རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་། ཁོང་གི་ཡོངས་འཛིན་དམ་པ་རྟ་མགྲིན་ཡོན་ཏན་མགོན་པོ་རྣམ་གཉིས་ཀྱི་སྐུ་པར།
གདམས་ངག་ངོ་མཚར་མཆོད་སྤྲིན།
མི་གནས་ཞི་བ་ཆོས་སྐུའི་མཁའ་དབྱིངས་སུ། །མཁྱེན་བརྩེའི་ཉི་ཟླ་གསལ་བའི་སྣང་བ་ཅན། །འགྲོ་ཀུན་སྒྲིབ་གཉིས་མུན་པ་སེལ་མཛད་པའི། །དུས་གསུམ་བླ་མ་བདེ་གཤེགས་ཚོགས་བཅས་རྒྱལ། །གང་ཞིག་ཡང་དག་ཐར་བའི་ལམ་བཟང་ལ། །སྤྲོ་བས་འཇུག་པའི་སྐལ་བཟང་དམ་པ་རྣམས། །ཐོག་མར་ངེས་པར་འབྱུང་བའི་སེམས་ཀྱི་ཤུགས། །བཅོས་མིན་རྒྱུད་ལ་སྐྱེ་ངེས་ཅིས་ཀྱང་དགོས། །སྲིད་པའི་སྣང་ཚུལ་རྨི་ལམ་གྲོང་ཁྱེར་འདྲ། །རྟག་མི་ཐུབ་ཅིང་འགྱུར་བཅས་སྙིང་པོ་མེད། །ཆུ་ཤིང་སྨིག་རྒྱུ་འདྲ་བར་སུས་ཤེས་པ། །ངེས་པར་མི་གནས་ཞི་བའི་ཕ་རོལ་འགྲོ། །བྱིས་པའི་གྲོགས་ནི་ཆགས་སྡང་མེ་དབལ་ཚ། །སུ་དང་འགྲོགས་ཀྱང་སྡིག་པའི་གཡོ་བསྐོར་སློབ། །ཆོས་ལས་ཡིད་ཟློག་ཆོས་མིན་འདུ་འཛིས་བྲེལ། །བདུད་ཀྱི་མཐུས་ནོན་ཆོས་བརྒྱད་རྣམ་གཡེང་འཕེལ། །དེ་ཕྱིར་ཐར་པ་འདོད་པའི་སྐལ་བཟང་གིས། །སྡིག་པའི་གྲོགས་དང་མི་དགེའི་བཤེས་གཉེན་སྤངས། །ཆོས་ལས་ཉམས་པའི་འགལ་རྐྱེན་དུག་བཞིན་འཛེམ། །བརྟན་པ་མ་ཐོབ་བར་དུ་གྲོགས་བཟང་བསྟེན། །ནམ་ཞིག་རང་བློ་ཡང་དག་ཆོས་ཀྱིས་དུལ། །ནང་རྟགས་ཕྱིར་ཤར་གཞན་སྣང་དགེ་ལ་བསྒྱུར། །འབྲེལ་ཚད་དོན་ལྡན་འགྲོ་བའི་སྒྲོན་མེ་ཆེ། །དེ་འདྲའི་དུས་སུ་དམུ་རྒོད་འཁོར་རྣམས་སྐྱོངས། །གཞན་དུ་ལྟར་སྣང་གཞན་དོན་བྱེད་སྔ་ན། །གཅིག་གིས་གཅིག་བྲེལ་རྣམ་གཡེང་གཟེབ་ཏུ་ཚུད། །ལོག་སྒྲུབ་གཡོ་སྒྱུས་ཆོས་ལམ་ཐབས་ཀྱིས་བྲིད། །ལྟར་སྣང་ཆོས་བརྒྱད་གཉེར་ཀས་མི་ཚེ་འཛད། །དེ་ཕྱིར་གཞན་ཕན་ལས་ལམ་མཐུ་མེད་ཀྱང་། །རྟག་ཏུ་གཞན་དོན་སྨོན་ལམ་རྒྱ་ཆེར་གདབ། །རང་ལྟོས་འཁོར་རྣམས་ཐབས་ཀྱིས་ཆོས་ལ་འགོད། །སྤྱོད་ལམ་གང་ཡང་གཞན་ཕན་སྙིང་རྗེས་ཟིན། །སུ་དང་འགྲོགས་ཀྱང་མི་འཛའ་མི་འཁོན་ཞིང་། །ཧ་ཅང་འདྲིས་ཆེ་ཕྱོགས་རེའི་ཞེན་པ་སྤང་། །འགྲོགས་ན་བདེ་ཞིང་འབྲལ་ཡང་མི་དགའ་མེད། །ཀུན་མཐུན་སྤྱོད་པ་གཞན་གྱིས་བསྒྱུར་མི་བཏུབ། །བློ་གཏིང་ཆོས་སུ་སོང་བས་གང་ལ་ཡང་། །འདོད་ཆུང་ཆོག་ཤེས་ཟང་ཟིང་དོན་མི་གཉེར། །བྱེད་སྤྱོད་གང་ཡང་དམ་པའི་རྣམ་ཐར་སློབ། །དེ་འདྲའི་སྐལ་བཟང་ཡང་དག་ལམ་ལ་འགྲོ། །རང་གི་སྒོ་གསུམ་སྤྱོད་པ་གང་དང་གང་། །བྱང་ཆུབ་སེམས་དཔའི་སྤྱོད་འཇུག་གཞུང་བཞིན་དུ། །ཆོས་དང་རང་རྒྱུད་ཞུས་དག་ཕེར་བ་ཞིག །བྱུང་ན་དམ་པའི་མཚན་སྙན་དོན་དང་ལྡན། །གཞན་དུ་ཕྱི་ཆེ་ནང་སྟོང་བླ་བྲང་དང་། །ཟང་ཟིང་ཡོ་ལང་གཡེར་ཆེའི་ཚོགས་བསགས་སོགས། །རླབས་ཆེན་སེམས་བསྐྱེད་ཤུགས་ཀྱིས་མ་ཟིན་ན། །རྣམ་དག་ཆོས་སུ་འགྱུར་སྙམ་བདག་ལ་མེད། །དཀར་ནག་ཚོས་ཀྱིས་བཅོས་པའི་ཀུན་སློང་གིས། །དགེ་དང་མི་དགེ་མཐུ་ཆེན་བྱེད་པའི་ཚུལ། །འདི་གཅིག་དཔེ་ལ་མ་བཞག་རྒྱུད་དང་སྦྱོར། །གང་ཤེས་ཆོས་དོན་སེམས་དང་འདྲེས་པ་དགོས། །དེང་སང་བསྟན་པའི་གཉེར་འཛིན་ཕལ་མོ་ཆེ། །ལོ་འདོད་ཆོས་བརྒྱད་དུག་གིས་སེམས་སྐྲུག་ནས། །ཚོང་དང་བུད་མེད་འཇིག་རྟེན་བྱ་བས་གཡེང་། །ཆོས་ལས་བློ་ཉམས་རང་གཞན་ཕུང་ལ་སྦྱོར། །དེ་འདྲའི་ལད་མོ་མ་མཛད་ཡང་དག་ལམ། །རྒྱལ་བས་བསྔགས་པའི་བསླབ་གསུམ་སྲོག་ལྟར་སྲུང་། །དབང་པོ་ཞི་བས་གཞན་སྣང་དགེ་ལ་སྦྱོར། །བག་ཡོད་སྤྱོད་པས་དམ་པའི་རྣམ་ཐར་སློབ། །འོ་སྐོལ་ཀུན་གྱི་སྐྱབས་གཅིག་ཆོས་ཀྱི་རྗེ། །རྡོ་རྗེ་འཆང་དངོས་ཆོས་ཀྱི་བླ་མ་སོགས། །ཚད་ལྡན་མཁས་གྲུབ་རྒྱ་མཚོའི་ཞལ་གདམས་ལས། །ཇི་སྐད་བསྟན་བཞིན་ཐུགས་དམ་སྙིང་པོར་ཟུང་། །གཤིན་གསོན་དད་རྫས་ཟང་ཟིང་འབྱོར་བའི་ཚོགས། །ཡར་མཆོད་མར་སྦྱིན་དགེ་ཚོགས་གོང་འཕེལ་དང་། །ཁྱད་པར་ཚེས་བཅུ་བྱུང་རེས་ཨོ་རྒྱན་རྗེའི། །རྣམ་ཐར་རྗེས་དྲན་ཚོགས་མཆོད་རྒྱ་ཆེར་སྒྲུབ། །དེས་ནི་དཀོར་སྒྲིབ་རྣམ་སྨིན་ཆེར་བསྲབ་ཅིང་། །དད་རྫས་དོན་ཡོད་ཅི་བསམ་ཆོས་བཞིན་འགྲུབ། །འགལ་རྐྱེན་ཀུན་སེལ་སྣོད་བཅུད་ལེགས་ཚོགས་འཕེལ། །ལྟ་སྒོམ་དྲོད་ཐོབ་མཆོག་ཐུན་བདེ་བླག་འགྲུབ། །རྩ་གསུམ་བསྟན་སྲུང་རྒྱ་མཚོས་བུ་བཞིན་སྐྱོང་། །རྒྱ་འདྲེ་དམ་སྲིའི་དཔུང་གིས་བརྫི་བ་མེད། །དེ་ཕྱིར་ཚེས་བཅུའི་དུས་ཆེན་རྒྱུན་མི་བཅད། །བློ་སྙིང་བྲང་གསུམ་ཨོ་རྒྱན་རྗེ་ལ་གཏད། །ཡིད་ཆེས་ཕུར་ཚུགས་གསོལ་བ་སྙིང་ནས་གདབ། །དེས་ནི་འགལ་རྐྱེན་གཡུལ་ལས་རྣམ་པར་རྒྱལ། །བཞེད་དོན་ཀུན་ཀྱང་གེགས་མེད་ཡིད་བཞིན་འགྲུབ། །ཆོས་མཐུན་སྤྱོད་པ་རྒྱ་མཚོ་མཐར་ཕྱིན་འགྱུར། །ཟབ་ཅིང་རྒྱ་ཆེའི་ཐེག་ཆེན་ལམ་གྱི་གནད། །ཤིང་རྟ་ཆེན་པོ་གཉིས་དང་རྒྱན་དྲུག་སོགས། །འཕགས་ཡུལ་མཁས་པས་བསྒྱུར་བའི་ལེགས་བཤད་གཞུང་། །ཐོས་བསམ་ལམ་གྱི་འཇུག་སྒོར་མེད་ཐབས་མེད། །ཧ་ཅང་གཞུང་མང་ཚིག་དང་ཡི་གེའི་མཐའ། །བསླབ་ཀྱང་ཟད་དཀའ་ཆུ་ཡི་གཉེར་རིས་འདྲ། །དེ་བས་བདེན་གཉིས་ལྟ་སྤྱོད་ཟབ་རྒྱ་ཆེའི། །རང་ལུགས་གཞུང་ཆེན་བཅུ་གསུམ་ཆ་ལག་བཅས། །ཐེག་ཆེན་གཞི་ལམ་འབྲས་བུ་རྟོགས་དཀའི་གནད། །གསལ་བར་རབ་སྟོན་དམུས་ལོང་མིག་འབྱེད་འདྲ། །ཆོས་ཀྱི་བློ་ཆེན་རྙེད་ནས་ཐར་བའི་ལམ། །སྒྲུབ་ལ་གཞན་དྲིང་མི་འཇོག་མཐུ་ཐོབ་འགྱུར། །ཐུན་མོང་རིག་གཞུང་སྒྲ་ཚད་ཆ་ལག་བཅས། །ལེགས་པར་བསླབ་པའང་ལམ་གྱི་གྲོགས་ཡིན་ཏེ། །འཆད་རྩོད་རྩོམ་པའི་ཡོན་ཏན་མཐར་ཕྱིན་པ། །རང་གཞན་དོན་འགྲུབ་སླད་དུ་བསྟེན་པར་མཛོད། །ཐུན་མིན་ཐེག་ཆེན་བླ་ན་མེད་པ་ཡི། །གཞི་ལམ་འབྲས་བུའི་ཟབ་དོན་རྟོགས་དཀའི་གནད། །གསལ་བར་རབ་སྟོན་བླ་མེད་སྒྱུ་འཕྲུལ་གྱི། །རྒྱུད་དོན་འགྲེལ་ལ་འཛམ་གླིང་ལྗོངས་འདི་ན། །གདོད་མའི་མགོན་པོ་གཉིས་པར་ཡོངས་གྲགས་པ། །ཐམས་ཅད་མཁྱེན་གཟིགས་ཀློང་ཆེན་རབ་འབྱམས་ཡིན། །དེ་ཕྱིར་མུན་སེལ་སྐོར་གསུམ་གསང་རྒྱུད་ཀྱི