༄༅། །བཙུན་མོ་ལ་སྤྲིང་བའི་གཏམ་དམ་པའི་གན་མཛོད་ཅེས་བྱ་བ། རྗེ་བཙུན་སྒྲོལ་མ་ལ་ཕྱག་འཚལ་ལོ། །གང་མཚན་དཔྱངས་བའི་རྣ་ལུང་བཻཌཱུརྱས། །རིན་ཐང་མཉམ་པར་བསྐྲུན་པ་རབ་བཏགས་མིན། །གྲོང་ཁྱེར་རྩྭ་ཅན་གཟིམས་པའི་དེ་མ་ཐག །པདྨའི་གེ་སར་ལས་སྤྲུལ་དེས་བྱིན་རློབས། ༡ །འཁོར་བ་ཆུ་སྲིན་འབྱུང་གནས་ཀྱིས་བཟུང་ཡང༌། །ཁོམ་ལྡན་མིན་པའི་རྟེན་གྱིས་ཁྱོད་སྤོངས་ཏེ། །དལ་དང་འབྱོར་པའི་རིན་ཆེན་གླིང་ཕྱིན་ནས། །མཐོ་རིས་ཡོན་ཏན་བདུན་ལ་བསྙེན་དེ་རྨད། ༢ །རྒྱལ་བསྟན་རིན་ཆེན་འབྱུང་ལྡན་སྙིགས་མ་ལྔའི། །ཞགས་པས་དམ་དུ་བཅིངས་པའི་གནས་སྐབས་འདིར། །རྒྱལ་པོའི་ཁབ་ལ་བསྟེན་ཀྱང་ངེས་འབྱུང་གི། །སེམས་དེ་སོ་སོར་ཐར་པའི་ས་བོན་དངོས། ༣ །ཀུ༵ན་འབྱུ༵ང་རི་མོ་མཁན་གྱིས་འཁོར་བ་འདིའི། །སྡུ༵ག་བསྔ༵ལ་གཟུགས་བརྙན་ལ་སྦྱར་རྒྱུ་འབྲས་ཆོས། །བསླུ་བ་མ་མཆིས་ལྐོག་གྱུར་མངོན་མཐོང་ནས། །དེ་འགོག༵་ལ༵མ་དེ་རྒྱལ་བའི་བསྟན་པ་ཡིན། ༤ །རྟགས་ཙམ་འཛིན་པའི་སྔོན་འགྲོས་དགེ་སྦྱོང་ཡང༌། །ཉམས་དང་བཅོམ་ལྟུང་ཕམ་པར་སྦྱར་མང་ན། །དུས་ཁྲིམས་ཡན་ལག་བརྒྱད་དང་གཏན་གྱི་ཁྲིམས། །ཕྱོགས་གཅིག་ལྡན་པ་ཁྱིམ་ནའང་གཟུང་དུ་མཆིས། ༥ །གང་ཕྱིར་ཉ་སྟོང་ལ་སོགས་བཟང་ལྡན་དུས། །གྱི་ནར་མ་འཕྱན་མཐོ་རིས་ཐར་པའི་ལམ། །རྩ་བཞི་མྱོས་དང་གར་ཕྲེང་སྟན་མཐོན་པོ། །ཕྱི་དྲོའི་ཟས་སྤོང་ཡན་ལག་བརྒྱད་པ་སྟེ། ༦ །ཚུལ་ཁྲིམས་དེ་འདྲ་ལགས་ན་གནའ་དུས་ཀྱི། །ས་དབང་གཟུགས་ཅན་སྙིང་པོ་རྒྱལ་ཁབ་ནས། །དགྲ་བཅོམ་གོ་འཕང་བརྙེས་པའི་དཔེ་ཟླ་ལ། །ཕྱག་རྒྱས་བཏབ་པ་མེད་ཀྱི་ཅིས་མི་བརྩོན། ༧ །ཁྱད་པར་བྱང་ཆུབ་སེམས་ཀྱི་རྟ་བདུན་པས། །ཉེར་དྲངས་ཐེག་པ་ཆེན་པོའི་སྡེ་སྣོད་ཀྱི། །བསླབ་པའི་ངོ་བོ་གཟུགས་ཅན་མ་ཡིན་ན། །སྨོན་འཇུག་སྣང་བ་ཆེན་པོས་ས་ཆེན་སྐྱོངས། ༨ །གཞན་ཕན་སྙིང་རྗེ་ཆེན་པོའི་ཤིང་རྟ་ཡི། །ཁུར་དུ་བཟོད་ཙམ་ཉན་ཐོས་གླང་པོར་མིན། །འགྲོ་བའི་དཔལ་མོ་གར་ལ་བརྩེ་བ་ཡི། །སྒྱུ་མ་ཇི་བཞིན་འབངས་ལ་བྱམས་པར་མཛོད། ༩ །དྲག་ཤུལ་ཅན་ཞུས་མདོ་ལས་སྐྱེ་བ་ཡི། །ཕམ་ལ་ལྷག་བཅས་བཅུ་ཕྲག་དྲུག་གི་སྐྱོན། །གསུང་དེ་རིགས་ཅན་ལྔ་ཡི་རྩའི་རྟེན་འབྱུང༌། །ཙམ་ཕྱིར་རང་བཞིན་བཟང་ལ་དེ་ཡོད་མིན། ༡༠ །ཞིང་སྐྱེས་རྣམས་ནི་མངོན་པར་འབྱུང་བའི་མདོར། །རིན་ཆེན་བདུན་གྱི་གཏམ་གྱི་རྗེས་བསྔགས་ནས། །བཙུན་མོ་རིན་ཆེན་མི་མཐུན་ཕྱོགས་ལྔ་དང༌། །བྲལ་ནས་ཡོན་ཏན་བརྒྱད་ལ་བསྙེན་དེ་མཚར། ༡༡ །ཐབས་ལས་ཐབས་མྱུར་སྔགས་ཀྱི་སྡེ་སྣོད་ནས། །སྒྱུ་མ་ཀུན་གྱི་དེ་ཉིད་རྨོངས་བྱེད་པའི། །སྒྱུ་མའི་དཔལ་མོ་བདེ་སྟོང་ཡེ་ཤེས་ཀྱི། །མཛོད་ཁང་དམ་པར་བསྔགས་དེས་ཁྱོད་ཅིག་བརྒྱན། ༡༢ །ཤེས་རབ་ཕ་རོལ་ཕྱིན་པའི་རིགས་སྔགས་ཀྱང༌། །དབང་གསུམ་སྒྱུ་མའི་རྟེན་ཅིང་འབྲེལ་འབྱུང་ཆོས། །བཞི་ཚན་བཞི་པའི་ལྷན་ཅིག་སྐྱེས་པ་ལ། །དགའ་བའི་སྒྲས་བརྗོད་ཡེ་ཤེས་བདག་པོའང་ཉིད། ༡༣ །གང་ཁྱོད་ཤེས་རབ་དམ་པའི་རང་བཞིན་དུ། །གདོད་ནས་གྲུབ་པའི་རྣམ་པ་གང་ཡིན་པ། །རྐྱེན་གྱིས་སད་བྱེད་སྨིན་གྲོལ་བདུད་རྩིའི་ཆར། །ཁྱེད་ལ་གདམས་ན་རིམ་གཉིས་ལམ་ལ་བརྩོན། ༡༤ །ཆོས་ཀྱི་དབྱིངས་ཞེས་རྒྱལ་བ་ཀུན་གྱི་ཡུམ། །དེ་ཡི་རང་བཞིན་དྲན་པའི་དབང་པོ་སྟེ། །དྲན་པ་ཁོ་ནས་མྱ་ངན་འདའ་བ་ལ། །བཅོས་སུ་མེད་འདི་རྫོགས་པ་ཆེན་པོ་ཡིན། ༡༥ དེ་ཕྱིར་དེ་ཡི་ཆོས་ཉིད་གོམས་བྱས་ན། །རྒྱལ་པོའི་ཁབ་ཏུའང་སེམས་དབེན་ཐོབ་གྱུར་ནས། །གདོད་མའི་ཞིང་དུ་རོ་གཅིག་མཛའ་བ་ཡི། །རྟེན་འབྲེལ་སྨོན་ལམ་ཁྱེད་ལ་དགེ་གྱུར་ཅིག ༡༦ །ས་སྐྱོང་སྡེ་དགེའི་བཙུན་མོ་དམ་པ་ངང་ཚུལ་བྱང་ཆུབ་རྒྱལ་མོ་ལ་རྫོགས་ཆེན་པ་རང་བྱུང་རྡོ་རྗེས་གདམས་པ་རྫོགས་སོ།། །།
༈ སྤྲིང་ཡིག་གི་དོན། སློབ་དཔོན་རིན་པོ་ཆེའི་མཚན་རྣ་བར་ཐོས་པ་དེའི་རྣ་བ་དང་གཞན་གྱི་རྣ་བ་མི་འདྲ་བས་རིན་ཐང་བཻཌཱུརྱ་དང་མཉམ། དེའི་རྒྱུའང་སྙན་དངགས་ཀྱི་རབ་བཏགས་རྫུན་གཏམ་མིན། སངས་རྒྱས་རྩ་མཆོག་གྲོར་དུ་གཤེགས་འཕྲལ་པདྨ་ལ་བརྫུས་ཏེ་བྱོན་ཟེར་བའི་དོན་ནོ། །དེ་ནས་རྐང་པ་གཉིས་པའི་དོན། འཁོར་བ་ལ་གནས་ཀྱང་མི་ཁོམ་པ་བརྒྱད་དང་བྲལ་བའི་ལུས་རྟེན་དལ་འབྱོར་བཅོ་བརྒྱད་ཚང་བ་