༄༅། །འཇིགས་མེད་སྨྲ་བའི་རྒྱལ་པོ་ལྷ་མིའི་གཙོ།།
མཚུངས་བྲལ་ཡན་ལག་དྲུག་ཅུའི་དབྱངས་རྫོགས་པ།།
བདེན་གསུང་རྡོ་རྗེའི་ལྗགས་ལྡན་རྒྱལ་རྣམས་ཀྱིས།།
ཤིས་པའི་མེ་ཏོག་ཁྱོད་ལ་བསྙིལ་གྱུར་ཅིག།
སྲིད་ན་མཆོག་ཏུ་གཅེས་པ་སྲོག་གི་རྒྱུན།།
ཚེ་ཡི་ཉག་ཐག་སྲིན་བུའི་དར་སྐུད་ལ།།
མི་རྟག་སྲིན་མོའི་འདོམ་གྱིས་གཞལ་བའི་ཁྱོན།།
དོན་དང་ལྡན་པར་བགྱིད་པ་མཛངས་པའི་ཕུལ།།
སྲིད་འདིའི་བདེ་འབྱོར་བསླུ་བྱེད་ངལ་བའི་རྒྱུ།།
སུ་དང་འགྲོགས་ཀྱང་སྐྱོན་ལྡན་སུན་པའི་གཞིར།།
མཐོང་ནས་འཁོར་བའི་གནས་ལ་ཡིད་འབྱུང་བ།།
དམ་པའི་ལས་ལམ་དགེ་བའི་སྣོད་དུ་བསྔགས།།
གཅིག་ཏུ་བདེ་ལ་ཞེན་པའི་ཡིད་ཅན་ཀུན།།
སྡུག་བསྔལ་གསུམ་གྱི་ཚོར་བས་ཉམ་ཉེས་པ།།
ཡལ་བར་མི་འདོར་བརྩེ་བས་རབ་བསྐུལ་ཏེ།།
ཐར་ལམ་མིག་ཏུ་བསྟེན་པ་དམ་པའི་ཚུལ།།
རྒྱལ་བས་ཆོས་ཀྱི་འཁོར་ལོ་རིམ་གསུམ་གྱིས།།
ཟབ་དང་རྒྱ་ཆེའི་སྒོ་འཕར་རབ་དབྱེས་ཀྱང་།།
དང་པོའི་ལས་ཅན་ཐར་བ་དོན་གཉེར་པས།།
བཤེས་གཉེན་བསྟེན་ནས་འཇུག་པ་མ་འཆོལ་ལས།།
གཞུང་ལུགས་རྒྱ་མཚོར་ཐོས་པའི་མིག་རྒྱང་སྲིང་།།
མི་འཕྲོག་རྣམ་དཔྱོད་རྩལ་གྱིས་གཏིང་མཐའ་དཔོག།
མ་ནོར་དགོངས་པའི་གནད་གསང་དབྱིག་གི་མཆོག།
ཤེས་རབ་གསུམ་གྱིས་ལག་ཏུ་ལེན་པ་གཅེས།།
བརྒྱད་ཁྲི་བཞི་སྟོང་ལ་སོགས་ཆོས་ཀྱི་ཕུང་།།
མཐའ་ཡས་ཤེས་བྱའི་ཕ་མཐའ་མི་མངོན་པ།།
གནད་དུ་དྲིལ་བ་རྒྱུད་ལ་ལེགས་སྦྱོར་བ།།
ཐོས་དོན་བསམ་ཞིང་སྒོམ་པ་དཔྱོད་ལྡན་སྲོལ།།
གཞན་ཕན་བསམ་པས་དྲངས་པའི་ངེས་འབྱུང་གི།
སོ་ཐར་ཚུལ་ཁྲིམས་སྤོང་སེམས་གོམས་པ་ཡིས།།
བྱང་སེམས་བསླབ་པའི་གཞི་ལ་སློབ་བྱས་ཏེ།།
མཐར་གྱིས་གསང་ཆེན་སྙིང་པོའི་ལམ་ལ་བསྙེན།།
གྲངས་མེད་བསྐལ་པར་བསགས་པའི་ཚོགས་གཉིས་དང་།།
སྐྱེ་བ་དུ་མའི་གོམ་བགྲོད་བུལ་བའི་འགྲོས།།
བསྐྱུངས་ནས་མེས་པོའི་གཤེགས་ཤུལ་བགྲོད་གཅིག་ལམ།།
ཆིག་ཆོད་ཚེ་འདིར་ཟད་པའི་ས་རུ་སྐྱོལ།།
རང་གིས་རང་ཉིད་བརྙས་པ་ལེ་ལོ་སྟེ།།
སངས་རྒྱས་རང་ལ་ཡོད་པ་མདོ་སྔགས་ལུགས།།
དེ་ཕྱིར་ལྟ་སྒོམ་སྤྱོད་པའི་གནད་ཤེས་ན།།
གཞན་དྲིང་མི་འཇོག་བག་ཡངས་བློ་བདེར་འབྱུང་།།
དུས་འདི་སྙིགས་མ་ཡིན་པས་བཟང་བྱེད་དཀོན།།
འགྲོ་འདི་དམུ་རྒོད་ཡིན་པས་མགུ་ཐབས་བྲལ།།
ཐམས་ཅད་བདེན་མེད་ཕྱིར་ན་རྨི་ལམ་ལྟར།།
རེ་དོགས་ནང་ནས་བཅད་ན་བཙན་ས་ཟིན།།
མ་རབས་སྡིག་སྤྱོད་གཡོ་སྒྱུས་འཚོ་བྱེད་པའི།།
དམན་པ་བསྟེན་པས་ཕུང་ཞིང་ཐད་ཀས་ཀྱང་།།
འཕེལ་བར་མི་གཏུབ་དམ་པའི་ལྗོན་ཤིང་ལ།།
བརྟེན་ན་འཁྲིལ་ཤིང་ཇི་བཞིན་རྩེར་སླེབ་འགྱུར།།
མ་བརྟགས་ཐོ་ཅོའི་སྤྱོད་པའི་གཤོག་ཟུང་ངོམ།།
ཕྲག་དོག་ཟུག་རྔུའི་མདུང་ཐུང་བསྣུན་བྱེད་པའི།།
རིགས་མཐུན་ཆོས་པའི་གཟུགས་འཆང་བྱིས་བློ་ཅན།།
ཉེ་རིང་བར་མའི་འཛུམ་གྱིས་སྲུང་བ་མཆོག།
ཇི་ཙམ་བསྐྱང་ཡང་མགུ་འཁང་སྤེལ་བའི་རྒྱུ།།
གང་ལྟར་འབད་ཀྱང་འགྲུབ་པའི་མཐའ་དཀོན་ཕྱིར།།
གཉེན་འཁོར་ཡུལ་སྡེའང་ཆགས་སྡང་གཞིར་མཐོང་ནས།།
མཁས་པས་ཧ་ཅང་སྡང་དང་ཞེན་པ་མིན།།
ཡང་དག་མི་ཡི་ཆོས་ལུགས་ལེགས་སྤྱད་ན།།
མཐོ་རིས་ལྷ་ཡི་གོ་འཕང་གམ་ན་གནས།།
ལྷ་དང་མི་ཡི་རྟེན་མཆོག་དམ་པ་ལས།།
ཐར་བ་སྐས་དང་ཐེམ་པའི་ཚུལ་ལ་སོམས།།
མཐོ་ཞིང་འབྱོར་ན་ལྐོག་ནས་སྨོད་བྱེད་ཅིང་།།
དམའ་ཞིང་དབུལ་ན་ངོས་ནས་སུན་འབྱིན་བྱེད།།
ཕྲག་དོག་གདོན་གྱིས་བུས་པའི་འཐོར་རླུང་གིས།།
མི་གཡོ་རི་རྒྱལ་བཞིན་དུ་བརྟན་པར་བྱོས།།
འཕྲལ་སྣང་འགྲོགས་བདེ་ཁོང་ཡངས་ཚིག་རབ་གསལ།།
གཞུང་བཟང་ཕྱི་ཐག་རིང་ཞིང་བཟོད་བསྲན་ལྡན།།
