མགོན་པོ་སྲིད་ཞིའི་ཁྱབ་བདག་ཀུན་ཏུ་བཟང་།།
རང་བྱུང་ཡ་ེཤེས་སྐུ་གསུམ་སྟོན་པར་ཤར།།
ཆོས་སྐུའི་བདག་ཉིད་ལོངས་སྐུ་རིགས་ལྔར་སྣང་།།
སྤྲུལ་སྐུ་མཚན་རྫོགས་རྡོ་རྗེ་འཆང་དུ་བཞེངས།།
དེ་ལས་གདུལ་ཞིང་གནས་རིགས་བཅུ་གཉིས་སུ།།
ཚེ་ལོ་དཔག་མེད་དུས་ནས་བརྒྱ་པའི་བར།།
རྫོགས་ཆེན་སྟོན་པ་བཅུ་གཉིས་ཚུལ་སྣང་བའི།།
སངས་རྒྱས་དྲུག་ཕྲག་གཉིས་ལ་གསོལ་བ་འདེབས།།
དང་པོ་དགའ་ལྡན་བརྩེགས་པར་ཁྱེའུ་ནི།།
སྣང་བ་དམ་པ་བསམ་གྱིས་མི་ཁྱབ་དང་།།
གཉིས་པ་མི་མཇེད་ཀྱི་ནི་འཇིག་རྟེན་དུ།།
སྟོན་པ་ཁྱེའུ་འོད་མི་འཁྲུགས་པ་དང་།།
གསུམ་པ་དྲོ་གཤེར་འདུས་པ་འོད་ཕུང་དུ།།
སྟོན་པ་འཇིགས་པ་སྐྱོབ་པའི་ཡིད་ཅེས་དང་།།
བཞི་བ་ཆགས་འབྱུང་མངལ་དུ་སྣང་བ་རུ།།
གཞོན་ནུ་རོལ་པ་རྣམ་པར་བརྩེ་བ་དང་།།
ལྔ་བ་འཚོ་བྱེད་གཞོན་ནུའི་ལྡུམ་ར་རུ།།
སྟོན་པ་རྡོ་རྗེ་འཆང་ཞེས་བྱ་བ་དང་།།
དྲུག་པ་དུར་ཁྲོད་མེ་རི་འབར་བ་རུ།།
སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན་དང་།།
བདུན་པ་སྲིན་པོ་རུ་ལུའི་སྒྲ་ལྡན་དུ།།
སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ་དང་།།
བརྒྱད་པ་བྱ་རྒོད་སྤུངས་བའི་རི་བོ་རུ།།
སྟོན་པ་དགྲ་བཅོམ་གསེར་འོད་དམ་པ་དང་།།
དགུ་བ་སོག་པོ་གཡུ་སྨིན་ཅན་གནས་སུ།།
སྟོན་པ་བརྩེ་བས་རོལ་བའི་བློ་གྲོས་དང་།།
བཅུ་བ་བྱ་རྒོད་ཕུང་པོའི་གནས་ཉིད་དུ།།
སྟོན་པ་འོད་སྲུང་བགྲེས་པོ་ཞེས་བྱ་དང་།།
བཅུ་གཅིག་རྡོ་རྗེ་གདན་གྱི་ཤིང་དྲུང་དུ།།
སྟོན་པ་མངོན་རྫོགས་རྒྱལ་པོ་ཞེས་བྱ་དང་།།
བཅུ་གཉིས་མགོན་མེད་ཟས་སྦྱིན་ཀུན་དགའ་རར།།
སྟོན་པ་ཤཱཀྱ་ཐུབ་པ་ཞེས་བྱ་སྟེ།།
འདི་ལྟར་གདོད་མའི་མགོན་པོའི་ཡེ་ཤེས་སྐུ།།
སྣ་ཚོགས་རོལ་པར་སྣང་བས་འགྲོ་ཀུན་ལ།།
གནས་དུས་སྐལ་བ་ཇི་བཞིན་དོན་མཛད་པ།།
རྒྱལ་བ་དགོངས་པའི་བརྒྱུད་པ་ལ་གསོལ་བ་འདེབས།།
བརྒྱད་ཁྲི་བཞི་སྟོང་ཟབ་རྒྱས་ཆོས་ཀུན་གྱི།།
སྙིང་པོ་མཐར་ཐུག་ངེས་གསང་རྫོགས་པ་ཆེ།།
དུས་གསུམ་རྒྱལ་བའི་ཐུགས་ཀྱི་གསང་བ་ཉིད།།
བླ་མེད་ཐེག་པའི་རྒྱལ་པོར་གསོལ་བ་འདེབས།།
ལམ་མཆོག་འདི་ཉིད་ཚུལ་བཞིན་འཛིན་པ་ཡི།།
རིག་འཛིན་བརྡ་བརྒྱུད་གང་ཟག་སྙན་ཁུངས་བརྒྱུད།།
མཁའ་འགྲོ་དམ་ཅན་སྲུང་མར་བཅས་པ་ལ།།
གསོལ་བ་འདེབས་སོ་ཐུགས་རྗེས་བྱིན་གྱིས་རློབས།།
བདག་ནི་མཁའ་ཁྱབ་འགྲོ་བ་ཀུན་དོན་དུ།།
སྐྱེ་བ་ཀུན་ཏུ་ཐེག་མཆོག་རྫོགས་ཆེན་གྱི།།
སྟོན་དང་བསྟན་པའི་སྣང་བ་ཡང་དག་པས།།
ཡོངས་སུ་འཛིན་ཅིང་ཚུལ་བཞིན་བརྩོན་པར་ཤོག །
ལས་དང་ཉོན་མོངས་བག་ཆགས་སྒྲིབ་པ་སོགས།།
ལམ་ལ་བར་དུ་གཅོད་པ་ཀུན་ཞི་ནས།།
རང་གཞན་དོན་དུ་ངེས་གསང་སྙིང་པོའི་ཆོས།།
ཚུལ་བཞིན་འཛིན་ཅིང་གཞན་ལ་སྤེལ་ནུས་ཤོག །
གདོད་མའི་མགོན་པོ་རིགས་ལྔ་གངས་ཅན་མཚོ།།
སྟོན་པ་བཅུ་གཉིས་སངས་རྒྱས་སྟོང་ལ་སོགས།།
དུས་གསུམ་རྒྱལ་བའི་དགོངས་སྤྱོད་ཇི་བཞིན་དུ།།
བདག་དང་འགྲོ་བས་ཡོངས་སུ་འགྲུབ་པར་ཤོག །
བླ་མེད་སྟོན་པ་མཆོག་དང་དགེ་འདུན་གྱི།།
བདེན་པས་བདག་ཅག་གར་གནས་ཕྱོགས་དུས་སུ།།
འཇིགས་དང་སྡུག་བསྔལ་རྒུད་པ་མིང་མེད་པར།།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག །
ཅེས་རྫོགས་ཆེན་སྟོན་པ་བཅུ་གཉིས་ཀྱི་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་རང་གྲྭ་འོད་གསལ་གྱིས་སྔ་ཕྱིར་གསོལ་བ་བཏབ་པའི་ངོར། འཇམ་དཔལ་དགྱེས་པའི་རྡོ་རྗེས་ས་ཕག་ཟླ་ ༥ ཚེས་ ༡༣ དུས་མཆོག་ཏུ་དགེ་བར་རྫ་རྒྱལ་དགོན་གྱི་ཆོས་སྡེར་གང་ཤར་དུ་མགྱོགས་པར་བྲིས་པ་དགེ་ལེགས་འཕེལ།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།