༄༅།།རྗེ་བཙུན་བླ་མ་ཨོ་རྒྱན་བསྟན་འཛིན་ནོར་བུ་རྗེས་སུ་དྲན་པའི་མགུར་དབྱངས་བཞུགས།།
རྗེ་བཀའ་དྲིན་སུམ་ལྡན་རྡོ་རྗེ་འཆང་། །
མཚན་བརྗོད་པར་དཀའ་བ་གཙུག་གི་རྒྱན། །
མགོན་ཨོ་རྒྱན་བསྟན་འཛིན་ནོར་བུ་དེ། །
དུས་རྟག་པར་སྙིང་གི་དཀྱིལ་ནས་དྲན། །
བདག་སྔོན་སྦྱངས་ལས་འཕྲོ་མི་དམན་ཏེ། །
རྗེ་ཁྱོད་ཀྱི་ཞབས་པད་གཙུག་ཏུ་ཐོབ། །
ཐུགས་བརྩེ་བས་མ་ཡི་བུ་བཞིན་སྐྱོངས། །
ཆོས་སྡེ་སྣོད་གསུམ་གྱི་གཏེར་ཁ་ཕྱེས། །
ཕ་སྒྲུབ་བརྒྱུད་གོང་མའི་ཕུག་ནོར་མཆོག །
རྗེ་ཀུན་མཁྱེན་ཡབ་སྲས་ཐུགས་ཀྱི་བཅུད། །
ཆོས་འོད་གསལ་རྫོགས་པ་ཆེན་པོ་ཡིས། །
བདག་རྨོངས་ཆེན་སྙིང་གི་མུན་པ་བསལ། །
དུས་འདི་ནས་ཚེ་རབས་ཐམས་ཅད་དུ། །
ཁྱོད་འབྲལ་མེད་རྗེས་སུ་འཛིན་ནོ་ཞེས། །
དེང་བདེན་པའི་གསུང་གིས་དབུགས་ཕྱིན་ཐོབ། །
ད་སྐྱིད་པའི་ཁོ་ཐག་ནང་ནས་ཆོད། །
མཚན་སྙན་ཡང་རུང་ལ་མི་སྙན་རུང་། །
ངའི་བླ་མ་ཨོ་རྒྱན་བསྟན་འཛིན་ཡིན། །
ཐོབ་མངའ་ཐང་ཆེ་རུང་མི་ཆེ་རུང་། །
སྤྲང་བདག་ལ་སྐྱབས་གནས་ཁྱོད་ལས་མེད། །
ལས་སྒྲིབ་པའི་བྲག་རི་ལྷུན་མཐོ་ཡང་། །
ཕ་བླ་མའི་མན་ངག་རྡོ་རྗེའི་ཐོག །
བློ་ཁྱོད་ཤེས་མོས་གུས་ཀྱིས་བསྐུལ་ནས། །
གཞི་ཀ་དག་ཀློང་དུ་མི་བཤིག་རེ། །
ཆོས་དམ་ཚིག་གཅིག་གིས་བསྡུས་པ་ཡིས། །
ལྷ་གྲོགས་ཀུན་སྙིང་ལ་འབྲལ་དཀའ་ཡང་། །
བློ་གཏུམ་ཆོད་སྨྱོན་པའི་བརྟུལ་ཞུགས་ཀྱིས། །
གནས་མི་མེད་ལུང་སྟོང་མི་འགྲིམ་རེ། །
ཟས་གྱི་ནས་འཚོ་བ་བྱ་ཚོལ་གྱིས། །
ལུས་འབྱུང་བཞི་རྒུད་པ་འཚོ་དཀའ་ཡང་། །
ཕ་བླ་མའི་ཐུགས་དགོངས་རྫོགས་པའི་ཕྱིར། །
ངས་སྤྲང་ཕུག་ཤི་ལ་མི་གཏད་རེ། །
ཞེས་གཞན་ཕན་སྣང་བས་དགའ་སྐྱོ་འདྲེས་མའི་ངང་ནས་གླུ་དེ་འདྲ་ཞིག་ཀྱང་འཐེན་པར་བྱའོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།