འདུལ་འཛིན་སྲིད་པའི་རྒྱན་གཅིག་ཤཱཀྱའི་སྲས།།
དམར་སེར་དགེ་འདུན་འདུས་པའི་ཁྱུ་ཆེན་པོའི།།
ཞབས་རྡུལ་སྤྱི་བོར་བཀོད་པའི་དགའ་སྟོན་འདིའི།།
ངོ་མཚར་གྲགས་སྙན་ཕྱི་མའི་དུས་ན་འབར།།
དེང་དུས་རྒྱལ་བསྟན་ཉིན་བྱེད་ནུབ་རིར་ཆས།།
ལོག་རྟོག་རྨོངས་པའི་མུན་པས་འཐུམས་གྱུར་ཚེ།།
ཐུགས་བསྐྱེད་ཟླ་གཞོན་འཛུམ་པའི་འོད་དཀར་གྱིས།།
འགྲོ་བློའི་སྙིང་གི་མུན་པ་སེལ་ལ་རེམས།།
ཡོན་ཏན་གཞི་རྟེན་ཚུལ་ཁྲིམས་ནོར་བུའི་མཛོད།།
བསྟན་པ་རིན་ཆེན་སྲོག་གི་དྭངས་མའི་ཟུངས།།
མ་གཡེལ་རང་གི་རྒྱུད་ནས་གཏན་སྲུང་བ།།
འདི་གཅིག་རྒྱལ་བ་དགྱེས་པའི་མཆོད་སྤྲིན་ལགས།།
ཏིང་འཛིན་མཆོག་ཏུ་མི་གཡོ་ཞི་བའི་དབྱིངས།།
དག་ཆེན་ཡེ་ཤེས་སྣང་བར་འགག་མེད་ཀྱི།།
ངོ་མཚར་སྒྱུ་མའི་རྒྱལ་ཐབས་ལ་གཞོལ་བའི།།
བསམ་གྱིས་མི་ཁྱབ་རྒྱལ་བའི་སྒྱུ་འཕྲུལ་ཉིད།།
བསླབ་གསུམ་ནོར་བུའི་མཛོད་ཀྱིས་རྟག་ཕྱུག་ཅིང་།།
འཆད་དང་རྩོད་དང་རྩོམ་པའི་འཕྲིན་ལས་ཀྱིས།།
རྒྱལ་བསྟན་གསེར་གྱི་འཁོར་ལོར་དབང་བསྒྱུར་བའི།།
མངའ་ཐང་ཉི་ཟླའི་ཁྱོན་དང་རྟག་འགྲོག་ཤོག།
ཤེས་རབ་ཟབ་མོའི་ཆོས་ཀྱི་མིག་བསྒྲུབས་པས།།
རྡུལ་བྲལ་དྲི་མ་མེད་པ་རྒྱལ་བའི་བཀའ།།
གསུང་གི་གསང་བའི་ཡང་དག་ཚུལ་འཆང་བ།།
རིང་པོར་མི་ཐོགས་རྒྱལ་བ་ཉིད་དུ་འགྱུར།།
སྲིད་འདིའི་ཆེ་དགུའི་གཙུག་གིས་མངོན་མཆོད་པའི།།
ཟླ་བྲལ་མཚུངས་མེད་བསྟན་པའི་རྫོང་ཆེན་ཉིད།།
ནང་སྲིད་རང་གི་སྒོ་མོ་ལེགས་བསྲུང་ན།།
ཕྱི་རོལ་འཚེ་བས་འཇིག་པའི་དཔེ་མ་མཆིས།།
ཉམ་ཆུང་གྱི་ནས་འཚོ་བའི་ཀུན་སྤང་ཁྱུ།།
དབེན་པའི་རི་སུལ་འགྲིམ་དང་ཆབས་གཅིག་པར།།
སྐབས་སུ་བབས་ཚེ་མི་འཕྲོག་སྤོབས་པའི་གདེང་།།
འཇིགས་མེད་སྨྲ་བའི་གཟི་མདངས་ངོམ་པར་འོས།།
