རྫོགས་པ་ཆེན་པོའི་ལྟ་བའི་ཉམས་མགུར་སྒྲ་སྙན་གྱི་རོལ་མོ།

u=808326646,2442716652&fm=23&gp=0.jpg

སེམས་ཉིད་ཆོས་སྐུ་རུ་ངོ་སྤྲོད་བླ་མ། །

བཀའ་དྲིན་འཁོར་མེད་དེ་སྙིང་དབུས་བཞུགས་ཤིག །

རིག་གསང་ཆོས་ཉིད་ཀྱི་གནས་ཚུལ་བསམས་ནས། །

ངོ་མཚར་དགའ་བའི་ཚིག་གསུམ་རེ་སྨྲའོ། །


རིག་ཤེས་ནོར་བུ་དེ་ཡུན་རིང་སྟོར་བའི། །

སེམས་ལྡན་དབུལ་ཕོང་ངས་ཅི་ཞིག་ལྟར་ཏེ། །

རང་བྱུང་ལྷན་སྐྱེས་ཀྱི་ཆོས་སྐུའི་རང་ཞལ། །

མཇལ་མ་མྱོང་བ་དེ་མཇལ་ལ་ཁད་སྣང༌། །


གང་ཤར་ཁྲེགས་ཆོད་ཀྱི་ཤེས་རབ་རལ་གྲི། །

ཐད་ཀ་ཁོལ་བྱུང་གི་སེམས་ལ་བཏབ་པས། །

དེ་ཡིན་འདི་མིན་གྱི་ངོས་བཟུང་བྲལ་ཙམ། །

ངོ་བོ་སྐྱོང་རྒྱུ་དེ་ཨེ་ཡིན་སྙམ་མོ། །


གཟུང་འཛིན་སྣ་ཚོགས་འདི་རིག་པའི་རང་རྩལ། །

ཁམས་གསུམ་བདེ་སྡུག་འདི་རིག་པའི་རྦ་རླབས། །

འཁྲུལ་མེད་རིག་པ་དེས་མ་སྐྱོབ་ལུས་པའི། །

འཁྲུལ་སེམས་ཁོ་ན་རང་ཟད་པར་རེའོ། །


རྣམ་པ་གཅིག་ཏུ་ན་རང་བྱུང་རིག་པ། །

ཁོ་ནའི་དྲིན་གྱིས་ནི་གྲོལ་བར་རེ་སྟེ། །

གཤིས་ངན་འཁྲུལ་སེམས་འདི་ཚུགས་ཐུབ་ཞིག་ན། །

དུས་གསུམ་རྒྱལ་བས་ཀྱང་འདུལ་ཐབས་མི་འདུག །


འགྱུར་བ་སྣ་ཚོགས་འདི་འགྱུར་མེད་རིག་པའི། །

རྣམ་འགྱུར་ཡིན་པས་ན་གྲོལ་རྒྱུ་འདུག་གོ །

ཅིར་ཡང་མ་གྲུབ་པའི་སེམས་ཉིད་འདི་ཀ །

ཅིར་ཡང་འཆར་བ་ཡི་མངོན་སུམ་ཉམས་མྱོང༌། །


བཟུང་བས་ཟིན་མེད་ཀྱི་ཆུ་ནང་ཟླ་གཟུགས། །

འདི་ཀ་ཙམ་ཞིག་ལ་གོ་རྒྱུ་འདུག་གོ །

སྣ་ཚོགས་འགྱུ་དྲན་གྱི་སེམས་དེ་བཙལ་བས། །

རྙེད་མེད་གཤིས་ལུགས་ཀྱི་བབས་སུ་ཤར་བ། །


དྲི་མེད་རིག་ཁམས་ཁོ་ཡིན་པར་འདུག་པས། །

འཁྲུལ་བྲལ་ཡེ་ཤེས་དེས་སྐྱོབ་པར་རེའོ། །

རང་བྱུང་ཟག་མེད་ཀྱི་རིག་པའི་བཞིན་རས། །

ཀུན་གཞི་དྭངས་པ་ཡི་མེ་ལོང་ངོས་ན། །


ཟིན་པ་མེད་ཚུལ་གྱི་ཡོད་ཡོད་འདྲ་སྟེ། །