ཐོབ་ནས། ཚེ་རིང་བ་ལ་སོགས་མཐོ་རིས་ཀྱི་ཡོན་ཏན་བདུན་མཛོད་འགྲེལ་ན་ཡོད་པ་དེ་དང་ལྡན་པའི་དོན། གསུམ་པ། དེང་སང་རྒྱལ་བསྟན་དར་ཀྱང་མ་སྨིན་པས་སྙིགས་མ་ལྔ་སྟེ། ལྟ་བའི་སྙིགས་མ་ལ་སོགས་པ་ལྔས་བཅིངས་སྐབས་རྒྱལ་ཁབ་ན་གནས་ཀྱང་འཁོར་བ་ལ་ངེས་འབྱུང་གི་བློ་ཡོད་ན། སོ་སོར་ཐར་པའི་སྡོམ་པ་དངོས་དེ་ངེས་འབྱུང་རྒྱུད་ལ་སྐྱེས་པ་དང་ཡོད་ཟེར་བའི་དོན། བཞི་པ། ཀུན་འབྱུང་ནི་ཉོན་མོངས་པ། སྡུག་བསྔལ་ནི་དེའི་འབྲས་བུ། དེ་འདྲའི་རྒྱུ་འབྲས་ལ་ཡིད་ཆེས་ནས་ལམ་ཉམས་སུ་ལེན་སྡིག་སྤང་དགེ་བསྒྲུབ་ལ་འབད་ནས་སླར་སྐྱེ་བ་འགོག་པའི་ཐབས་ནི་འདུལ་བའི་བསྟན་པ་ངོ་ཐོག་ཡིན་ནོ། །ལྔ་པ་ནི། ད་ནི་རྟགས་ཙམ་འཛིན་པ་ལ་ཉེ་ལ་དགེ་སྦྱོང་རྣམས་ཀྱང་བསླབ་པ་དང་འགལ་བ་ཉམས་བཅོམ་ལྟུང་གསུམ་དང༌། སྡོམ་པ་རྩ་བ་ནས་ཞིག་པ་ཕམ་པ་ལ་སྦྱོར་དུས་འདིར། དུས་ཁྲིམས་ཏེ་ཉ་སྟོང་བརྒྱད་སོགས་ལ་ཡན་ལག་བརྒྱད་ཀྱི་རྣམ་གྲངས་མཛོད་ལས་གསལ་བ་ལྟར་བསྙེན་གནས་བསྒྲུབ་པ་དང༌། ཕྱོགས་གཅིག་སྤོང་པ་སྟེ་སྲོག་གཅོད་དམ་རྫུན་ལྟ་བུས་མཚོན་གང་ཡང་རུང་བ་གཏན་དུ་སྤོང་བའི་ཚུལ་ཁྲིམས་ནི་ཁྱིམ་པས་ཀྱང་བྱར་བཏུབ་པས་ན། ཞེས་མཚམས་སྦྱོར་ནས། རྐང་པ་དྲུག་པས། ཉ་སྟོང་ལ་སོགས་པའི་དུས་བཟང་པོ་དེ་རྣམས་ལ་གཏང་སྙོམས་སུ་མ་ལུས་པར་ཕྱི་མ་མཐོ་རིས་ངེས་པར་ཐོབ་པའི་རྒྱུ་ཡན་ལག་བརྒྱད་པ་སྲུངས་ཤིག་ཅེས་གདམས་པའོ། །བདུན་པའི་དོན། དེ་ལྟར་ཁྱིམ་པའི་ཕྱོགས་ལའང་ཚུལ་ཁྲིམས་དང་དུ་བླང་ཚུལ་དེ་འདྲ་ཡོད་པས་སྟོན་པ་འཚོ་ཞིང་གཞེས་པའི་དུས་རྒྱལ་པོ་གཟུགས་ཅན་སྙིང་པོ་དགྲ་བཅོམ་པའི་གོ་འཕང་ཁྱིམ་ན་གནས་བཞིན་དུ་ཐོབ་པ་ལ་དགོངས་ནས་བརྩོན་ཅིག་ཅེས་པའོ། །བརྒྱད་པ། ཁྱད་པར་ཐེག་པ་ཆེན་པོ་ནི་བྱང་ཆུབ་ཀྱི་སེམས་ལ་རག་ལུས་པ་ཡིན་ཞིང༌། སྡོམ་པ་ཡང་ཉན་ཐོས་ལྟར་ལུས་ངག་གི་ཁྲིམས་གཟུགས་ཅན་ལྟར་སྣང་བ་ཙམ་མ་ཡིན་པ། རྣམ་པར་རིག་པ་སེམས་བཟང་པ་ལ་རག་ལས་པས་སྨོན་འཇུག་གི་སེམས་བསྐྱེད་ཁོ་ནས་ས་ཆེན་པོ་སྐྱོངས་ཤིག་ཅེས་པའོ། །དགུ་པ། བྱང་ཆུབ་སེམས་དང་ལྡན་པས་གཞན་ཕན་བྱེད་པ་ཙམ། ཉན་ཐོས་ཀྱི་སྡེ་སྣོད་ཀྱི་མ་ཡིན་པས་ཁུར་ཐེག་ཆེ་ཆུང་གླང་པོ་དང་ཤིང་རྟ་ལ་སྦྱར་ནས། སངས་རྒྱས་ཀྱི་འཁྲུངས་རབས་བརྒྱ་པར་གར་མཁན་འགྲོ་བའི་དཔལ་མོ་ཞེས་པའི་བུ་མོར་སྐྱེས་ནས་གར་མཛད་ནས་སེམས་ཅན་ལ་ཕན་བཏགས་པ་ལྟར་སྐྱེ་བ་དམན་པས་མི་སྟོབས་འབངས་ལ་བྱམས་སྐྱོང་མཛོད་ཅིག་ཅེས་པའོ། །བཅུ་པ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པ་ལས། བུད་མེད་ལ་སྐྱོན་དྲུག་ཅུ་ལྷག་བཅས་གསུངས་པ་དེ། གསང་སྔགས་ཀྱི་གཞུང་ནས་བུད་མེད་ལ་རྩ་རིགས་ཅན་ལྔས་ལྷག་པའི་རྟེན་འབྲེལ་ཙམ་ཡིན་ན། རང་བཞིན་ངང་རྒྱུད་བཟང་པོ་ལ་དེ་མེད་པས་ལུས་རྟེན་དམན་ཀྱང་ཐེག་པ་ཆེན་པོའི་ཆོས་ཉམས་སུ་ལེན་པ་ལ་མི་སྟོ་བའི་དོན་དང༌། བཅུ་གཅིག་པའི་དོན་ནི། ཞིང་སྐྱེས་ཀྱི་ཌཱཀྐི་མ་རྣམས་ནི་མངོན་འབྱུང་གི་མདོར་རྒྱལ་སྲིད་སྣ་བདུན་བཤད་པའི་སྐབས་བུད་མེད་ཀྱི་སྐྱོན་ལྔ་དང་བྲལ་ཞིང༌། ཡོན་ཏན་བརྒྱད་དང་ལྡན་པ་ལ་བཙུན་མོ་རིན་ཆེན་གྲགས་པ་དེ་ཁྱོད་ལ་རང་བཞིན་གྱིས་མངའ་ཞེས་བརྗོད་པའོ། །དེ་མན་ཆད་ཀྱི་ཚིག་རྐང་གསུམ་ནི། ཁྱད་པར་སྔགས་ཀྱི་སྡེ་སྣོད་ནི་ཐབས་ལས་ཐབས་མཆོག་ཏུ་གྱུར་པ་ཡིན་པས་དབང་གོང་མ་གསུམ་པོ་ཤེས་རབ་མའི་སྒྱུ་རྩལ་ལ་མ་བསྟེན་པར་བསྐུར་དུ་མེད་པས་དེ་ཉིད་ཀྱི་བདག་པོ་ཁྱོད་གཅིག་ཡིན་ན། དེའི་སྤངས་རྟོགས་ཡོད་པར་བྱེད་པའི་རྟེན་འབྲེལ་སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་ཁྲིད་ཁྱེད་ལ་གདམས་ཟིན་པས་བསྐྱེད་དང་རྫོགས་པའི་ལམ་རིམ་པ་གཉིས་ལ་བརྩོན་ཅིག་པའོ། །ཚིག་རྐང་བཅོ་ལྔ་པ་ནི། སེམས་ངོ་འཕྲོད་ནས་དྲན་པ་བསྐྱང་བ་དེ་རྫོགས་པ་ཆེན་པོ་ཡིན་ཚུལ་དང༌། བཅུ་དྲུག་པས། དྲན་པ་གོམས་ན་རྒྱལ་ཁབ་འདུ་ལོང་ཅན་དུའང་སེམས་དབེན་པས་རྣམ་རྟོག་གི་རྣམ་གཡེང་ལམ་དུ་འཁྱེར་ཤེས་ནས་གནས་ལུགས་མཐོང་བ་ལ་ཚེགས་མེད་པས་གདོད་མའི་སངས་རྒྱས་ཀྱི་རང་ཞལ་མཇལ་བར་སྨོན་ལམ་དང་ཤིས་པ་བརྗོད་པའོ། །གཏམ་ཚོགས་ལེའུ་དགུ་པའོ།། །།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།