སྲིད་དང་ཞི་བའི་ཆོས་ཁམས་བརྟན་གཡོའི་དཔལ།།
སྣང་སྲིད་འོད་དམར་ཞགས་པས་འཆིང་བ་ཡི།།
མི་ཟད་འདོད་དགུའི་འབྱོར་བས་རྟག་ཕྱུག་པའི།།
ཁྱོད་ཞབས་ནོར་བུའི་ཁྲི་ལ་རྟག་འཁོད་ཤོག།
མི་ཤིགས་རྡོ་རྗེ་ནམ་མཁའི་རྒྱལ་སྲིད་ཆེར།།
མཁའ་མཉམ་སྲིད་པ་གཡོ་བའི་ཕྱག་རྒྱ་དང་།།
འགྲོག་པའི་ཟིལ་གནོན་རྟགས་ཀྱི་ཆེ་བ་ཡིས།།
ཕྱོགས་ལས་རྣམ་པར་རྒྱལ་བའི་སྒྱུ་འཕྲུལ་ངོམ།།
དམ་གཙང་མཛའ་བ་མི་ཕྱེད་རྡོ་རྗེ་རྒྱ།།
མི་འགྱུར་སྲོག་གི་ཐིག་ལེར་ཡོངས་ཟླུམ་པ།།
རྡུལ་བྲལ་དྲི་མེད་ཟླ་གཞོན་དྭངས་པའི་ཁམས།།
སྟོང་ཁམས་སྲིད་པའི་མཁའ་དབྱིངས་རྒྱན་དུ་མཛེས།།
ཡོན་ཏན་ནོར་བུ་བརྩེགས་པའི་བ་གམ་བརྒྱ།།
ཏིང་འཛིན་ཟླ་རིས་འབུམ་གྱི་རླབས་ཕྲེང་ཅན།།
ཕྱོགས་དང་དུས་ཀྱི་ཐ་གྲུ་ཟླུམ་པོའི་གཞིར།།
དྲི་མེད་གྲགས་པ་དཀར་པོའི་སྙན་དབྱངས་འབར།།
འཆལ་སྤྱོད་སྙིགས་མར་གྱུར་པའི་གཞན་དབང་གིས།།
སྡོམ་པ་མིན་པའི་གཡང་ལ་ཕྱོགས་པ་ཡི།།
རྟགས་ལ་རེ་བའི་བསྟན་འཛིན་ཟོལ་མའི་ཁྱུ།།
སྤ་སྐོང་བསྟན་པའི་རུ་མཚོན་བསྒྲེངས་དེ་བསྔགས།།
ཚང་ལ་མ་ནོར་རྒྱལ་བསྟན་ནོར་བུའི་ཏོག།
འཛམ་གླིང་རྩེ་མོར་འགོད་པའི་བསྟན་འཛིན་ཁྱུའི།།
མཐུན་སེམས་གོང་བུའི་ནུས་པ་མི་ལྷོད་པའི།།
གཡར་དམ་སྲོག་གི་ཟུངས་ལས་གཅེས་པར་འོས།།
རིགས་ཀྱི་རུས་པ་དཀར་པོའི་ཁྲག་གི་རྒྱུན།།
དང་གཙང་འོ་མས་གསོས་པའི་གཅེན་གཅུང་གི།།
མཛའ་གཅུགས་ཕུ་ནུའི་དུང་སེམས་གནམ་སའི་བཅུད།།
མེས་པོའི་བླ་ཡིད་འབུམ་གྱིས་རྟག་ཏུ་སྲུངས།།
གླེན་པ་མགོ་བོ་འཐོམས་པའི་ཁ་སྟབས་དང་།།
གྲུང་པོ་ཕྱོགས་སུ་ལྷུང་བའི་བློ་གྲོས་ཅན།།
ཐམས་ཅད་འགལ་བར་མཐོང་བའི་གུ་དོག་བློ།།
དུས་འདིའི་སྤྱི་ཆུས་མི་ཟིན་ལྟས་སུ་མཐོང་།།