སྨྱོན་པ་ང་འདྲས་ནི་རྟོག་དཔྱོད་མ་ཞུགས། །

བརྒྱུད་གསུམ་བླ་མ་ཡི་ཞལ་ཆེམས་མཐར་ཐུག །

རྡོ་རྗེ་སྙིང་པོ་ཡིས་བྱ་ཞིག་བཏང་བས། །


ཐག་རིང་འཚོལ་བ་ཡི་དཀའ་ལས་བཤོལ་ནས། །

ལྷན་ཅིག་སྐྱེས་པ་ཡི་ཡེ་ཤེས་མཐོང་རེ། །

ད་ལྟར་རང་རེ་ཡི་རྟོགས་ལྡན་འགའ་ཞིག །

བསྒོམ་ཞེས་འཛིན་རྒྱུ་ཞིག་ཡོད་ལ་རེ་བས། །


ཡོད་མིན་མེད་མིན་གྱི་ངོ་བོ་གཞི་གྲུབ། །

ཨ་ཏིའི་དགོངས་དོན་ནི་ཡིན་པར་རློམ་ཡང༌། །

མཐའ་བཞི་རང་སང་གི་རྫོགས་པ་ཆེན་པོར། །

ཕུང་གསུམ་ཚུགས་ཐུབ་ཅིག་ཡོད་སྐད་མི་འདུག །


སྤྲོས་བྲལ་ཟང་ཐལ་གྱི་གནད་ལ་ཕིག་ན། །

འདི་ཡིན་འདི་བསྒོམ་འདི་ཅི་འགྱུར་ཆ་མེད། །

ཡོད་ན་ཡོད་རྒྱུ་དེ་དེ་ལྟར་བསྒོམ་མོད། །

ཡོད་པའི་ཡོད་ཚུལ་དེ་ནམ་ཡང་མ་མཐོང༌། །


མེད་ན་མེད་པ་ཞིག་ཕྱོགས་གཅིག་བསྒོམ་མོད། །

མེད་པའི་ཁ་ཚོན་ནི་ནམ་ཡང་མ་ཆོད། །

ཡོད་མེད་གཉིས་ཀ་ནི་ཡིན་པའི་དབྱེ་ཆོས། །

སེམས་ཉིད་གཤིས་ལ་ནི་ནམ་ཡང་མི་གནས། །


ཡོད་མེད་གཉིས་ཀ་ལས་བསྐལ་པའི་ཤེས་བྱ། །

ཕུང་གསུམ་བདེན་གྲུབ་ཅིག་ནམ་ཡང་མ་དམིགས། །

འདི་ཡིན་དེ་ཡིན་གྱི་ཡུལ་མ་རྙེད་ནས། །

འདི་བསྒོམ་དེ་བསྒོམས་ཀྱི་འཛིན་སྟངས་ཞིག་མོད། །


ད་དུང་ཚོལ་འདོད་ཀྱི་ངལ་དུབ་ཟད་དེ། །

བག་ཡངས་བློ་བདེ་ཡི་ངང་ལ་གནས་སོ། །

སྣ་ཚོགས་འགྱུ་དྲན་གྱི་རྦ་རླབས་འགག་མེད། །

ཡོད་ཞིག་ཡོད་མོད་དེ་ད་ལྟའི་འདི་འདྲ། །


ཧྲག་ཧྲག་རྩུབ་རྩུབ་ཅིག་ཡིན་ཚོད་མི་སྣང༌། །

འཁྱག་རོམས་ཆུ་བོ་ལ་ཞུ་བ་ཇི་བཞིན། །

འཇམ་འཇམ་སྐྱིད་སྐྱིད་ཅིག་ཡིན་པར་སྣང་ངོ༌། །

བྱེ་མདོ་རྣམ་རིག་དང་དབུ་མ་ཕལ་གྱིས། །


རིག་ཁམས་དྲི་མེད་ཀྱི་ནོར་བུའི་གཟུགས་ལ། །

ཕྱི་དོན་བདེན་གྲུབ་ཀྱི་ས་ཡི་གོང་བུ། །

འཛིན་པ་བདེན་བཟུང་གི་ལྕགས་གོང་ངར་མ། །

མཚན་ཉིད་ཚུགས་ཐུབ་ཀྱི་འོད་བཟང་མར་མེ། །


མེད་དགག་སྟོང་རྐྱང་གི་འཇའ་ཡི་དུམ་བུ། །

