ཕ་སློབ་དཔོན་ཨོ་རྒྱན་པདྨ་འབྱུང་། །
མ་མཁའ་འགྲོའི་གཙོ་མོ་མཚོ་རྒྱལ་ཡུམ། །
སྐྱབས་རིག་འཛིན་རྒྱལ་བ་རྒྱ་མཚོའི་ཚོགས། །
བུས་མོས་གུས་གདུང་བའི་གསོལ་བ་འདེབས། །
མ་འགྲོ་དྲུག་འཁོར་བའི་སྡུག་བསྔལ་ལས། །
དུས་ད་ལྟ་ཐར་བར་བྱིན་གྱིས་རློབས། །
སེམས་ཚོགས་དྲུག་ཡུལ་ལ་ཕར་ལྟ་ཚེ། །
སྟེང་ཕྱོགས་ནས་སྤྲིན་དཀར་བླ་བྲེ་གཡོ། །
ནང་གནས་པའི་གཡུ་འབྲུག་ངར་སྒྲ་སྒྲོག །
འོག་སྦྲང་ཆར་ཟིལ་མ་ཐ་ར་ར། །
བར་ཉི་ཟེར་ཁྲོད་ནས་འཇའ་འོད་འཕྲོས། །
གནས་དཔལ་རིར་འགྲོ་འདོད་ཆེ་ལོང་ཚེ། །
ཡིད་སྐྱོ་བའི་མགུར་ཆུང་ལེན་པར་འདོད། །
ཀ་དག་ཡེ་བབ་ཀྱི་དགོངས་པ་ལ། །
ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ཤིག་ཤར། །
འཇའ་ཟེར་འོད་ཕུང་གི་ཀློང་དཀྱིལ་ན། །
རྡོ་རྗེ་ལུག་རྒྱུད་ཀྱི་ཐིག་ལེ་གཡོ། །
སྣང་སེམས་གཏད་མེད་ཀྱི་ཉམས་ཤིག་ཤར། །
མོས་གུས་ཀྱིས་བླ་མ་རང་སེམས་བསྲེས། །
སྤྲོས་མེད་དོན་དམ་གྱི་དབང་བཞི་བླངས། །
དབྱེར་མེད་ཀྱི་རིག་པ་སྤྲོས་བྲལ་ལ། །
ཡེ་གདངས་ཀྱི་འཆར་ལུགས་མ་འགགས་པར། །
ཀུན་རྫོབ་ཀྱི་ཉམས་སྣང་རྟེན་འབྲེལ་ཤར། །
སྟོད་གངས་དཀར་རྩེ་ནས་སེང་གེ་འགྱིང་། །
གཡུ་རལ་དེ་སྐྱེ་འགྲོ་ཀུན་ལ་ངོམ། །
ང་རྣལ་འབྱོར་གྱི་སྣང་སེམས་གཞི་ཀློང་ངང་། །
གཏད་མེད་ཀྱི་རིག་པ་དེ་ལས་མཚར། །
དགུང་ནམ་མཁའི་ཀློང་ནས་ཐང་དཀར་འཕུར། །
གཤོག་རྩལ་དེ་འདབ་ཆགས་ཀུན་ལ་ངོམ། །
ང་རྣལ་འབྱོར་གྱི་སེམས་ཉིད་ནམ་མཁའ་ལ། །
རིག་རྩལ་གྱི་ཆོས་སྐུ་དེ་ལས་ལྷག །
དམའ་ས་གཞི་དོག་མོའི་སྐྱེད་ཚལ་ན། །
རྩི་ཤིང་མེ་ཏོག་གི་ལོ་འདབ་རྒྱས། །
ང་རྣལ་འབྱོར་གྱིས་རིག་པའི་རྩལ་སྦྱོང་བྱེད། །
ཉམས་རྟོགས་ཀྱི་རིག་པ་གོང་དུ་འཕེལ། །
སྨད་གཙང་ཆེན་གཡུ་ཡི་མཚོ་མོའི་ནང་། །
ལྟོ་དཀར་གྱི་གསེར་མིག་འཁྱུག་འགྲོས་བྱས། །
ང་རྣལ་འབྱོར་གྱིས་རྒྱ་མཚོ་ཅོག་བཞག་ལ། །
ནང་སེམས་ཀྱི་རིག་པ་བདར་ཤ་གཅོད། །
ཕར་འཇིག་རྟེན་མི་ཡི་གྲོང་ཁྱེར་ན། །
སྨན་མཛེས་སྡུག་ཚར་གོས་རྒྱན་ཆ་ངོམ། །
ང་རྣམ་འབྱོར་གྱི་རིག་པ་མཐའ་གྲོལ་ངང་། །
ཕྱི་ཚོགས་དྲུག་འཆར་སྒོ་རྒྱན་རེ་ཆེ། །
གནས་ཡངས་པ་ཐང་ཆེན་གཞི་དཀྱིལ་ན། །
རྒྱུག་མགྱོགས་ཆེན་རྟ་ཕོ་བང་རྩལ་ངོམ། །
ང་རྣལ་འབྱོར་གྱི་རྫོགས་ཆེན་རྟ་ཕོ་ལ། །
འཁོར་བ་གཡེང་ཆོད་ཀྱི་བང་རྩལ་ངོམ། །
དགོན་ཆོས་ར་ཆེན་པོའི་གྲྭ་ས་ན། །
ཆོས་མདོ་སྔགས་ཀྱི་གྲུབ་མཐའི་དགག་སྒྲུབ་མཛད། །
ང་རྣལ་འབྱོར་གྱི་འཁོར་འདས་དབྱེར་མེད་དང་། །
