༄༅། །རྒྱལ་བ་ཀློང་ཆེན་པའི་གསུང་མགུར་དམ་ཆོས་སྙིང་ནས་བསྐུལ་བ་ཞེས་བྱ་བ་བཞུགས་སོ།།

WechatIMG2770.jpg

ཡང་དེའི་ཚེ་མདོ་དོན་ཆོས་ལ་བསྐུལ་བའི་མགུར་འདི་གསུངས་སོ། །

ཡང་ཅིག་གསོན་དང་སྐལ་ལྡན་ཀུན། །བརྒྱ་ལ་རེས་འགའི་མི་ལུས་འདི། །དོན་མེད་ཆུད་ཟོས་བྱེད་པ་མང་། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །འཁོར་བ་པ་ལ་བདེ་བ་མེད། །སྡུག་པར་འདུག་ཀྱང་སུན་མཁན་མེད། །བྱ་དགོས་ཆོས་ལ་ཉན་མཁན་མེད། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །ཚེ་འདིའི་བྱ་བས་བསླུས་བསླུས་ནས། །ཕྱི་མའི་བདེ་བ་གཉེར་མཁན་མེད། །དོན་ཆུང་ལས་ལ་མི་ཚེ་ཟད། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །མི་རྣམས་ཕལ་ཆེར་ཅེར་རེ་ལོང་། །དོན་ཆེན་བཞག་ནས་དོན་ཆུང་གཉེར། །འཆི་དུས་དོན་མེད་སྟོང་བར་འགྲོ། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །དབང་པོ་ཚང་ཡང་སྙིང་མེད་མང་། །ཡར་འགྲོའི་ཆོས་ལ་བྱེད་མཁན་མེད། །མར་འགྲོའི་སྡིག་པ་སུས་ཐོབ་བྱེད། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །ཚེ་འདིའི་སྣང་བ་དར་ཅིག་ལ། །གཏན་དུ་འཁྲུལ་པའི་ལས་ངན་སོག །འཆི་ཁར་འགྱོད་ཀྱང་ཕན་པ་མེད། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །སྒྱུ་མའི་ནོར་ལ་སྙིང་པོ་མེད། །ཡོད་ཅིང་ཇེ་དགོས་སྲེད་པ་འཕེལ། །རང་གིས་བསགས་པ་གཞན་གྱིས་སྤྱོད། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །མཛའ་བཤེས་འཁོར་གྱིས་དགོས་པ་མེད། །ཚེ་འདིར་འཆིང་ཞིང་ཟག་པ་འཕེལ། །མཐུན་པར་འགྲོགས་ཀྱང་ཐ་མར་འབྲལ། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །བྱས་པའི་ལས་ལ་ཟིན་པ་མེད། །བྱས་ཤིང་བྱ་དགོས་དེ་བས་མང་། །འཁྲུལ་པའི་སྣང་བས་ཉིན་མཚན་འདའ། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །ཚེ་འདིའི་ཆོས་ལ་སྙིང་པོ་མེད། །གང་ལྟར་བྱས་ཀྱང་བདེ་བ་མེད། །ཇི་ལྟར་བྱས་ཀྱང་ལེགས་པ་མེད། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །མང་པོའི་གནས་ན་འདུ་འཛིས་གཡེངས། །སྡེ་དགོན་ཡིན་ཡང་ཕན་པ་མེད། །ཆགས་སྡང་ཕྱོགས་རིས་ཟག་པ་འཕེལ། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །སྙིང་ནས་དམ་ཆོས་མཛད་པ་ཀུན། །ཚེ་འདིའི་བྱ་བ་བློས་བཏང་ལ། །ཐར་པའི་དམ་ཆོས་སྒྲུབ་པའི་ཕྱིར། །རི་ཁྲོད་དགོན་པ་འགྲིམ་དུ་གཤེགས། །རི་ཁྲོད་དགོན་པ་མ་ལས། དམ་ཆོས་སྙིང་ནས་བསྐུལ་བའི་ལེའུ་སྟེ་གསུམ་པའོ།། །།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།