སྟོང་ཉིད་བདེན་ཞེན་གྱི་ནམ་མཁའི་འོད་མདངས། །

བདེན་གཉིས་མངོན་ཞེན་གྱིས་ཤེལ་གོང་དྲི་མེད། །

ཐ་སྙད་སྣ་ཚོགས་ཤིག་འདོགས་པར་བྱེད་ཀྱང༌། །


རིག་ཁམས་ནོར་བུ་དེ་སྟོར་ནས་འདུག་གོ །

ས་དགེ་ཀར་འབྲུག་གི་མཁས་གྲུབ་མང་པོས། །

གསལ་སྟོང་འཛིན་མེད་ཀྱི་གནས་ལུགས་དྭངས་མ། །

རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་སྤྲོས་བྲལ། །


མ་བཅོས་ལྷན་སྐྱེས་ཀྱི་ཕྱག་རྒྱ་ཆེན་པོ། །

ཡོད་མིན་མེད་མིན་གྱི་ཁས་བླང་བྲལ་སོགས། །

སྣ་ཚོགས་ཐ་སྙད་ཀྱི་ཞལ་ཕོ་སྒྲོག་ཀྱང༌། །

ལུང་རིགས་མན་ངག་དང་མྱོང་བའི་སྟོབས་ཀྱིས། །


སེམས་འདས་ཡེ་ཤེས་ཤིག་ཡིན་ན་ལེགས་ཏེ། །

མཛུབ་མོ་འཛུགས་ས་དེ་ཅི་ཞིག་ཡིན་ཨང༌། །

ཕྱི་དོན་རྒྱང་ཆད་དུ་དགག་པ་མིན་པས། །

དོན་སྨྲ་སྡེ་གཉིས་རྣམས་དགྱེས་དགྱེས་མཛོད་ཅིག །


རང་བཞིན་སྟོང་ན་ཡང་མཁྱེན་ཆ་འཐད་པས། །

རྣམ་རིག་སྨྲ་བ་ཀུན་དགྱེས་དགྱེས་མཛོད་ཅིག །

སྤྲོས་དང་བྲལ་ན་ཡང་སྣང་ཚུལ་བཀྲ་བས། །

ཤར་གསུམ་མཁན་པོ་ཀུན་དགྱེས་དགྱེས་མཛོད་ཅིག །


ཡོད་ཀྱང་བདེན་གྲུབ་ཀྱི་ཁས་ལེན་མེད་པས། །

མེད་དགག་སྨྲ་བ་རྣམས་དགྱེས་དགྱེས་མཛོད་ཅིག །

རྡུལ་དང་སྐད་ཅིག་མའི་ཆོས་ལས་འདས་པས། །

སྟོང་ཉིད་རྟག་སྨྲ་ཀུན་དགྱེས་དགྱེས་མཛོད་ཅིག །


བདེན་གཉིས་མི་འགལ་བར་བཟུང་ཡང་ཆོག་གིས། །

བདེན་གཉིས་མངོན་ཞེན་ཀུན་དགྱེས་དགྱེས་མཛོད་ཅིག །

གསལ་སྟོང་འཛིན་མེད་དེ་འདི་ལ་ཟེར་བས། །

སློབ་བཤད་བརྒྱུད་འཛིན་རྣམས་དགྱེས་དགྱེས་མཛོད་ཅིག །


སྤྲོས་བྲལ་ཕུ་ཐག་དེ་འདི་ནས་ཆོད་པས། །

བཀའ་གདམས་གསར་མ་རྣམས་ངང་ཐུང་མ་བྱེད། །

མ་བཅོས་ལྷན་སྐྱེས་དེ་འདི་ལ་ཟེར་བས། །

རྟོགས་ལྡན་རྒན་པོ་རྣམས་གདར་ཤ་ཆོད་མཛོད། །


ཡང་དག་རིགས་ལམ་དེ་འདི་ལ་མཛའ་བས། །

བླུན་བསྒོམས་ཐོས་ཉུང་རྣམས་བཤད་ལ་མ་སྐྲག །

འོན་ཀྱང་གནས་ལུགས་ལ་གོམས་པ་ཆུང་རྣམས། །

