སྟོན་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ།
ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས།།
གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ།།
གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ།།
ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ།།
གང་གིས་དང་པོར་བྱང་ཆུབ་ཐུཊ་བསྐྱེད་ནས།།
བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོཊ་མཛད་ཅིང་།།
དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི།།
མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི།།
ལྷ་རྣམས་དོན་མཛད་འདུལ་བའི་དུས་མཁྱེན་ནས།།
ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཤིང་།།
རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་མའི།།
ལྷུམས་སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ།།
ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི།།
བཀྲ་ཤིས་ལུམྦིའི་ཚལ་དུ་བལྟམས་པའི་ཚེ།།
ཚངས་དང་བརྒྱ་བྱིན་གྱིས་བསྟོད་མཚན་མཆོག་ནི།།
བྱང་ཆུབ་རིགས་སུ་ངེས་མཛད་ཕྱག་འཚལ་ལོ།།
གཞོན་ནུ་སྟོབས་ལྡན་མི་ཡི་སེངྒེ་དེས།།
ཨཾ་ག་མ་ག་དྷར་ནི་སྒྱུ་རྩལ་བསྟན།།
སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས།།
འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ།།
འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང་།།
ཁ་ན་མ་ཐོ་སྤང་ཕྱིར་བཙུན་མོ་ཡི།།
འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས།།
རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ།།
འཁོར་བའི་བྱ་བ་སྙིང་པོ་མེད་གཟིགས་ནས།།
ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་།།
མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལ་ཉིད།།
རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ།།
བརྩོན་པས་བྱང་ཆུབ་བསྒྲུབ་པར་དགོངས་ནས་ནི།།
ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ།།
དཀའ་བ་སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་པས།།
བསམ་གཏན་མཆོག་བརྙེས་མཛད་ལ་ཕྱག་འཚལ་ལོ།།
ཐོག་མ་མེད་ནས་འབད་པ་དོན་ཡོད་ཕྱིར།།
མ་ག་དྷ་ཡི་བྱང་ཆུབ་ཤིང་དྲུང་དུ།།
སྐྱིལ་ཀྲུང་མི་གཡོ་མངོན་པར་སངས་རྒྱས་ནས།།
བྱང་ཆུབ་རྫོགས་པར་མཛད་ལ་ཕྱག་འཚལ་ལོ།།
ཐུགས་རྗེས་འགྲོ་ལ་མྱུར་དུ་གཟིགས་ནས་ནི།།
ཝཱ་རཱ་ཎ་སཱི་ལ་སོགས་གནས་མཆོག་ཏུ།།
ཆོས་ཀྱི་འཁོར་ལོ་བསྐོར་ནས་གདུལ་བྱ་རྣམས།།
ཐེག་པ་གསུམ་ལ་འགོད་མཛད་ཕྱག་འཚལ་ལོ།།
གཞན་གྱི་རྒོལ་བ་ངན་པ་ཚར་བཅད་ཕྱིར།།
མི་སྟེགས་སྟོན་པ་དྲུག་དང་ལྷས་སྦྱིན་སོགས།།
འཁོར་མོ་འཇིག་གི་ཡུལ་དུ་བདུད་རྣམས་བཏུལ།།
ཐུབ་པ་གཡུ་ལས་རྒྱལ་ལ་ཕྱག་འཚལ་ལོ།།
སྲིད་པ་གསུམ་ན་དཔེ་མེད་ཡོན་ཏན་གྱིས།།
གཉན་དུ་ཡོད་པར་ཆོ་འཕྲུལ་ཆེན་པོ་བསྟན།།
ལྷ་མི་འགྲོ་བ་ཀུན་གྱིས་རབ་མཆོད་པ།།
བསྟན་པ་རྒྱས་པར་མཛད་ལ་ཕྱག་འཚལ་ལོ།།
ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བྱའི་ཕྱིར།།
རྩྭ་མཆོག་གྲོང་གི་ས་གཞི་གཙང་མ་རུ།།
འཆི་མེད་རྡོ་རྗེ་ལྟ་བུའི་སྐུ་གཤེགས་ནས།།
མྱ་ངན་འདའ་བར་མཛད་ལ་ཕྱག་འཚལ་ལོ།།
ཡང་དག་ཉིད་དུ་འཇིགས་པ་མེད་ཕྱིར་དང་།།
མ་འོངས་སེམས་ཅན་བསོད་ནམས་ཐོབ་བྱའི་ཕྱིར།།
དེ་ཉིད་དུ་ནི་རིང་བསྲེལ་མང་སྤྲུལ་ནས།།
སྐུ་གདུང་ཆ་བརྒྱད་མཛད་ལ་ཕྱག་འཚལ་ལོ།།
དེ་བཞིན་གཤེགས་པ་ཁྱེད་སྐུ་ཅི་འདྲ་དང་།།
འཁོར་དང་སྐུ་ཚེའི་ཚད་དང་ཞིང་ཁམས་དང་།།
ཁྱེད་ཀྱི་མཚན་མཆོག་བཟང་པོ་ཅི་འདྲ་བར།།
དེ་འདྲ་ཁོ་ནར་བདག་སོགས་འགྱུར་བར་ཤོག །
ཞལ་འདོན་པ། རྫོགས་ཆེན་བསྟན་འཛིན་བློ་གྲོས།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།