མཐའ་བཞི་སྤྲོས་བྲལ་ངང་གྲུབ་མཐའ་བྲལ། །
འབྲོག་སྦྲ་གུར་ཁྲ་མོའི་གཞི་དཀྱིལ་ནང་། །
འཇིག་རྟེན་པས་བེའུ་ལུག་འཚོ་སྐྱོང་བྱེད། །
ང་རྣལ་འབྱོར་གྱི་རེ་དོགས་གཉིས་མེད་ངང་། །
སེམས་རིག་ཤན་འབྱེད་ཀྱི་ལྟ་བ་སྐྱོང་། །
ཞི་གནས་ཀྱི་མཁར་རྫོང་བརྟེན་པའི་ནང་། །
ལྷག་མཐོང་ཡེ་ཤེས་ཀྱི་ཀ་བ་བཙུག །
དྲན་ཤེས་བག་ཡོད་ཀྱི་སྒོ་གླེགས་སྡོམ། །
ལྷུན་གྲུབ་རང་ཆས་ཀྱི་མཛེས་བཀོད་ལེགས། །
འདི་རྩ་རྒྱུད་བླ་མའི་ཕ་མཁར་ཡིན། །
གཞི་མ་བཅོས་གཉུག་མའི་རང་མཁར་ཡིན། །
མཁར་གཞི་འདི་ཀུན་ཏུ་བཟང་པོས་བྱས། །
མཛེས་རྒྱན་འདི་དགའ་རབ་རྡོ་རྗེས་བཞེངས། །
གསེར་ཏོག་འདི་ཤྲཱི་སེཾ་པདྨས་བཙུགས། །
གདན་དྲངས་ནི་བཱི་མ་མི་ཏྲ་ཡིན། །
མཁར་བདག་འདི་དྲི་མེད་འོད་ཟེར་ཡིན། །
སྒོ་འཕར་འདི་བླ་མ་དམ་པས་ཕྱེས། །
མཇལ་འདོད་ན་ལུས་ངག་སྒྲིབ་པ་སྦྱོངས། །
ལྟ་འདོད་ན་རང་སེམས་ལྟད་མོ་ལྟོས། །
སྒོམ་འདོད་ན་གཉུག་མའི་རང་གཤིས་སྐྱོངས། །
སྒྲུབ་འདོད་ན་དབེན་གནས་རུ་སུལ་འགྲིམས། །
སྤྱོད་འདོད་ན་བླང་དོར་གཉིས་སུ་མེད། །
དོན་གཡེང་མེད་སྒྲུབ་པའི་རྒྱལ་མཚན་འཛུགས། །
ཀ་དག་ཆོས་ཟད་ཀྱི་གྲུབ་མཐར་སྙོགས། །
ལྷུན་གྲུབ་ཐོད་རྒལ་གྱི་སྣང་གཞི་རྫོགས། །
ངང་དབྱིངས་བུམ་སྐུ་ཡི་བཙན་ས་ཟིན། །
འདི་རྫོགས་པ་ཆེན་པའི་ཁྱད་ཆོས་ཡིན། །
ངེད་པདྨ་དང་བཱི་མའི་བུ་རྒྱུད་ལ། །
ལར་ལྟ་བ་ནམ་མཁའི་དབྱིངས་ལ་འགྲན། །
དོན་དེ་རྗེས་ཚིག་གི་འདེབས་པ་ན། །
རེ་དོགས་ཀྱི་མདུད་པ་རང་སར་གྲོལ། །
ཉམས་འུར་ཚེ་མགུར་གླུ་དབང་མེད་ཐལ། །
ཕ་ཀློང་ཆེན་དགོངས་པའི་རྒྱུད་པ་ལ། །
བློ་བདེ་དང་གུ་ཡངས་རྒྱུན་ཆད་མེད། །
རྒྱ་གྲོལ་གྱི་རིག་པ་རང་གནས་སྐྱོང་། །
འཁོར་འདས་ཀྱིས་བར་ལག་ཐད་ཀར་འབྱེད། །
གཟུང་འཛིན་གྱི་རི་བོ་ཕཊ་ཀྱིས་གཏོར། །
ལྟ་བ་ལ་མིང་འདོགས་བྱ་རྒྱུ་མེད། །
བྱར་མེད་དུ་ས་ལམ་ཆིག་རྫོགས་ཡིན། །
ད་ལྟ་ཡི་རིག་པ་རང་སར་གློད། །
ཆགས་ཞེན་གནས་བྲལ་ངང་མཉམ་པོར་ཞོག །
འཁོར་འདས་རེ་དོགས་ཀུན་འཇའ་ལྟར་ཡལ། །
འབྲས་བུ་ཡི་སྐུ་གསུམ་གཞི་ལ་རྫོགས། །
རེད་བསམ་ན་རང་སེམས་བདར་ཤ་ཆོད། །
མིན་བསམ་ན་དངོས་འཛིན་དམ་པོར་གྱིས། །
བགད་འདོད་ན་ཐོག་མེད་ལས་ལ་དགོད། །
ཡིན་མིན་ཚིག་ལ་ཟད་མཐའ་མེད། །
བདེན་རྫུན་གནས་ལ་ཞིབ་པར་དཔྱོད། །
རེ་དོགས་གཉིས་མེད་སྨྱོན་པས་བྲིས། །
དགེའོ། །དགེའོ། །དགེའོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།