཡལ་གའི་མེ་ཏོག་ཁུར།།
ལྕི་བར་བྱས་འདིས་ཁྱེད་ཀྱི་ཕྲིན་ལས་མཚོན།།
གནམ་སྔོན་ཆུ་འཛིན་དྲ་བའི་བང་རིམ་ནས།།
རྩ་གསུམ་ལྷ་ཡི་བུ་ཆུང་ཡིད་འོང་བརྒྱས།།
གཡུ་འབྲུག་སྦྲུམ་མའི་ཟོལ་གྱིས་ཁྱོད་ཉིད་ལ།།
དབང་མདོག་གློག་གི་མཇལ་དར་འབུལ་བར་བྱས།།
སྔོ་ལྗང་གཡུ་ཡི་ལོ་མའི་ཚང་ཚིང་གི།
ཕྲ་མོའི་གེ་སར་དགོད་པའི་ཡལ་འདབ་ཀྱི།།
དྲི་ཞིམ་ངད་པའི་བསུང་གིས་ཁྱེད་ཉིད་ལ།།
བདུག་པའི་སྤྲིན་ཚོགས་སྟོབ་ལ་ཕྱོགས་དང་མཚུངས།།
དལ་འབབ་གཡས་སུ་འཁྱིལ་བའི་ཆུ་ཀླུང་གི།
རླབས་ཕྲེང་ལྦུ་བ་དཀར་པོའི་རྩེ་གར་དང་།།
ལྷན་ཅིག་འགྲོགས་པའི་ཕུ་ཆུའི་སྒྲ་དབྱངས་ཀྱིས།།
ཁྱེད་ཀྱི་སྙན་པ་ཕྱོགས་བརྒྱར་སྒྲོག་ལ་བྲེལ།།
མ་སྨིན་ན་ཚོད་ཕྲ་བའི་རྐང་འཐུང་གི།
ཡལ་ག་རླུང་གིས་བསྐྱོད་པའི་ཉམས་འགྱུར་ལ།།
རོ་ལྡན་འབྲས་བུའི་ཁུར་གྱིས་དུད་པའི་གཏམ།།
དྲང་སྲོང་རྒན་པོའི་མེས་པོའི་ཚིག་ལས་ཐོས།།
ལྷུན་སྟུག་རྩེ་མོ་མཐོ་བའི་གངས་དཀར་ཞལ།།
ཉི་གཞོན་གསར་བས་བསུས་པའི་འཛུམ་བག་ཅན།།
ཁྱེད་ལ་དགེ་མཚན་སྒྲོག་པའི་བྱེད་པོ་རུ།།
གནས་འདིའི་ཡུལ་ལྷ་རྒན་པོས་བསྐོས་པར་ངེས།།
སྤྲིན་གཞོན་མཁའ་ལ་རྒྱུ་བའི་བར་སྣང་གི།
ཡིད་འོང་རླུང་བུས་བདས་པའི་བསིལ་བཅུད་ཕྲེང་།།
རབ་དཀར་ཁ་བའི་ཟོལ་གྱིས་ཁྱོད་ཉིད་ལ།།
ཤིས་པའི་མེ་ཏོག་ཆར་དུ་བསྙིལ་བ་འདྲ།།
གནས་འདིར་གཡུང་དྲུང་འཆི་བ་མེད་པའི་དཔལ།།
ཡོན་ཏན་བདུད་རྩིའི་ཚེ་ཡི་བཅུད་སྦས་པས།།
བརྒྱད་གཉིས་གཞོན་ནུའི་ལང་ཚོའི་དྭངས་མའི་སྲོག།
ལོ་བརྒྱའི་མཐར་ཡང་འཛིན་པའི་བཅུད་ལེན་འགྲུབ།།
ཟླ་གཞོན་བདུད་རྩིས་བྲན་པའི་བྲག་རིའི་མགུལ།།
ཉི་ཟེར་དྲོད་བཅུད་ལེན་པའི་ལྗོན་ཚལ་དབུས།།
རང་བྱུང་ཤེལ་དཀར་ལྷུན་པོའི་ཕོ་བྲང་ཆེ།།
ཁྱོད་ཀྱི་བསམ་བཏན་གནས་སུ་བྱེད་པོས་བསྐྲུན།།
རྙོག་བྲལ་ཞི་བར་གནས་པའི་ཏིང་འཛིན་ལ།།
ལྷག་མཐོང་ཡེ་ཤེས་གསར་པའི་བཅུད་འདུས་པའི།།
ཟག་བྲལ་ལྷ་ཡི་བདེ་བའི་བདུད་རྩིའི་རོ།།
མེས་པོས་ཁྱེད་ཀྱི་སྐལ་བར་འདི་ན་བཞག།
སྡེ་བཞིའི་དཔལ་གྱིས་མངོན་མཐོ་བསོད་ནམས་ཕུལ།།
ལུགས་ཟུང་ལེགས་པའི་འདུན་མ་ཡར་ཟླར་ཕྱོགས།།
སྙན་གྲགས་དབྱར་གྱི་རྔ་གསང་ཕྱོགས་བརྒྱར་ལྡིར།།
སུམ་རྩེན་ལྷས་ཀྱང་སྨོན་པར་ཡིད་གཉིས་ཅི།།
གང་གི་གསང་གསུམ་མི་ཤིགས་ཡོན་ཏན་མཛོད།།
རྟག་བརྟན་འགྱུར་བ་མེད་པ་རྡོ་རྗེའི་ཁམས།།
ཤྲཱི་སེང་རྨད་བྱུང་ཆོས་ཀྱི་ཁྲི་ཆེན་པོར།།
ཞབས་ཟུང་གཡོ་མེད་བསྐལ་བརྒྱར་བརྟན་གྱུར་ཅིག།
དམ་ཆོས་ཉིན་བྱེད་གསར་པའི་སྣང་བ་འདིས།།
