༄། །ས་སྐྱོང་སྡེ་དགེ་ལ་སྤྲིང་བའི་གཏམ་ས་ལ་སྤྱོད་པའི་རྣ་རྒྱན།

WechatIMG2281.jpeg

༄༅། །ས་སྐྱོང་སྡེ་དགེ་ལ་སྤྲིང་བའི་གཏམ་ས་ལ་སྤྱོད་པའི་རྣ་རྒྱན་ཅེས་བྱ་བ། རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །གང་གིས་འགྲོ་བ་ཐམས་ཅད་ལ། །གཉེན་དང་འདྲ་བར་སེམས་བསྐྱེད་ཀྱང༌། །དད་དང་ལས་འབྲེལ་ཅན་དག་ལ། །ཉེ་འཁོན་ཕོ་ཉར་འོང་བ་བཞིན། ༡ །དེ་ལྟ་ན་ཡང་རྒྱལ་ཁབ་དེར། །སྤྱོན་ལ་བསྐུལ་བའི་ལུས་ཕྲ་མར། །བརྙས་དང་མ་གུས་མ་ལགས་པའི། །སྤྲིང་ཡིག་གསར་བའི་རྣ་ཆས་འཛུམ། ༢ །བགྲེས་རྒུད་མེད་པའི་རྣམ་རིག་ནི། །མི་བདག་བཞེད་པའི་དོན་བསྒྲུབ་པར། །ཉིན་མོའི་དཔལ་གྱི་རྟ་བདུན་བཞིན། །གཡོ་ལ་དལ་ཁོམ་མ་མཆིས་ཀྱང༌། ༣ །འབྱུང་བཞིས་བཟུང་བའི་ལང་ཚོ་ནི། །ཞག་དང་ཟླ་བས་སྤུངས་པ་ཡི། །རྒ་བའི་ལྕིད་ཀྱིས་མངོན་སུམ་ནོན། །སྙོམས་ལྡན་མིན་པའི་འདུ་བས་དཀྲུགས། ༤ །ཀུན་ལ་ལྐོག་ཏུ་གྱུར་པ་ནི། །རང་གི་རང་བཞིན་ལག་མོད་དེ། །ཡུལ་གྲུ་གསར་དང་དེ་ཡི་ཆུས། །སྔོན་ཡང་གནོད་པ་སྣ་ཚོགས་བསྟན། ༥ །གང་ཞིག་རྐྱེན་གྱིས་ཚར་བཅད་པའི། །འདུ་བས་རང་མཚན་མི་འཛིན་ན། །གནོད་པ་མངོན་སུམ་ཐོབ་པའི་ཚེ། །ཁྱེད་ལའང་ཕན་པ་ཅི་ལྟར་བསྒྲུབ། ༦ །དེ་ བས་ས་ལ་སྤྱོད་པ་ཁྱེད། །མཛའ་བཤེས་བཞིན་དུ་བདག་གི་ཚིག །བསླུ་བའི་གནོད་པ་མ་མཆིས་པ། །འདི་ནི་རྣ་བའི་རྒྱན་དུ་མཛོད། ༧ །འདི་ལྟར་འཁོར་བ་མ་རུངས་པ། །ཆུ་སྲིན་ལྟ་བུའི་ལྟོ་བ་ནས། །བདེ་འགྲོ་ལས་ཀྱང་མཐོ་རིས་ཀྱི། །ཡོན་ཏན་བདུན་པོ་ཕལ་མོ་ཆེས། ༨ །ཁྱོད་ལ་མཛའ་བར་བྱས་ཟིན་ན། །ད་ནི་འཚོ་བ་བསྲིང་བའི་ཐབས། །སྲོག་ལ་ཆད་པ་མི་སྦྱིན་པ། །ཡ་རབས་རྣམས་ཀྱི་ཚེ་སྒྲུབ་ལགས། ༩ །འཁོར་བར་སྲོག་ལ་མི་ཕངས་པ། །དམྱལ་བ་པ་ལས་ཡོད་མིན་ན། །མཐར་གྱི་འཆི་བའི་ཆོས་ཉིད་ལ། །ཀུན་ཀྱང་སྐྲགས་ནས་བརྟབ་པ་བཞིན། ༡༠ །ཁྱད་པར་བྱ་དང་རི་དྭགས་ཕྱུགས། །མགོན་མེད་ལོག་པར་ལྟུང་བ་རྣམས། །རྣམ་ཀུན་སྡུག་བསྔལ་མེས་གདུངས་ན། །འཚིག་པ་སླར་བསྲེག་མགར་ལས་སུ། ༡༡ །གཞན་སྲོག་འཕྲོག་ལས་ཕྱིར་ཕྱོགས་པས། །རྒྱལ་སྲིད་ཉམས་པར་གྱུར་པ་མེད། །མཚོན་ཆའི་ཐབས་ལ་མཁས་པ་རྣམས། །གཡུལ་ངོར་རྨ་སྲོལ་བཏོད་པ་མང༌། ༡༢ །གང་ཞིག་གནོད་པ་ཅན་ལ་འབྲོས། །གནོད་མི་བགྱིད་པ་ཚར་གཅོད་ན། །བདེ་སྐྱིད་ཁྱོད་ལ་རེ་བ་རྣམས། །སུ་ལ་སྐྱབས་སུ་མཆི་བར་དགོངས། ༡༣ །མཐོ་རིས་ཡོན་ཏན་བདུན་ཀུན་གྱི། །གཙོ་བོ་ཚེ་རིང་པ་ཉིད་ན། །དེ་ཡི་བྱེད་པ་རྒྱུ་མཐུན་ནི། །འབད་ནས་བསྒྲུབ་པ་ཅང་ཤེས་ཡིན། ༡༤ །བློ་གྲོས་ཉམ་ཆུང་གྱུར་པ་དང༌། །ཆོས་ཀྱི་བསྟན་བཅོས་མི་ཤེས་པ། །དེ་ནི་གདོན་མི་ཟ་བ་རུ། །རང་གཞན་གཉིས་ཀ་བསྲེག་ལ་བརྩོན། ༡༥ །དེ་བས་ཡ་རབས་རིགས་བཟང་ཁྱོད། །དཀྱིལ་ཆེ་སྙིང་རྗེའི་བདག་ཉིད་ནི། །རྟག་ཏུ་ཉོན་མོངས་མེད་པ་ཅན། །གཟུགས་ཅན་སྙིང་པོའི་སྤུན་ཟླར་མཛོད། ༡༦ །གང་དག་ཕ་དང་མ་ལ་དེ་དང་དེར། །ཤེས་ནས་མཆོད་པ་བྲམ་ཟེ་ལ་ཡང་ཡོད། །དེས་ཀྱང་བསོད་ནམས་མ་ཡིན་ཕྱོགས་བསྲུངས་ཤིང༌། །བདག་ལ་རིམ་གྲོ་ཐོབ་པ་མཁས་པའི་ལུགས། ༡༧ །རིགས་གཟུགས་དབང་ཐང་ཆེ་ལ་རྒྱགས་པ་དང༌། །མངོན་པའི་ང་རྒྱལ་འཇུངས་དང་གཡོ་སྒྱུས་འཚོ། །འདི་དག་བག་ཡོད་འཇིགས་པའི་ཆོམ་རྐུན་ཏེ། །སྡིག་སྤྱོད་རྣམས་ཀྱི་རྣམ་པར་ཐར་ཕྱིར་སྲིངས། ༡༨ །དགེ་བའི་ལས་ལམ་བཅུ་དང་བསྙེན་བྱེད་པ། །འདི་ནི་ཚུལ་ཁྲིམས་རྣམས་ཀྱི་ཕྱི་མོ་དང༌། །རྣམ་ཤེས་བརྒྱད་དང་འབྲེལ་བའི་ལུས་ངག་ལས། །དཀར་པོ་རྣམ་པར་འཕེལ་བའི་ས་བོན་ཡིན། ༡༩ །དགྲ་བཅོམ་གཏན་ཁྲིམས་བྲར་ལམ་ཡན་ལག་ནི། །རྣམ་པ་བརྒྱད་དུ་བཅས་པའི་དུས་ཀྱི་ཁྲིམས། །དུས་ཆེན་བཞི་དང་ཉ་སྟོང་བརྒྱད་གསུམ་ལ། །བདག་ཉིད་ལྷུར་བཞེས་འབངས་ལའང་སྩལ་བར་བགྱི། ༢༠ །ཆགས་དང་ཁོང་ཁྲོ་ང་རྒྱལ་མ་རིག་པ། །འཇིག་ཚོགས་ལ་བལྟ་ཐེ་ཚོམ་རྣམ་པ་དྲུག །རྩ་བའི་ཉོན་མོངས་སྒྲ་གཅན་གདོང་པ་ཅན། །དགེ་བའི་ཉིན་བྱེད་ལ་སྡང་མཁྱེན་པར་མཛོད། ༢༡ །བླ་ན་མེད་པའི་ཞིང་ས་དཀོན་མཆོག་གསུམ། །གང་ལ་མཆོད་དང་ཕན་འདོགས་བསམ་པས་གཏོང༌། །མི་དགེ་སྤང་བ་ཡང་དག་ལེན་པའི་ཁྲིམས། །ལྷ་རྗེས་དྲན་པ་དྲུག་ལ་གོམས་པར་བགྱི། ༢༢ །རྒྱལ་བ་ཐུགས་རྗེའི་བདག་ཉིད་ཅན་དེ་ཡིས། །གྲངས་མེད་གསུམ་དུ་དགོངས་ཤིང་དཔྱད་པས་ཀྱང༌། །བྱང་ཆུབ་སེམས་ལས་གཞན་པའི་ཆོས་མ་གཟིགས། །དེ་ཕྱིར་འདི་ནི་སྲོག་ལས་གཅེས་པར་ཟུང༌། ༢༣ །རིན་ཆེན་སེམས་ལ་སྨོན་འཇུག་རྣམ་གཉིས་ལས། །འཇིག་པའི་བསླབ་བྱ་རྒྱལ་སྲིད་ལ་བསྲིང་ན། །སྤྱིན་ཚུལ་བཟོད་པ་གསུམ་ལ་བསྙེན་ནས་ཀྱང༌། །སྤྱོད་ལམ་རྣམ་བཞིར་སྨོན་སེམས་བཏང་མི་འཚལ། ༢༤ །བསམ་པ་བཟང་པོ་རང་དབང་གྱུར་པའི་སེམས། །ཁ་ན་མ་ཐོ་གཞན་དབང་མ་ཡིན་པས། །རྒྱལ་པོའི་སྲིད་ཀྱང་མི་ཉམས་བྱང་ཆུབ་ཆོས། །རྫོགས་པར་འགྱུར་ཞེས་བདེན་པར་སྨྲ་བས་གསུངས། ༢༥ །འདི་ལྟར་རང་སེམས་དགེ་བ་ཙམ་ཞིག་གིས། །མངའ་རིས་བདེ་ལ་འགོད་པར་ཡོངས་མི་ནུས། །ཁ་གསགས་གཏུམ་པོ་མི་བཟོད་གཟུ་ལུམས་ཅན། །རྒྱལ་པོའི་འཁོར་ན་མང་པ་མཁྱེན་འཚལ་ལོ། ༢༦ །མང་པོས་བཀུར་ལ་བྱས་པ་གཟོ་བ་ཡི། །དྲུག་ཆུའི་དཔྱ་ཐང་འཚལ་བ་ནས་བཟུང་སྟེ། །གནའ་བོའི་དུས་ནས་བཞག་པའི་ཡབ་མེས་ཀྱི། །བཞག་པ་གང་ལས་གསར་པའི་སྐབས་མི་དབྱེ། ༢༧ །སྐྱེ་བོ་རྣམས་ནི་འཇུངས་པ་ཁོ་ནའི་ཕྱིར། །གཏོང་ལ་སྤྲོ་བའི་གོ་སྐབས་དབྱེ་དཀའ་ན། །ཐུབ་ཆོད་མཐུས་ལེན་གཞན་གྱི་སེམས་བསྲེག་ཅིང༌། །དངོས་ལའང་གཤིན་རྗེའི་འཇིག་རྟེན་ཐོབ་འདི་སྤངས། ༢༨ །རྟག་ཏུ་སོ་སོའི་སྐྱེ་བོ་དང༌། །དམ་པའི་ཁྱད་པར་མཁྱེན་འཚལ་ནས། །མི་ཆོས་གཙང་མ་བཅུ་དྲུག་དང༌། །དམ་པའི་རྣམ་ཐར་སྒྲུབ་འདི་གཅེས། ༢༩ །གྱ་ཚོམ་ལ་སྤྱོད་སྡིག་ལ་འབད། །རིག་པའམ་མ་ཡིན་བཏང་སྙོམས་ཅན། །བྱས་པ་གཟོ་མིན་མགུ་བར་དཀའ། །སོ་སྐྱེའི་རྣམ་ཐར་བརྗོད་མི་ལྡང༌། ༣༠ །ལས་འབྲས་ལ་གུས་ངོ་ཚ་ཤེས། །སྙིང་རྗེའི་བདག་ཉིད་ཉམས་ལེན་བཟོད། །སྙིང་ཉེ་མཐུ་ཆེ་བརྟུལ་ཕོད་པ། །མཛའ་བཤེས་ཉིད་དུ་བཟུང་བར་འོས། ༣༡ །དུས་དང་དུས་སུ་མ་ཡིན་པར། །རྣམ་ཀུན་རང་དགར་སྤྱོད་པ་དང༌། །ཆང་དང་རྒྱན་པོས་དུས་འདའ་བ། །དེས་ནི་ཆོས་ལུགས་གཉིས་ཀ་ཉམས། ༣༢ །མི་སྙན་ན་ཡང་ཕན་པ་དང༌། །ངེས་པ་མིན་ཡངབདེན་པའི་ཚིག །ཐུགས་ལ་བཞག་པའི་གནས་ཡིན་ན། །དེ་ལས་ལྡོག་པ་སྤང་བར་མཛོད། ༣༣ །རང་དོན་གཉེར་བའི་ངོ་བསྟོད་དང༌། །ཆོས་ལམ་མིན་པའི་ལེགས་སྨོན་ནི། །ཆེན་པོས་བཟུང་བའི་རྣ་ཆ་མིན། །སྙན་ཁུང་སྲ་བ་མི་དབང་རྒྱན། ༣༤ །ངང་པ་མཚོ་ལ་དགའ་བ་བཞིན། །དམ་པ་རྣམས་ཀྱིས་བསྙེན་སླ་དང༌། །ཆུ་སྐྱར་ནགས་ལས་འབྲོས་པ་བཞིན། །དམ་པ་མིན་པས་བསྙེན་དཀར་མཛོད། ༣༥ །མ་ཡིས་བུ་ལ་དགའ་བ་བཞིན། །ཁྱོད་ཀྱིས་འབངས་ལ་བྱམས་བགྱིས་ན། །བུ་ཡིས་མ་ལ་བསྙེན་པ་བཞིན། །འབངས་རྣམས་གུས་པས་ཅིས་མི་བལྟ། ༣༦ །ལུགས་ཀྱི་བསྟན་བཅོས་མི་མཁས་ན། །འཇིག་རྟེན་སྐྱོང་པའི་རྣམ་རིག་སྙོགས། །ཆོས་ཀྱི་བསྟན་བཅོས་ལས་ཕྱོགས་ན། །ཕུན་སུམ་ཚོགས་ཀྱང་ཕྱི་མར་ཉམས། ༣༧ །སྡིག་པའི་གྲོགས་ཀྱི་དབང་བྱས་པས། །བྲམ་ཟེ་ཁྱེའུའང་སོར་ཕྲེང་འཛིན། །དགེ་བའི་གྲོགས་ཀྱིས་ཟིན་པ་ལས། །མྱ་ངན་མེད་པའང་ཆོས་རྒྱལ་གྱུར། ༣༨ །ཁྱོད་ལ་འབྱོར་པས་མི་རྡུག་གིས། །ཡོན་ཏན་ཁོ་ན་དོན་དུ་གཉེར། །ཡོན་ཏན་མེད་པའི་རྒྱལ་པོ་ནི། །དཔའ་ཡང་གནོད་སྦྱིན་སྡེ་དཔོན་ཡིན། ༣༩ །ལོངས་སྤྱོད་གཡོ་བ་ཤེས་ན་ཡང༌། །དཀར་པོའི་ཕྱོགས་ལ་སྦྱར་བ་ཉུང༌། །སྦྱར་ཀྱང་སྡིག་པས་བསྒྲུབ་པ་ནི། །ག་པུར་སྒོག་སྐྱས་བགོས་དང་མཚུངས། ༤༠ །ཁྱུ་མཆོག་འགྲོ་བའི་ཕྱི་བཞིན་དུ། །བ་ལང་དོགས་པ་མེད་རྒྱུ་ན། །ཁྱོད་ནི་དམ་པའི་སྤྱོད་པ་ལ། །ཞུགས་དང་མངའ་རིས་རྣམས་ཀྱང་འབྲང༌། ༤༡ །ཇི་ལྟར་བདག་ཉིད་སྲུང་བ་དེས། །ཤུགས་ལ་གཞན་དག་བསྲུང་ནུས་ན། །མེས་དབོན་དྲང་སྲོང་ཆེན་པོའི་ལུགས། །བསྐྱང་ཞིང་ཉམས་པའང་བཅོས་སུ་གསོལ། ༤༢ །འདི་ལྟར་སྲོང་བཙན་ཡུལ་བཟུང་གི །རིགས་སུ་སོན་ནས་བྱང་གྲོལ་གྱི། །ཐེམ་སྐས་འཛེགས་ལ་སྤྲོ་བའི་ཕྱིར། །རྗེ་དང་ཡབ་མེས་ཆོས་ལུགས་སྐྱོངས། ༤༣ །འོན་ཏང་ཁྲིམས་ལ་སྐྱོན་ཆགས་དང༌། །མི་མཁས་བླུན་པོའི་གཟུ་ལུམས་ཀྱིས། །རྙོག་མར་བྱས་པོའི་སྡིག་ཏོ་ནི། །གནའ་ནས་མཆིས་ཀྱང་བསལ་དུ་རུང༌། ༤༤ །དཀའ་ཐུབ་ཅན་ལ་བརྙས་པ་དང༌། །བཀྲེས་ལ་ཤིན་ཏུ་མནར་བ་དང༌། །ཧ་ཅང་ཚར་གཅད་གནས་ཐོབ་པའི། །ཆད་པས་སུ་ལའང་གཅད་མི་བགྱི། །༤༥ །དཀོན་མཆོག་རྫས་ལས་འཕྲོག་པ་དང༌། །དམ་པའི་ཆོས་ནི་སྤོང་བ་དང༌། །རྟགས་ཙམ་འཛིན་པའང་མནར་བ་དང༌། །མཚམས་མེད་ལྔ་པོར་གཏོགས་པ་དང༌། །མི་དགེའི་ལས་ལམ་འཛིན་པ་ལྔས། ༤༦ །རྒྱལ་པོ་རྒྱལ་རིགས་སྤྱི་བོ་ནས། །དབང་བསྐུར་རྣམས་ཀྱི་དགེ་བའི་རྒྱུན། །གདོན་མི་ཟ་བར་མེ་བཞིན་ཏུ། །སྲེག་པར་བྱེད་ཅིང་ཕས་ཕམ་པས། །ཕྱི་ནས་ལྷ་མིའི་བདེ་འབྲས་གཅོད། ༤༧ །དེ་བཞིན་བློན་པོ་རྣམས་ལ་ནི། །ལོག་པར་ལྟ་བའི་གནས་མལ་དུ། །གྲོང་དང་གྲོང་ཁྱེར་འཇོམས་པ་སྟེ། །རྒྱལ་བློན་སོ་སོར་ངེས་པ་ལྔ། ༤༨ །རྩ་ལྟུང་བཅུར་ནི་ནམ་སྙིང་གི །མདོ་ལས་བཀྲལ་ཏེ་གསུངས་པའི་ཕྱིར། །བདག་ཉིད་བསྲུང་བའི་དོན་འདི་ལ། །གཞན་གྱིས་ཐལ་མོ་སྦྱོར་མི་འཚལ། ༤༩ །སྦྱིན་ལས་གཉེན་གྱུར་ཕ་རོལ་མེད། །མགོན་མེད་ཟས་སྦྱིན་ལ་དགའ་དང༌། །བཟོད་མཚུངས་དཀའ་ཐུབ་མ་མཆིས་པས། །སྦྱོས་དང་བཏགས་པའང་ལྷག་པར་སྲུངས། ༥༠ །ས་འདི་རིན་ཆེན་འབྱུང་གནས་ཕྱིར། །དེ་བཞིན་གཤེགས་རྣམས་ཐུགས་རྗེའི་སྤྲུལ། །སྐྱེས་བུའི་རྣམ་རིག་ལ་སྤོས་པའི། །བཟོ་གནས་སྐུ་གསུང་ཐུགས་སུ་མཛོད། ༥༡ །ད་རེས་ཁོམ་ལྡན་མེད་པའི་རྟེན་བརྒྱད་ནས། །འདབ་ཆགས་རྙི་ལས་གྲོལ་བ་ལྟར་གྱུར་དུས། །རང་བཞིན་འབྱོར་པའི་ཡན་ལག་ཉམས་སམ་མིན། །དཔྱད་ནས་དེ་ལས་མྱུར་དུ་སོར་ཆུད་འཚལ། ༥༢ །འདི་ལྟར་སྐྱེ་བའི་རང་བཞིན་མཐུ་ཆེ་ཡང༌། །དམ་ཆོས་སྒྲུབ་ལ་ཁོམ་ལྡན་དཀོན་པའི་ཚུལ། །ལུས་འཕགས་པོ་ནས་སྒྲ་མི་སྙན་པའི་བར། །རིམ་བཞིན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང༌། ༥༣ །ཚངས་དབང་འཇིག་རྟེན་སྐྱོང་བའི་མཐུ་དཔལ་ཅན། །དབང་ཕྱུག་ལང་ཚོས་དྲེགས་པ་དེ་དག་ཀྱང༌། །ལས་མཐའ་ལོག་དང་གཞན་འབྱོར་ཕལ་མོ་ཆེས། །སྤངས་ནས་སླར་ཡང་འཁོར་བའི་ཡང་བྲན་ལྟུང༌། ༥༤ །ལྟུང་བ་གང་ཞིག་མཉམ་དང་མི་མཉམ་པའི། །གནས་རིགས་དྲུག་ཏུ་དབང་མེད་འགྲོ་བའི་ཚུལ། །གླང་ཆེན་མྱོས་པ་ལྕགས་ཀྱུས་བཏང་བ་བཞིན། །ལམ་མང་རྒྱུན་ལྡན་ཉིད་དུ་འགྲོ་བ་མང༌། ༥༥ །ཁྱད་པར་གཤིན་རྗེའི་ཞགས་པས་བཏགས་པ་རྣམས། །བཟོད་དཀའ་དམྱལ་མེའི་དབལ་དང་ལྕགས་སྲེག་གཞིར། །མཚོན་རྣོན་གྱིས་འབུགས་འཐོར་རླུང་བུ་ཡུག་གིས། །ལུས་སྦྲེབས་ཆུ་བུར་རྡོལ་ལས་རྐང་ཞག་འཛག ༥༦ །དཔག་ཚད་མང་པོའི་ལྟོ་བ་བཟའ་བས་ཉམ་ཐག་ཅིང༌། །བཏུང་བའི་ཕྱོགས་ཙམ་མི་ཉེ་དེ་ལ་རྒྱ་མཚོའི་ཆུ། །འཐུང་བའི་རང་དབང་འཚལ་ན་མགྲིན་པ་འཚིར་བའི་བར། །མོད་ལ་བསྐམ་པར་འགྱུར་ཞེས་ཕྱིན་ཅི་ལོག་བཞིས་འཇིགས། ༥༧ །རྨོངས་དང་མགོན་སྐྱབས་སྤངས་པའི་ཆད་པས་ཟིལ་གནོན་བཞིན། །ཕན་ཚུན་གཅིག་ལ་གཅིག་བཟས་ཅུང་ཟད་རྣལ་མི་ཕེབས། །རྔོན་དང་གདོལ་པས་གཞུར་ནས་དམ་ལ་བཞག་པའི་མཐར། །ལུས་སྲོག་གཉིས་ཀར་མནར་གཅོད་མི་འདོད་བཞིན་དུ་མྱོང༌། ༥༨ །ཕྲག་དོག་མེ་ལྕེ་རྣོན་པོས་ཀུན་ཏུ་ཚིག་པའི་སེམས། །གཡུལ་ངོར་གདུང་བ་བཞིན་དུ་ཕྱོགས་པ་དེ་ཡི་མགོ །དགྲ་ཟླའི་མཚོན་གྱིས་བཀས་པ་ཆུང་མས་མཐོང་བའི་མོད། །འོ་དོད་འབོད་པའི་ཚུལ་ལ་སྒྲ་གཅན་དངངས་པ་བཞིན། ༥༩ །དུག་དང་མཚུངས་པའི་ཡུལ་ལ་རྣམ་ཀུན་སྤྱད་བྱས་ཀྱང༌། །སྐྱེ་རྒ་ན་འཆིའི་དུག་གིས་ད་དུང་ཕ་རོལ་འཁྲིད། །སྨན་དང་སྔགས་ཀྱིས་མི་གསོས་དུག་གི་རྣམ་སྨིན་ནི། །ཚེ་རབས་གཞན་ལའང་འཐག་གཅོད་དུག་ལས་ནུས་པ་ཆེ། ༦༠ །དེ་ཕྱིར་ལས་དང་དེ་འབྲས་མཁྱེན་འཚལ་ནས། །ཆུ་དང་ས་དང་རྡོ་བའི་རི་མོ་བཞིན། །ཉོན་མོངས་ཅན་ལ་དང་པོ་དགེ་ཆོས་ལ། །ཐ་མ་ཉིད་དུ་བློ་ཡི་བཟོ་བོས་སྒྲུབས། ༦༡ །རིན་ཆེན་གསུམ་དང་ཡང་དག་བལྟ་ལ་དད། །མི་དགེ་བཅུ་ཡི་ལས་ལམ་སྤངས་པའི་ཁྲིམས། །མཆོད་དང་ཕན་འདོགས་ཞིང་ལ་ཟང་ཟིང་གཏོང༌། །ཐར་པ་དང་ནི་རྣམ་མཁྱེན་ཆོས་ལ་མཉན། ༦༢ །བདག་གི་དབང་དུ་བྱས་པའི་ངོ་ཚ་དང༌། །གཞན་གྱི་དབང་དུ་བྱས་པའི་ཁྲེལ་ཡོད་པ། །ཆོས་དོན་རྣམ་པར་འབྱེད་པའི་ཤེས་རབ་སྟེ། །འཕགས་པའི་ཁྱད་ནོར་བདུན་པོ་འབད་པས་སྒྲུབས། ༦༣། མཐོ་རིས་རྟེན་ལ་མྱ་ངན་འདའ་བའི་སླད། །ཤེས་དང་ཚུལ་ཁྲིམས་ལྡན་པའི་བླ་མ་ལས། །ཚུལ་བཞིན་ཡིད་ལ་བགྱིད་དང་བགྱིད་བྲལ་བའི། །ཡང་དག་ལྟ་བ་གཉིས་ཀྱི་གནད་མཁྱེན་མཛོད། ༦༤ །གང་དག་དབང་པོ་དྲུག་ཡུལ་གྱུར་པའི་སེམས། །རྣམ་ཤེས་བརྒྱད་ཀྱི་གཞན་དབང་ཅན་ཡིན་ན། །ཉེ་བའི་ཉོན་མོངས་ཉི་ཤུའི་གཡུལ་ངོ་ལས། །རྒྱལ་བའི་དགྲ་ཐབས་དྲན་པའི་རུ་མཚོན་ཕྱོར། ༦༥ །རང་ཉིད་ཐར་ཙམ་ཉན་རང་ལ་ཡང་ཡོད། །རྣམ་མཁྱེན་སྒྲུབ་པ་སྐྱེས་བུ་ཆེན་པོའི་ལུགས། །དྲན་པ་ཉེ་བར་གཞག་པ་ནས་བཟུང་སྟེ། །བྱང་ཆུབ་ཕྱོགས་ཆོས་ཚད་མེད་མཁྱེན་པར་མཛོད། ༦༦ །ལྡན་མིན་འདུ་བྱེད་བཏགས་ཡོད་ཙམ་གྱི་ཆོས། །ཉོན་ཤེས་སྒྲིབ་པ་མཐོང་སྤོང་སྒོམ་སྤོང་ཅན། །རང་བཞིན་མེད་པའི་ངང་དུ་ཞི་བ་ན། །བདེ་གཤེགས་སྙིང་པོའི་ཆོས་ཉིད་མཐོང་བར་འགྱུར། ༦༧། དེ་ལྟར་མཐོང་ནས་གནོད་པ་དུ་མའི་སྣོད། །སྐྱེ་བའི་འབྱུང་གནས་རྟེན་ཅིང་འབྲེལ་འབྱུང་ཆོས། །ཀུན་འབྱུང་ལུང་མ་བསྟན་པ་བཅུ་བཞིར་བཅས། །འཕགས་ལམ་ཡན་ལག་བརྒྱད་ཀྱིས་འགོག་པ་ཐོབ། ༦༨ །དེ་ཡི་རང་བཞིན་ཉོན་མོངས་ཆུ་བོ་ཡི། །ཕ་རོལ་སོན་པ་ཉིད་ན་བདག་ཉིད་ཀྱིས། །གདུལ་བའི་ཞིང་ལ་ཡོན་ཏན་རིན་ཆེན་མཛོད། །བསྟན་པ་ཡོངས་རྫོགས་སྒྲོན་མ་ཕྱོགས་དེར་སྤྱོན། ༦༩ །ཆོས་དོན་མངོན་པར་སྤྲིང་བའི་བསྟི་གནས་སུ། །དད་པའི་པད་ཚལ་མ་རྙིང་བསོད་ནམས་བྱིན། །མྱ་ངན་མེད་པའི་སྤུན་ཟླར་གྱུར་པ་དེས། །ཁྱེད་ཀྱང་དགེ་བའི་དབང་པོའི་སྲས་སུ་གྱུར། ༧༠ །གང་ལ་ཟླ་བའི་དབང་པོ་ཞེས་བོས་ནས། །དེ་ཡི་མངའ་རིས་བདག་གི་སེམས་བསྐྱེད་དང༌། །སྨོན་པས་བྱམས་པའི་སྟོབས་བཞིན་ལེགས་བསྲུངས་པས། །རྒྱལ་སྲིད་མངོན་པར་མཐོ་བའི་བཀྲ་ཤིས་ཤོག ༦༡ །

ས་སྐྱོང་སྡེ་དགེ་ལ་སྤྲིང་བའི་གཏམ་ས་ལ་སྤྱོད་པའི་རྣ་རྒྱན་ཞེས་བྱ་བ། དཔལ་ཨུ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་སམ་བྷ་བས་བྱིན་གྱིས་བརླབས་པའི་རྫོགས་ཆེན་པ་རང་བྱུང་རྡོ་རྗེ་མཁྱེན་བརྩེའི་འོད་ཟེར་རམ། རིག་པ་འཛིན་པ་འཇིགས་མེད་གླིང་པས་དཔལ་ལྡན་པདྨ་འོད་གླིང་ཞེས་བྱ་བའི་གཙུག་ལག་ཁང་ནས་ཕུལ་བ་སརྦ་ཛ་ག་ཏཾ། །

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།