། །དགོངས་དོན་གསལ་སྟོན་རྒྱལ་བ་དངོས་ཇི་བཞིན། །མཐོང་ཐོས་དྲན་རེག་དོན་དང་ལྡན་པ་སྟེ། །འབྲེལ་ཚད་ཟབ་དོན་རྟོགས་པའི་བགོ་སྐལ་འཐོབ། །ཀུན་མཁྱེན་ཆོས་སྐུའི་བླ་མའི་རང་ཞལ་མཐོང་། །འཇིགས་བྲལ་སྤོབས་པ་མཆོག་གི་ཕ་རོལ་ཕྱིན། །ཇི་བཞིན་བསམ་བྱུང་ངེས་པ་རྙེད་པ་ན། །སོ་སོ་རིག་བཞིའི་སྣང་ཆེན་རྒྱས་པར་འགྱུར། །ཐེག་རྩེ་ཤིན་ཏུ་རྣལ་འབྱོར་རྡོ་རྗེའི་གནས། །མ་ནོར་ལེགས་སྟོན་གསང་རྒྱུད་རྒྱ་མཚོ་དང་། །ཚིག་དོན་རོ་གཅིག་གབ་སྦས་གསལ་སྟོན་པའི། །མཛོད་ཆེན་བདུན་དང་རྣམ་གསུམ་ཤིང་རྟ་བཅས། །ཀུན་མཁྱེན་ཆོས་སྐུའི་བླ་མའི་ཞལ་སྐྱིན་ཏེ། །མངོན་སུམ་མཇལ་ཡང་འདི་ལས་ལྷག་པ་མེད། །སྐལ་བ་རབ་ལ་དོན་བརྒྱུད་དངོས་སུ་འཐོབ། །རྟོགས་གྲོལ་དུས་མཉམ་བགྲངས་ལས་འདས་པ་བྱུང་། །དེ་ཕྱིར་ཀུན་མཁྱེན་བླ་མའི་དགོངས་པའི་མཛོད། །རླབས་ཆེན་ཤེས་རབ་གསུམ་གྱི་ལྡེ་མིག་གིས། །ལེགས་པར་ཕྱེ་ནས་ཟབ་དོན་རིན་ཆེན་གཏེར། །སྦྱིན་མཁས་དེ་འདྲ་རྒྱལ་བའི་རྒྱལ་ཚབ་དངོས། །ཐོས་བསམ་རྟོག་གེའི་བློ་ཡིས་ཟབ་མོའི་དོན། །རྟོགས་པར་དཀའ་བ་དམུས་ལོང་གཟུགས་མཇལ་འདྲ། །བསྒོམས་བྱུང་སོ་སོར་རྟོགས་པའི་ཤེས་རབ་ཀྱིས། །ཇི་བཞིན་དོན་མཐོང་མིག་ལྡན་སྐྱེ་བོ་འདྲ། །དེ་ཕྱིར་ཕྱི་ནང་དབེན་པ་ཟུང་འབྲེལ་བས། །ཟབ་དོན་ཉམས་བཞེས་སྒྲུབ་པ་ཡུན་བསྲིང་མཛོད། །སྐྱིད་འདོད་སོས་དལ་སྙོམ་ལས་བདུད་ཀྱི་ལས། །བག་ཡངས་མི་ཚེ་འཕུལ་བའི་གཤིས་སྤངས་ཏེ། །ཉམས་བླང་དྲོད་ཐོབ་རང་རྒྱུད་གྲོལ་བའི་ཚུལ། །སྔོན་བྱོན་མཁས་གྲུབ་རྣམས་ཀྱི་རྗེས་སུ་སློབས། །ལྟར་སྣང་ཆོས་བརྒྱད་སྒྲུབ་པའི་གཉེར་ཀ་ཡིས། །ཆོས་ལ་ཁ་གཡར་ཆོས་མིན་སྤྱོད་པས་བྲེལ། །རང་གཞན་རྣམ་པར་གཡེང་བའི་མིག་འཕྲུལ་མཁན། །དེང་སང་མང་མོད་དེ་ཡི་རྗེས་མ་སློབ། །རང་གིས་ཆོས་ཚུགས་དྲང་པོར་ཟིན་པ་ན། །གཞན་དག་སུ་མ་མགུ་ཡང་ཞེ་བློ་བདེ། །ཅོལ་ཆུང་སྐྱེ་བོས་བློ་