ཁོར་ཡུག་ཛམ་བུས་མཚན་པའི་ཡུལ་གླིང་འདིར།།
དགེ་ལེགས་སྐྱིད་ཀྱི་ཉི་མ་དུས་རྟག་ཏུ།།
འཆར་བའི་དགེ་མཚན་ཀུན་ནས་དགོད་གྱུར་ཅིག།
བཀྲ་ཤིས་གང་ཞིག་རབ་དམར་དབང་གི་མདོག།
བྱུ་རུའི་མདངས་འཛིན་ཚེ་དཔག་མེད་མགོན་གྱིས།།
འཆི་མེད་དྭངས་མའི་ཚེ་ཡི་བཅུད་བསྡུས་ཏེ།།
དེང་འདིར་སྐུ་ཚེ་རིང་བའི་བཀྲ་ཤིས་སྩོལ།།
བཀྲ་ཤིས་དམ་པ་སྟོན་ཟླ་གསར་པའི་མདོག།
ཚེ་སྦྱིན་རྣམ་རྒྱལ་ལྷ་མོ་འཁོར་བཅས་ཀྱིས།།
རྒས་མེད་ལང་ཚོའི་བཀྲག་མདངས་རབ་བསྐྱེད་དེ།།
རྟག་ཏུ་སྐུ་སྲོག་བརྟན་པའི་བཀྲ་ཤིས་སྩོལ།།
བཀྲ་ཤིས་མཆོག་རབ་དུང་དང་པད་རྩའི་མདོག།
སྒྲོལ་དཀར་ཡིད་བཞིན་འཁོར་ལོ་ཚེ་འཕེལ་མས།།
འཁོར་འདས་བརྟན་གཡོའི་ཚེ་བཅུད་ལེགས་བསྐྱིལ་བས།།
གཏན་དུ་སྐུ་ཁམས་བཟང་བའི་བཀྲ་ཤིས་སྩོལ།།
དམར་སེར་གུར་གུམ་གསར་པའི་ལང་ཚོ་ལ།།
བརྒྱད་གཉིས་གཞོན་ནུའི་མཚན་དཔེས་རབ་སྤྲས་པ།།
མཁྱེན་པའི་དབང་ཕྱུག་འཇམ་དཔལ་དཔའ་བོ་ཡིས།།
ཆོས་རབ་རྣམ་འབྱེད་སྣང་བའི་བཀྲ་ཤིས་སྩོལ།།
རབ་དཀར་གངས་ཀྱི་ལྷུན་པོར་ཉི་གཞོན་བརྒྱས།།
འཁྱུད་པའི་མདངས་འཛིན་འཕགས་མཆོག་མིག་མི་འཛུམ།།
སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས་དབང་གིས།།
འགྲོ་ཀུན་སྡུག་བསྔལ་ཞི་བའི་བཀྲ་ཤིས་སྩོལ།།
མཐིང་ཞུན་དྭངས་མས་བྱུག་འདྲ་བཟོད་དཀའི་སྐུ།།
བདུད་དཔུང་ཟློག་བྱེད་རྡོ་རྗེའི་མཚོན་འཆང་བ།།
གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཡིས།།
དེང་འདིར་བར་ཆད་སེལ་བའི་བཀྲ་ཤིས་སྩོལ།།
ལྷ་གཡང་མི་ལ་འདུ་བའི་བདེ་སྐྱིད་དང་།།
ཀླུ་ནོར་དཔལ་དུ་ཁུག་པའི་ཡ་མཚན་དཔྱིད།།
ཆོས་གཡང་མི་ནུབ་འཕེལ་བའི་ངོ་མཚར་གཏམ།།
ནམ་ཡང་ནུབ་མེད་རྒྱས་པའི་བཀྲ་ཤིས་ཤོག།
སྟེང་ན་བཀྲ་ཤིས་ཉི་ཟླ་སྐར་གསུམ་འཛོམས།།
བར་ན་བཀྲ་ཤིས་ལེགས་ཚོགས་ངང་གིས་འདུ།།
ས་ན་བཀྲ་ཤིས་འདོད་རྒུ་གཡང་དུ་འཁྱིལ།།
དུས་ཀུན་བཀྲ་ཤིས་དགེ་བས་ཁྱབ་གྱུར་ཅིག།
བཀྲ་ཤིས་ཀུན་གྱི་བཀྲ་ཤིས་སྙན་པའི་དཔལ།།
བཀྲ་ཤིས་དགེ་བའི་བཀྲ་ཤིས་གྲགས་པའི་སྟོབས།།
བཀྲ་ཤིས་ལེགས་པའི་བཀྲ་ཤིས་དཔལ་འབར་བས།།
བཀྲ་ཤིས་ཕྱོགས་དུས་བཀྲ་ཤིས་རྣམ་འཕེལ་ཤོག།
ཅེས་པའང་གནམ་སྔོན་འཁོར་ལོ་རྩིབས་བརྒྱད་གདུགས་ལྟར་ཟླུམ་ཞིང་། ས་གཞི་པདྨ་འདབ་བརྒྱད་ཡངས་ཤིང་རྒྱས་པའི་རུ་དམ་ས་ཡི་ལྟེ་བ་ཤྲཱི་སེང་དཔལ་གྱི་ཆོས་གྲྭ་ནས་ཤཱཀྱའི་དགེ་སྦྱོང་ཐུབ་བསྟན་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེས་བྲིས།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།