གངས་ཅན་སྐྱེས་མ་དབྱངས་ཅན་འཚོས་གཙོ་གཉེར་བྱས་པའི་རྨ་དར་སྐྱེས་ཁམས་སྲུང་སྐྱོབ་ཚོགས་པར་གནང་བའི་ཤིས་ཚིག

གངས་ཅན་སྐྱེས་མ་དབྱངས་ཅན་འཚོས་གཙོ་གཉེར་བྱས་པའི་རྨ་དར་སྐྱེས་ཁམས་སྲུང་སྐྱོབ་ཚོགས་པ་དབུ་བརྙེས་པར་རྟེན་འབྲེལ་ཤིས་ཚིག་ཕུལ་བ། 

WechatIMG3.jpeg

  མཚོ་བོད་མཐོ་སྒང་ནི་འཛམ་གླིང་གི་ཡང་རྩེར་ཆགས་ཤིང་ཨེ་ཤ་ཡའི་ཆུ་བོ་ཆེན་པོ་དག་གི་འབྱུང་ཁུངས་ཡིན་པས། གོ་ལའི་ཚེ་སྲོག་གི་འབྱུང་ཁུངས་ཡིན་ཞེས་བརྗོད་ཀྱང་རྫུན་དུ་མི་འགྱུར་བ་སྟེ། དྭངས་གཙང་གི་མཁའ་རླུང་དང་ཆུ་བོའི་རྒྱུན་བཟང་མེད་ན་སྣོད་བཅུད་ཀྱི་སྐྱེ་དངོས་དག་ཇི་ལྟར་འཚོ་གནས་ཐུབ། དེ་བས་ཀྱང་མཁའ་རླུང་མཐོ་སྒང་ནས་དྭངས་ཤིང་ཆུ་བོ་འགོ་ཁུངས་ནས་གཙང་བ་ནི་འཛམ་གླིང་འདིའི་འཚོ་གནས་ཚེ་སྲོག་དང་ཐད་ཀར་འབྲེལ་བའི་ཅི་འདྲའི་གལ་ཆེ་བ་ཞིག་མ་ཡིན་ནམ། ད་ལམ་གངས་ཅན་བོད་ཀྱི་སྐྱེས་མ་དབྱངས་ཅན་འཚོས་༼གཅན་ཚ་རྨ་དར་གོང་བ་སྐྱེ་ཁམས་སྲུང་སྐྱོབ་ཚོགས་པ།༽ སྒྲིག་འཛུགས་དབུ་བརྙེས་པ་ནི་གོ་ལ་ཆེན་མོའི་སྣོད་བཅུད་འཚོ་གནས་ལ་ཚེ་སྲོག་གསར་པའི་ཁ་སྣོན་ཞིག་གྲུབ་ཕྱིར་དྭངས་བའི་བློས་བསྔགས་བརྗོད་དང་། བྱ་བཞག་འདི་ཐོག་མཐའ་བར་གསུམ་དགེ་ཞིང་། འཇིག་རྟེན་ལ་ཕན་བདེའི་དཔལ་ཡོན་མི་ཟད་པ་སྐྲུན་པའི་གསོལ་སྨོན་བརྒྱ་ཕྲག་དང་བཅས།  གྲུབ་དབང་རྫོགས་ཆེན་པ་བསྟན་འཛིན་ལུང་རྟོགས་ཉི་མས། ཕྱི་ལོ་༢༠༡༧ལོའི་ཟླ་༥པའི་ཚེས་༦ཉིན་ཕུལ་བ་དགེ།།

           

   སླར་སྨོན་པ། 


 དབྱངས་ཅན་ངག་ལ་དབང་བའི་སྒྱུ་རྩལ་གྱིས།། 

གངས་ཅན་སྐྱེ་དགུའི་རྣ་ལུང་བརྒྱན་བྱས་ཤིང་།།

 འཇིག་རྟེན་འཚོ་གནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི།།

 ཕན་བདེ་འཛམ་གླིང་རྒྱན་དུ་སྒྲུབ་པར་བསྔགས། །

ཡངས་པའི་གོ་ལ་ཆེན་མོའི་འཇིག་རྟེན་འདིར།།

 བྱམས་བརྩེའི་ཆུ་རྒྱུན་ནམ་ཡང་མི་ཆད་ཅིང་། །

བཟང་པོར་སྤྱོད་ལ་རྟག་ཏུ་གོམས་པ་ཡི། །

ཞི་བདེ་འཚོ་བས་ཀུན་ནས་དགེ་གྱུར་ཅིག །


རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།