ལ་ལ་ཕྱོགས་བྲལ་ཟས་ནོར་རྒྱལ་ཁ་རྩོད།།
ལ་ལ་ཕྱོགས་ཞེན་རང་གིས་རང་ཉིད་འཆིང་།།
འགའ་ཞིག་སྒྲ་མེད་འཇབ་བུས་རང་ཚུལ་འཛིན།།
ཀུན་ཀྱང་ཀུན་ཕན་དོན་ལས་རིང་བར་སེམས།།
དོན་མེད་སྨྲ་ལྕེ་བརྡར་བ་མང་མོད་ཀྱང་།།
དོན་ལྡན་ལག་ཏུ་ལོན་པ་ཉིན་སྐར་ཙམ།།
དེ་བས་སླར་ཡང་སྨྲ་མེད་ངང་ཚུལ་ལ།།
རྟག་ཏུ་གནས་པ་ཁོ་བོའི་སྤྱོད་ཡུལ་ཉིད།།
ནམ་ཞིག་སྨྲ་བའི་སྤྲོས་པ་ཉེར་ཞི་བ།།
བརྗོད་བྲལ་གསུང་གི་རང་བཞིན་ནཱ་དའི་དབྱངས།།
བདེ་ཆེན་རྡོ་རྗེའི་དབྱིངས་སུ་ཉེར་འཕོས་ཚེ།།
ཟུང་འཇུག་བདེ་བ་ཆེན་པོར་བསྡོམ་ཡང་སྲིད།།
གྲུབ་པ་བཞི་ལྡན་ངག་ལ་དབང་འབྱོར་ནས།།
ཐོགས་མེད་སྨྲ་བའི་མཐུ་ལྡན་གསུང་གི་དཔལ།།
ཡིད་ལ་ཡེ་ཤེས་མཆོག་སྦྱིན་འཇམ་པའི་ལྷས།།
དགྱེས་བཞིན་རྗེས་སུ་བཟུང་བར་ཅིས་མི་སྨོན།།
ལྕང་ལོའི་ཟུར་ཕུད་འཆང་བའི་གོས་དཀར་མདངས།།
རིག་སྔགས་བཙན་པོའི་རྫོངས་ལ་གནས་འཆའ་བའི།།
འབུམ་སྡེའི་གྲལ་དུ་ཕྱོགས་པའི་ལང་ཚོའི་གཟི།།
འོད་འབར་ནང་གི་ཉི་མས་སྙིང་ནས་གསོས།།
ལྔ་ཕྲག་ཐ་མར་ཕྱོགས་པའི་འཇིག་རྟེན་འདིའི།།
རྒུད་པ་སྟོབས་སུ་བདོ་བའི་མ་རུངས་མཐུ།།
རིག་སྔགས་ཚངས་པའི་མེ་ལྕེས་མཐར་བྱེད་པའི།།
ཡ་མཚན་རྫོགས་ལྡན་གསར་པ་མགྲོན་དུ་ཁུག།
སྟོང་ཆེན་དབྱིངས་ཀྱི་ཕྱག་རྒྱར་མཉམ་སྦྱོར་བས།།
བཅུ་དྲུག་ཕྱེད་ཕྱེད་འཆར་བའི་ཉི་ཟླའི་འགྲོས།།
གཙུག་ཏོར་རྩེ་མོར་བཀོད་པའི་འཕོ་བྲལ་སྲོག།
བདེ་མཆོག་བདེ་བ་ཆེན་པོའི་དབྱིངས་སུ་སྡོམས།།
ཁྲག་འཐུང་དཔའ་བོ་དགྱེས་པའི་བརྟུལ་ཞུགས་ཀྱི།།
སེམས་མེད་མཁའ་ཡང་གཡོ་བའི་སྡང་མིག་གིས།།
ལོག་འདྲེན་དགྲ་སྡེ་ཐལ་བར་བརླག་བྱེད་པའི།།
སྙིང་རྗེས་བསྒྲལ་བའི་དམ་ཚིག་དང་དུ་ལོངས།།
མགྲིན་པའི་ཆོས་དུང་གཡས་འཁྱིལ་པདྨ་དཀར།།
གཡང་ཆགས་ནོར་བུ་འཛུམ་པའི་མནྡ་རའི།།
ཆུན་འཕྱང་འོད་འབར་བྱེ་བའི་དགེ་མཚན་གྱིས།།
ཡང་ཡང་མགྲོན་དུ་འབོད་པའི་ངོ་མཚར་འབྱིན།།
འདུས་པ་མི་བདེན་འབྲལ་བའི་ཆོས་ཉིད་ཀྱང་།།
འབྲལ་བ་མི་བདེན་སླར་ཡང་འཛོམས་པ་ཡི།།
རྟེན་འབྱུང་བསླུ་མེད་སྨོན་ལམ་དཀར་པོའི་མདུད།།
མི་ཤིགས་སྙིང་གི་དྭངས་མའི་ཟུངས་སུ་འཆིང་།།
འབྱུང་བཞི་འདུས་པའི་སྒྱུ་ལུས་ཡ་མ་བརླ།།
སྲིད་འབྱོར་མི་བརྟན་སྒྱུ་མའི་ཁང་བཟང་སྟེ།།
ནམ་ཞིག་འོད་ལུས་འཇའ་ཚོན་དྭངས་མའི་སྐུས།
མཁའ་སྤྱོད་དག་པའི་གནས་སུ་འདི་བཞིན་ཚོགས།།
ཤར་ནུབ་ས་གཞིའི་བར་ཐག་རྒྱང་རིང་ཞིང་།།
རི་ཀླུང་ཆུ་ཕྲན་སྟོང་གིས་ཁད་འགྱང་ཡང་།།
དུང་སེམས་ཆོས་ཀྱིས་སྦྲེལ་བའི་མཛའ་མཐུན་ཡིད།།
གམ་ན་གནས་པ་ཇི་བཞིན་འབྲལ་བ་མེད།།
གཡང་ཞགས་ནོར་བུས་མཚན་པའི་ངོ་མཚར་འཕྲུལ།།
སྲིད་ཞིའི་དགེ་མཚན་འགུག་པའི་དཔལ་གྱི་གཟིས།།
འཁོར་ཡུག་ལྗོངས་ཀུན་འགེང་བའི་ལེགས་བྱས་ཀྱིས།།
ཁྱེད་ལ་ཕེབ་སྐྱེལ་བགྱིའོ་དོན་མཐུན་མཆེད།།
སླར་ཡང་འཛུམ་ལྡན་མི་སྨྲའི་བརྟུལ་ཞུགས་ཀྱིས།།
གཅིག་པུར་གནས་པའི་ཉམ་ཆུང་གྱི་ན་བས།།
མཛེས་ལྡན་ནགས་ཀྱི་ར་བའི་སྤྲིན་མཐོངས་ནས།།
ཁྱེད་ལ་ཡང་ཡང་མཇལ་བའི་ལག་ཟུང་གཡོབ།།
སྐུ་ཚེ་མི་ཤིགས་རྡོ་རྗེ་སྲོག་ཏུ་བརྟན།།
མཛད་པ་མཐའ་རྒྱས་དོན་གཉིས་ངང་གིས་འགྲུབ།།
རླབས་ཆེན་བསྟན་དོན་བཞེད་པ་མཐར་ཕྱིན་པའི།།
དགེ་མཚན་སྣང་བ་དཀར་པོས་རྟག་ཁྱབ་ཤོག།
༧ ཁྱབ་བདག་པདྨ་སྐལ་བཟང་རིན་པོ་ཆེ་མཆོག་གིས་༢༠༡༧ ལོར་སློབ་ཚོགས་ཡོངས་ལ་རྫོགས་ཆེན་པདྨ་ཐང་ལུང་རྟོགས་པདྨའི་དགའ་ཚལ་ནས་སྙིང་ཐིག་ཡ་བཞིའི་དབང་གནངས་རྗེས་ཀྱི་གསུང་རྩོམ།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།