ཕུགས་ཚེ་འདི་གཉེར། །ཡིན་རློམ་མཁས་མཁས་མང་པོའི་བསླུ་བྲིད་ཀྱིས། །རང་གཞན་ལོག་ལམ་སྦྱོར་བའི་གྲོགས་མང་བས། །ཕྱི་ནང་གསང་བའི་སྤྱོད་ལམ་གང་ལ་ཡང་། །ཚད་ལྡན་དགེ་བའི་བཤེས་ཀྱི་བཀའ་ལུང་བཞིན། །མདོ་རྒྱུད་གཞུང་དང་མཐུན་པ་ཁོ་ན་གཅེས། །དམ་ཆོས་སྒྲུབ་ན་ལུང་དང་མཐུན་པ་ཞིག །དགོས་ཞེས་མཁས་གྲུབ་བཞེད་པ་ཉག་གཅིག་ཏུ། །འབབས་པའི་ཚུལ་ལ་དགོངས་ཏེ་རང་གི་རྒྱུད། །མ་ཁྲེལ་གསུམ་གྱི་དམ་བཅའ་མཐའ་སྐྱོལ་མཛོད། །ཐབས་ལ་མཁས་པ་འཕགས་ཆེན་རྣམ་ཐར་ཡང་། །རང་དོན་ཞེན་པ་གཏིང་ནས་ཟད་པ་དང་། །གཞན་ཕན་རོ་གཅིག་བདག་གཞན་མཉམ་ཉིད་དུ། །རྟོགས་མཆོག་གོང་མའི་རྣམ་ཐར་ཚད་མ་སྟེ། །གཞན་དུ་རང་འདོད་ཕྲ་མོའི་ཞེན་འཁྲིས་ཀྱིས། །ལྟར་སྣང་གཞན་ཕན་ཡིན་ལོའི་མགོ་སྐོར་ནི། །བསླུ་བའི་བདུད་དུ་ཆེ་བས་རླབས་ཆེན་གྱི། །སྤྱོད་པ་དུས་ཚོད་འབྲེལ་ཤེས་གནད་དུ་ཆེ། །མདོར་ན་རང་བློ་ཡང་དག་ཆོས་ཚུལ་ལས། །འཕྲལ་རྐྱེན་གང་གིས་མི་ཕྱེད་བརྟན་པ་ན། །རང་རྒྱུད་དུལ་བས་གཞན་སྣང་དགེ་ལ་བསྒྱུར། །ཙན་དན་ལྗོན་པས་སྲུང་བའི་སྡོང་དུམ་བཞིན། །འབྲེལ་ཚད་ཡོན་ཏན་འབྱོར་བས་ཚིམ་འགྱུར་ཞིང་། །གྲགས་པའི་བསུང་གིས་ཕྱོགས་བྲལ་ཞིང་ཀུན་ནས། །སྐལ་བཟང་ཚོགས་མང་བཏུད་པས་མཛེས་པ་དང་། །ཆབས་ཅིག་བསྟན་འགྲོའི་དོན་ཀུན་ངང་གིས་འགྲུབ། །ཐུན་མིན་ལམ་གྱི་ཁྱེར་སོ་རྣམ་པ་གསུམ། །གཞི་ཉིད་རང་ངོ་ཤེས་པ་ལྟ་བ་སྟེ། །དེ་ཡི་ངང་ལ་འཇོག་པ་བསྒོམ་པའི་དོན། །དེ་ཉིད་རྐྱེན་དང་བསྲེ་བ་སྤྱོད་པའི་གནད། །ངེས་ཤེས་བློ་རྩོལ་བཅོས་མའི་ཉམས་ཡིན་པས། །གནས་ལུགས་དོན་དང་གནམ་ས་ལས་ཐག་རིང་། །དེ་ཕྱིར་ལྟ་སྒོམ་སྤྱོད་པའི་ཉམས་ལེན་གནད། །གང་ཡང་ཞེན་མེད་གདེང་གིས་ཟིན་པ་དགོས། །ལྟ་བ་གང་ཡང་བློ་ལས་འདས་པ་དང་། །སྒོམ་པ་གང་ཡང་ཡིད་བྱེད་བྲལ་བ་དང་། །སྤྱོད་པ་གང་ཡང་དགག་སྒྲུབ་ཟད་པ་དང་། །ཐམས་ཅད་རོ་གཅིག་དབྱེ་བསལ་མེད་པ་དགོས། །བལྟར་མེད་ཟང་ཐལ་ལྟ་བའི་རྒྱལ་པོ་སྟེ། །བསྒོམ་མེད་བློ་བྲལ་གཤིས་ཀྱི་བཞུགས་ཚུལ་ཡིན། །སྤྱོད་མེད་རང་གྲོལ་སྤྱོད་པའི་རྒྱལ་པོ་སྟེ། །དབྱེར་མེད་དོན་མཐོང་རྟོགས་པའི་ཚད་དུ་ཕྱིན། །བསྐྱེད་རིམ་སྣང་སྟོང་ཡེ་ཤེས་རོལ་བ་སྟེ། །ལྷ་སྔགས་ཆོས་ཉིད་དབྱེར་མེད་གཉུག་མའི་གཤིས། །ཁྱབ་བདག་བླ་མའི་དགོངས་ཀློང་ཟུང་འཇུག་དོན། །མངོན་གྱུར་ཚེ་འདིར་མཆོག་གི་དངོས་གྲུབ་འཐོབ། །རྫོགས་རིམ་ལྷན་སྐྱེས་འགྱུར་མེད་བདེ་བ་ཆེ། །ཡེ་འབྱམས་རིག་སྟོང་དོན་གྱི་བླ་མའི་ཞལ། །ཐུགས་ཡིད་འདྲེས་པའི་ཐུན་མིན་མོས་གུས་ཀྱིས། །རྟོགས་པས་གཅིག་ཤེས་ཀུན་གྲོལ་ས་ལམ་རྫོགས། །མདོར་ན་གཞི་དང་ལམ་དང་འབྲས་བུའི་དོན། །གང་ཡང་བློ་བྲལ་བླ་མ་ཆོས་སྐུའི་ཞལ། །རང་བབས་དྲན་པས་མཇལ་བའི་ངང་གཅིག་ཏུ། །རོ་གཅིག་ཟུང་འཇུག་རྣམ་དབྱེར་མེད་པ་ལགས། །དེ་ལྟར་རྟོགས་ན་སྣང་སྲིད་བླ་མར་ཤར། །གང་བྱུང་བྱིན་རླབས་བླང་དོར་དགག་སྒྲུབ་ཟད། །སྣང་ཤེས་ཟང་ཐལ་ཆོས་ཉིད་གཅིག་ཏུ་འཁྱིལ། །དུས་གསུམ་རིག་འཛིན་དགོངས་ཀློང་རོ་གཅིག་འདྲེས། །དེ་ཚེ་རྟོགས་པས་བདག་གྲོལ་མཆོག་ཐུན་རྫོགས། །ཐུགས་རྗེས་གཞན་གྲོལ་འབྲེལ་ཚད་དོན་དང་ལྡན། །ནམ་མཁའ་ཇི་སྲིད་རྟག་ཁྱབ་འཕྲིན་ལས་ཀྱིས། །མཐའ་ཡས་འགྲོ་མང་སྒྲོལ་ལ་དཀའ་བ་མེད། །དེ་སྐད་ཆོས་དང་མཐུན་པའི་དྲང་པོའི་གཏམ། །དམ་པའི་ཞལ་ལུང་ཚད་མ་གཙོར་བྱས་ཏེ། །བསྟན་པའི་མངའ་བདག་མཆོག་ལ་ལེགས་ཕུལ་བས། །ཡུད་ཙམ་སྤྱན་ཟུར་འབེབས་པའི་སྟེགས་གྱུར་ཅིག །སརྦ་ད་བྷུ་དྷི་མདྒ་ལམ། །དེ་ལྟར་རྡོ་རྗེའི་བདེན་གསུང་ལྷའི་རྔ་སྒྲ། །ཁོ་བོའི་ཡོངས་འཛིན་ཡོན་ཏན་མགོན་པོ་དེས། །བདག་སྙིང་དགེ་བར་ལེགས་བཤད་ཞལ་གདམས་ཚིག །དོན་བཞིན་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཞེས་རྫོགས་སྤྲུལ་དྲུག་པས་སོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།