དང་པོ་ཤེས་བྱའི་གནས་ལ་བློ་སྦྱངས་ཤིང་། །
བར་དུ་ཐོས་དོན་བསམ་པས་གཏན་ལ་དབབ། །
ཐ་མར་བཤད་དང་སྒྲུབ་པས་སངས་རྒྱས་ཀྱི། །
བསྟན་པ་འཛིན་པ་སྔ་འགྱུར་མཁས་པའི་ལུགས། །
ཐོས་བསམ་འཕགས་ཡུལ་མཁས་པའི་གཞུང་ལ་སྦྱངས། །
རྣམ་དག་ལྟ་གྲུབ་ཟབ་མོས་རང་རྒྱུད་འདུལ། །
རིམ་དགུའི་ཐེག་པའི་བརྗོད་བྱ་མངོན་སུམ་དུ། །
གྱུར་འདི་སྔོན་བྱོན་མཁས་པའི་ཁྱད་ཆོས་ཡིན། །
གོས་དཀར་ལྕང་ལོ་རབ་བྱུང་ངུར་སྨྲིག་སྡེ། །
གཉིས་པོ་གང་ཡང་ལྟ་སྤྱོད་ཟུང་དུ་འབྲེལ། །
སྟོང་ཉིད་རྟོགས་པའི་རྩལ་ལས་སྒོམ་བྱུང་གི །
ཤེས་རབ་ཀློང་རྡོལ་གསང་ཆེན་རྙིང་མའི་ལུགས། །
གནས་ལྔ་རིག་པའི་ཚུལ་ལ་མ་རྨོངས་ཤིང་། །
ངོས་ལྐོག་མེད་པའི་རྣམ་དག་ཚུལ་ཁྲིམས་ཅན། །
སྒྲུབ་པ་ལྷུར་ལེན་འཕགས་པའི་ནོར་གྱིས་ཕྱུག །
དེ་འདྲ་སྔ་འགྱུར་རྙིང་མའི་ཁྱད་ཆོས་ཡིན། །
རྒྱུ་འབྲས་ཐེག་པའི་གོ་རིམ་མ་ནོར་བར། །
འོག་མར་གབ་པ་གོང་མས་མངོན་དུ་འབྱིན། །
ལམ་གྱི་མཐར་ཐུག་འོད་གསལ་རྫོགས་ཆེན་ལ། །
གཅིག་ཏུ་དྲིལ་བ་སྔ་འགྱུར་རྙིང་མའི་སྲོལ། །
འདིར་སྣང་ཆོས་ལ་སྙིང་པོ་མི་རེ་ཞིང་། །
བཤད་དང་སྒྲུབ་པའི་ལག་རྗེས་ཕུལ་བྱུང་བས། །
ཡོངས་རྫོགས་རྒྱལ་བའི་བསྟན་པ་འཛིན་བཟོད་པའི། །
ཆོས་ཀྱི་སྣང་ཆེན་སྔ་འགྱུར་རྙིང་མ་པ། །
རྒྱ་གར་རིག་འཛིན་མཁས་པ་མང་པོ་དང་། །
སྐད་གཉིས་སྨྲ་བ་བརྒྱ་དང་རྩ་བརྒྱད་ཀྱིས། །
ཞུས་སྒྱུར་ཁུངས་བཙུན་མདོ་རྒྱུད་དམ་པའི་ཆོས། །
ཉམས་ལེན་མ་ནོར་སྔ་འགྱུར་རྙིང་མའི་ལུགས། །
བཀའ་བབས་སྙན་རྒྱུད་ཡང་ཟབ་གཏེར་གྱི་ཆོས། །
ལུང་རིགས་མན་ངག་བཟང་པོའི་དཔྱད་བཟོད་པ། །
འབྲེལ་ཚད་དོན་ལྡན་རྒྱལ་སྲས་ལམ་བཟང་ལ། །
དཀྲི་བའི་ཉེ་བརྒྱུད་གསང་ཆེན་རྙིང་མའི་ལུགས། །
ཨེ་མ་ཆོས་འདི་གང་འཕྲད་སྐལ་བ་བཟང་། །
རིག་འཛིན་བླ་མ་རྣམས་ཀྱི་བྱིན་རླབས་ཡོད། །
མ་དང་མཁའ་འགྲོ་རྣམས་ཀྱིས་སྡོང་གྲོགས་མཛད། །
འཕྲལ་དུ་རྒྱུད་དུལ་ཕུགས་སུ་སངས་རྒྱས་འཐོབ།
ཅེས་པ་ཞིག་ཀྱང་ཁ་ནས་ཤོར་སོང་།།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།