ཟབ་མོའི་གནད་གསང་ཞིག་མ་རྟོགས་ཡིན་སྲིད། །


ཁོ་བོ་ཁྱེད་ཅག་ལ་མི་གུས་མ་ལགས། །

ཕོག་ཐུག་བྱུང་ན་ནི་བཟོད་པར་མཛོད་ཅིག །

ཐེག་པ་ཐམས་ཅད་ཀྱི་རྩེ་རྒྱལ་ཨ་ཏི། །

ཁོ་བོས་ཇི་བཞིན་དུ་རྟོགས་པ་མིན་ཡང༌། །


ཕ་མེས་གཞུང་ལུགས་ཀྱི་རྟ་ཕོ་བཟང་པོ། །

དད་བརྩོན་ཤེས་རབ་ཀྱིས་ཞོན་ཚུལ་མཁས་པས། །

ཀུན་ཤེས་གཅིག་སྡུག་གི་འཕྲང་ལས་ཐར་ཏེ། །


གཅིག་ཤེས་ཀུན་གྲོལ་གྱི་ཐང་ལ་སླེབས་སོ། །

ཚོལ་དགོས་མི་འདུག་སྟེ་ཚོལ་མཁན་རང་ཡིན། །

ཞེན་པས་མི་བསླུ་སྟེ་ཞེན་མེད་རང་གྲོལ། །

སྣང་བ་མི་འགོག་སྟེ་གང་ཤར་གཉུག་མ། །


རྟག་ཆད་མཐའ་བྲལ་གྱི་ཡོ་ལང་བསྐྱང་ངོ༌། །

ཡེ་ཤེས་མ་མཐོང་ཡང་མིང་ཙམ་ཞིག་གིས། །

རིག་པ་དྲིན་ཅན་དེ་ཡུན་རིང་སྟོར་བ། །


འབྲལ་མེད་ལྷན་ཅིག་ཏུ་བཞུགས་པར་སྣང་གི །

བརྒྱུད་གསུམ་བླ་མ་དེ་བཀའ་དྲིན་ཆེའོ། །

སེམས་ཉིད་ཆོས་སྐུ་རུ་འདུ་འབྲལ་མེད་པས། །

བཀའ་དྲིན་གཟོ་ཐབས་སུ་གནས་ལུགས་བསྐྱང་ངོ༌། །


ཐ་སྙད་བློ་འདས་ཀྱི་རང་བྱུང་ཡེ་ཤེས། །

རང་ཤར་རྩོལ་མེད་ཀྱི་མཁའ་ལ་འཕྱོ་བས། །

བདེ་ཆེན་ཀུན་བཟང་གི་དགོངས་ཀློང་ཡངས་པར། །

མ་རྒན་འགྲོ་བ་ཀུན་བདེ་བླག་འཁྲིད་དོ། །


ཨེ་མའོ་ངོ་མཚར་རིག་པ། །

ཨ་ཧོ་ཡ་དགྱེས་པའི་རང་རྩལ། །

ཨ་ཛི་ཏའི་སྙིང་ལ་བསྒྱུར་ཚེ། །

ཨ་ལ་ལ་གསང་ཚིག་སྨྲས་སོ། །


 ཞེས་པ་རིག་པ་ངོ་ཤེས་ཀྱི་གླུ་སྒྲ་སྙན་གྱི་རོལ་མོ་ཞེས་བྱ་བ་འདིའང་ཁྱབ་བདག་འཇམ་པའི་དབྱངས་ཀུན་མཁྱེན་རྡོ་རྗེ་གཟི་བརྗིད་ཀྱིས་ལྕང་སྐྱའི་ལྟ་མགུར་གྱི་ཚིག་རིས་དང་ཅི་ནས་མཚུངས་པའི་རྙིང་མའི་ལྟ་མགུར་ཞིག་བྲིས་ཞེས་པའི་བཀའ་ལུང་སྤྱི་བོར་མཆོད་དེ་ཐེག་པ་མཆོག་ལ་ལྷག་པར་མོས་པའི་མི་ཕམ་བློ་གྲོས་དྲི་མེད་ཅེས་བྱ་བས་རྫོང་སར་བཀྲ་ཤིས་ལྷ་རྩེར་སྦྱར་བ་མངྒ་ལཾ།། །།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།