གལ་ཆེན་གནས་ལ་མི་ཤིགས་སྙིང་གི་སྟོབས།།
རྡོ་རྗེའི་ཁམས་ལྟར་འགྱུར་བ་མེད་པ་མཆོག།
སྐད་ཅིག་ཆས་དགོས་མི་བརྟན་གཡར་པོའི་ལུས།།
ལང་ཚོ་དར་ཚེ་ལུགས་ཟུང་ལེགས་པའི་སྲོལ།།
ཕུལ་བྱུང་བསྔགས་འོས་ལག་རྗེས་མེད་གྱུར་ན།།
མི་ཞེས་མིང་གི་ཐོ་ཡོར་རྩམ་པའི་གྲོན།།
རླབས་ཆེན་བསྟན་སྲིད་བྱ་བའི་ཁུར་ལེན་པའི།།
ལྷག་བསམ་འདུན་པ་བཟང་པོ་དར་དྲག་པས།།
དོན་མཐུན་ན་མཉམ་ཚོགས་པའི་མདུན་བདར་ཏེ།།
འཇིགས་མེད་སྨྲ་བའི་ཁྲི་ལ་བསྙེམ་མི་འཚལ།།
ཇི་ཞིག་དུས་ན་རྒ་བའི་ཕོ་ཉ་བ།།
ན་ཚོད་ཡོལ་བའི་དུས་བརྡས་བསྐུལ་གྱུར་ཚེ།།
བློ་སྣ་སྤོས་རྒྱའི་རི་མོ་མཐའ་བསྡུས་ཏེ།།
ནང་གི་དེ་ཉིད་མཇལ་ལ་མངོན་པར་ཕྱོགས།།
བྲག་དཀར་ལྗོན་ཤིང་སྟུག་པོའི་མེལ་ཚེ་ཅན།།
ཡིད་འོང་ཆུ་འཛིན་ཆབ་ཀྱིས་ལེགས་བྲན་པའི།།
འདབ་ལྡན་གེ་སར་བཞད་པའི་ཚལ་ཆེན་པོར།།
དབེན་གསུམ་དམ་པའི་རྒྱལ་ས་ཅིས་མི་བཟུང་།།
དེ་ན་མཁའ་དང་ས་གཞི་ལྷུན་པོའི་སྤོ།།
རི་བོའི་ཁོང་སེང་དག་ནས་རྙེད་མིན་པའི།།
ཞི་བའི་རོ་མཆོག་བསམ་གཏན་བདུད་རྩིའི་བཅུད།།
བཏུང་བའི་དཔལ་ལ་ལྷས་ཀྱང་འགྲན་ནུས་མིན།།
གང་ཁྱོད་བསླབ་པ་མཆོག་ལྡན་ཡིད་གཞུང་དྲང་།།
ཡ་རབས་སྤྱོད་པ་ལྷུར་ལེན་ཚེས་གསུམ་ཟླའི།།
རང་མདངས་གསལ་ལས་ཆེས་གསལ་བཅོ་ལྔའི་ཟླར།།
འཕེལ་ཞིང་ནམ་ཡང་བྲི་བར་མ་གྱུར་ཅིག།
དེ་སྐད་ཐོལ་བྱུང་རི་མོའི་འཕྲུལ།།
མདོ་ཁམས་ཤར་ཕྱོགས་མི་ཉག་པ།།
ཤྲཱི་སེང་ཆོས་གྲྭའི་ཆོས་ཁྲིམས་ཆེ།།
རིག་པ་འོད་ཟེར་གསུང་བཞིན་བྲིས།།
རབ་རྒྱན་ལྕགས་ལུག་ཧོར་ཟླ་བཅུ་གཉིས་པའི་བཤོལ་ཟླའི་མར་ངོས་ཚེས་བཅུའི་བར་གྱི་ཐུན་གསེང་ལ་པདྨ་སྐལ་བཟང་དེས།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།