འཁྲུལ་དང་ཅ་ཅོའི་དྲི་མ་རིང་སྤངས་པའི།།
བདེན་གསུང་ཚངས་པའི་དབྱངས་ལས་འཕོས་མིན་ཡང་།།
གསོང་པོར་སྨྲ་བའི་སྡེབ་ལེགས་ངག་གི་དཔལ།།
ཡ་རབས་སྐྱེ་བོའི་རྣ་བའི་དཔྱིད་དུ་འབབ།།
མཆོག་དང་མཆོག་མིན་བར་མའི་འགྲོའི།།
ཐ་དད་བསམ་པའི་རྗེས་མཐུན་ཞིང་།།
ཚིག་གིས་འགྲུབ་པའི་འཕྲུལ་ཆེན་པོར།།
ངག་ནི་ཡིད་ཀྱི་ཟློས་གར་ཉིད།།
མཁའ་དང་ཉི་ཟླ་ལྷུན་པོའི་ཚོགས་ཀྱིས་ཀྱང་།།
རྟག་ཏུ་མ་ཡིན་མཇལ་དཀའ་ཐུབ་པའི་བསྟན།།
དེ་འཛིན་སྐྱོང་དང་སྤེལ་བའི་རླབས་ཆེན་ཁུར།།
དུས་སུ་འཛིན་པའི་ངག་ནི་དོན་དང་ལྡན།།
གཏན་ལེགས་འདུན་མ་ལྷ་ཆོས་ཏེ།།
དེ་ཡང་ཡང་དག་མི་ཆོས་ཉིད།།
རིན་ཆེན་གསེར་གྱི་རྒྱན་ཆ་སྟེ།།
དེ་ཡང་རང་བཞིན་ཡང་དག་གསེར།།
རླབས་ཆེན་ཕུལ་བྱུང་སྙིང་སྟོབས་བརྟན་པོ་ཡིས།།
ས་ཆེན་དཔུང་པས་འདེགས་པའི་མཐུ་ཕྲ་ཡང་།།
གཞོན་ལུས་ལང་ཚོས་སྒེག་པའི་རྣམ་དཔྱོད་ཀྱིས།།
བསྟན་ལ་སྲི་ཞུར་བགྱི་བ་དམ་པའི་ཚུལ།།
ཡོངས་རྫོགས་ཐུབ་བསྟན་དར་བ་གངས་ལྗོངས་ཀྱི།།
དར་རྒུད་རི་མོར་ཡོངས་བྲིས་མེས་པོ་ཡི།།
གཟུགས་བརྙན་གཙང་མའི་ཡིད་ལ་ལེགས་བཀོད་པ།།
བྱི་དོར་བགྱིད་པ་སྲོག་དང་ལྡན་པའི་སྲོལ།།
ཡ་རབས་དྲ་མའི་རྗེས་ཞུགས་དམ་པའི་འགྲོ།།
དམན་པའི་སྤྱོད་པས་ནམ་ཡང་མི་བརྫི་སྟེ།།
ལོག་ལམ་བསླུ་བྲིད་སྒྱུ་མའི་གར་མཁན་ལ།།
ཐོག་མ་ཉིད་ནས་བྱོལ་བ་གནད་དུ་སེམས།།
ཕན་སེམས་གཅིག་ཏུ་དཀར་བའི་གོང་བུ་རུ།།
རྨ་མེད་དམ་བཅའི་ལག་རྗེས་ཉེར་བཀོད་ན།།
ཕྱི་ནས་རྫོགས་ལྡན་གསར་པའི་དགའ་སྟོན་རྩེར།།
ཞུམ་པ་མེད་པའི་གྲལ་དུ་འགྱིང་བར་ངེས།།
སྒྲ་རུ་གྲགས་པ་རྟེན་འབྱུང་བརྡ་ཡི་དོན།།
ངག་ཏུ་བརྗོད་པ་བྲག་ཅའི་རྗེས་འགྲོ་སྟེ།།
བླང་དོར་འབྱེད་པའི་བློ་ཡིས་ལེགས་གཞལ་ན།།
ལྷག་བསམ་བྲེ་ཡི་ཆ་ཤས་འགེང་ཡང་སྲིད།།
རྣམ་མང་བློ་སྣ་སྤོས་རྒྱའི་འགྲོས།།
ཚིག་ཏུ་བརྗོད་པའི་མཐའ་དབེན་ཕྱིར།།
ཉག་གཅིག་དོན་གྱི་སྙིང་པོ་ལ།།
ཡང་ཡང་བལྟ་བ་གནད་ཀྱི་གསང་།།
ལན་གཅིག་ལམ་འགྲུལ་ཟླ་ཡི་གྲོགས་པོ་རུ།།
ལས་ཀྱིས་འབྲེལ་བའི་རཏྣའི་མཚན་ཅན་ལ།།
ལད་མོ་ཙམ་མིན་ལེ་ལོ་སྤང་བའི་མཆིད།།
ལས་སྨོན་དག་པའི་མཚམས་སྦྱོར་དང་བཅས་བྲིས།།
རབ་རྒྱན་ས་འབྲུག་ནག་ཟླའི་ཚེས་བཟང་པོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་མ་ཟབ་སྦྱོང་དགེ་རྒན་ཞིག་གི་ངོར་ལམ་ཞོར་རླངས་འཁོར་ཐོག་བྲིས་ཏེ་འཕྲལ་ཕུལ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།