ཤིན་ཏུ་ཡིད་འོང་གངས་རིའི་ལྷུན་པོ་ལ། །
ཨུཏྤལ་གསར་པའི་མིག་དཀྱུས་འཕོས་པ་བཞིན། །
མཛེས་ཤིང་འཛུམ་ལ་ཞི་བའི་དཔལ་སྟེར་བའི། །
ངག་དབང་དབྱངས་ཅན་མ་ལ་ཕྱག་འཚལ་ལོ། །
ཀུན་རྨོངས་གཉིད་ལས་སློང་ཕྱིར་ཕྱག་གཉིས་ན། །
རྣ་བར་འཇེབས་པའི་ཤེས་རབ་རྒྱུད་མང་བསྣམས། །
ལྷ་དང་ལྷ་མིན་གཤིན་རྗེའི་ཚོགས་རྣམས་ཀྱང་། །
ཁྱོད་ཞབས་སྤྱི་བོས་འདུད་ལ་ཕྱག་འཚལ་ལོ། །
གསལ་ཞིང་མཛེས་པའི་ཞལ་རས་ཟླ་བའི་གཟུགས། །
བདག་ཡིད་དད་པའི་ཆུ་མཚོར་འཕོས་པ་ལས། །
སྙིང་གི་གདུང་བ་མ་ལུས་གཞིལ་མཛད་པའི། །
གཏི་མུག་མུན་བྲལ་མཛད་ལ་ཕྱག་འཚལ་ལོ། །
ཡིད་འོང་ཕྲ་ཞིང་ལྡེམ་པའི་དཀུ་སྐབས་ལ། །
ཀ་ཙ་ལིནྡའི་ལྷ་རྫས་ན་བཟའ་གསོལ། །
སྐུ་སྟོད་ནོར་བུའི་དོ་ཤལ་མཛེས་པ་ལ། །
ཆུ་སྐྱེས་གཞོན་ནུས་སྤྲས་ལ་ཕྱག་འཚལ་ལོ། །
དཔལ་མོ་ལ་སོགས་ལྷ་ཡི་བུ་མོའི་ཚོགས། །
ཁྱོད་ཞལ་མཛེས་པ་སྟོང་གི་ཆར་མི་ཉེ། །
ཡིད་འོང་འཇམ་པའི་ངག་གིས་ས་གསུམ་གྱི། །
ཉོན་མོངས་གདུང་སེལ་མཛད་ལ་ཕྱག་འཚལ་ལོ། །
ཞི་བའི་ཉམས་ལྡན་ལྷ་མོའི་བཞིན་རས་ནི། །
སྟོན་ཟླའི་མྱུ་གུ་འཆར་འདྲའི་འཛུམ་ཟེར་གྱིས། །
སྐལ་བཟང་བློ་ཡི་ཀུནྡ་དགོད་བྱེད་པའི། །
མཚོ་བྱུང་ངང་བའི་བུ་མོ་ལ་ཕྱག་འཚལ། །
ལི་ཤིའི་དྲི་བསུང་འཐུལ་བའི་ཞལ་སྒོ་ནས། །
མཁས་རྣམས་དགའ་བ་བསྐྱེད་པ་སྙན་པའི་དབྱངས། །
བརྒྱད་ཁྲི་བཞི་སྟོང་དམ་ཆོས་འོད་འབྱེད་པའི། །
རྒྱལ་ཡུམ་དགེ་མ་ཁྱོད་ལ་ཕྱག་འཚལ་ལོ། །
སྤྱན་རས་གཟིགས་མགོན་ཞལ་གྱི་མཆེ་སྒོ་ལས། །
རིས་ཆད་གདུལ་བྱ་རྗེས་སུ་འཛིན་པའི་ཕྱིར། །
རབ་མཛེས་ཡིད་འོང་ལྷ་མོའི་སྐུར་སྤྲུལ་པ། །
དཔལ་མོ་ཁྱོད་མཚུངས་སྲིད་ན་གཞན་མ་མཆིས། །
དེ་ཕྱིར་བདག་ཡིད་ཁྱོད་ཀྱི་རྗེས་ཕྱོགས་པས། །
ཉི་མས་གདུང་བའི་གླང་ཆེན་མཚོར་འཇུག་བཞིན། །
ལས་གཞན་སྤངས་ནས་ཁྱོད་ལ་སྐྱབས་མཆི་ན། །
བརྩེ་བས་རྟག་ཏུ་གཟིགས་ཤིག་རྗེ་བཙུན་མ། །
འཁོར་བའི་གནས་ན་བདེ་བའི་སྐབས་མེད་ཅིང་། །
ཅུང་ཟད་བདེ་ཡང་འགྱུར་བའི་དུཿཁས་མནར། །
ཅི་བྱ་གཏོལ་མེད་རྒྱུད་ལྔའི་འགྲོ་བ་ལ། །
ཐུགས་རྗེའི་ཕྱག་ཡངས་རྐྱོངས་ཤིག་རྗེ་བཙུན་མ། །
ཡེ་ཤེས་གོ་སྐབས་མ་རིག་མུན་པས་འཕྲོག །
ཐར་བའི་སྲོག་ལ་མདའ་ལྔའི་དཔུང་གིས་རྒོལ། །
མགོན་མེད་སྙིགས་མའི་སྐྱེ་བོ་བདག་ཅག་ལ། །
འདྲེན་པའི་དེད་དཔོན་མཛོད་ཅིག་དབྱངས་ཅན་མ། །
མདོར་ན་མངོན་མཐོ་ངེས་ལེགས་ལམ་གྱི་གཞི། །
ཐོས་བསམ་དྲི་མེད་བླང་དོར་འབྱེད་པའི་མིག །
མི་འཕྲོག་སྤོབས་པའི་གཏེར་ལ་མངའ་འབྱོར་བར། །
ཚེ་རབས་ཀུན་ཏུ་གཡེལ་མེད་སྐྱོབས་ཤིག་ཀྱེ། །
ཞེས་ལྷག་པའི་ལྷ་མཆོག་འཕགས་མ་ངག་གི་དབང་ཕྱུག་མ་ལ་ཤིན་ཏུ་གདུང་བའི་ཡིད་ཀྱིས་གཞན་ཕན་སྣང་བས་གསོལ་བ་བཏབ་པའོ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།