ཁྱིམ་བདག་མང་པོ་ཞིག་གིས་བྱིས་པ་འགུལ་སྐྱོད་བྱེད་རྒྱུར་དགའ་བ་དེ་འགུལ་མང་ནད་བྱུང་ཡོད་པར་འདོད་ནས། བྱིས་པ་འགུལ་སྐྱོད་བྱེད་རྒྱུར་དགའ་བ་དེ་མ་རབས་པྲ་ཚགས་དང་སྒྲིག་ལམ་མི་བརྩི་བའི་གྲས་སུ་བཞག་སྟེ་བྱིས་པའི་འགུལ་སྐྱོད་སྣ་ཚོགས་ལ་ཚོད་འཛིན་བྱེད་བཞིན་ཡོད། དེ་ནི་བྱིས་པའི་སེམས་ཁམས་དང་མི་བསྟུན་པའི་བྱེད་སྟངས་མི་ལེགས་པའི་རིགས་ཤིག་རེད། བྱིས་པ་འགུལ་རྒྱུར་དགའ་བ་དེ་ལུས་སྟོབས་རྒྱས་ཤིང་སེམས་ཤུགས་འཕེལ་བ་དང་ལུས་སེམས་བདེ་ཐང་ཡིན་པའི་རྟགས་རེད། འཚོ་བཅུད་ཀྱིས་མ་འདང་བ་དང་། ཁྲག་ཤེད་ཉམས་པའམ་ཡང་ན་ལྷན་སྐྱེས་རང་བཞིན་གྱི་ནད་ཡོད་པའི་བྱིས་པ་ཡིན་ཚེ་ད་གཟོད་འགུལ་རྒྱུར་མི་དགའ། འགུལ་མང་ནད་བྱུང་བའི་བྱིས་པས་འགུལ་སྐྱོད་བྱེད་ཚད་དེ་རྒྱུན་ལྡན་གྱི་བྱིས་པ་ལས་ཅུང་མང་ཞིང་། གནས་གང་དུ་བསྡད་ཀྱང་དེས་གཞན་ལ་ཕོག་ཐུག་གཏོང་བའམ་གཞན་ལ་གནོད་བྱེད་པའི་སྤྱོད་སྟངས་མང་བས་རྒྱུན་པར་མི་གཞན་ལ་ཁོང་ཁྲོ་སློང་སྲིད་པ་ཞིག་ཡིན། དེ་བས་ཁྱིམ་བདག་རྣམས་ཀྱིས་བདེ་ཐང་གི་བྱིས་པ་དང་འགུལ་མང་ནད་བྱུང་ཡོད་པའི་བྱིས་པའི་དབྱེ་བ་གསལ་བོར་ཕྱེས་ནས། འགུལ་མང་ནད་ཀྱི་ནད་རྟགས་དང་རིགས་འདྲ་བ་ཡིན་ཚེ། བྱིས་པའི་བདེ་སྲུང་སྨན་ཁང་དུ་ཁྲིད་ནས་ནད་བརྟག་སྨན་བཅོས་བྱེད་དགོས།
གཤམ་གྱི་རྟགས་འདི་དག་ཡོད་ན་དོགས་ཟོན་བྱེད་དགོས་ཏེ།
གཅིག བློ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ་པ། འགུལ་མང་ནད་བྱུང་ཡོད་པའི་བྱིས་པ་དེ་བདེ་ཐང་གི་བྱིས་པ་གཞན་དང་འདྲ་བར་བློ་རྩེ་གཅིག་ཏུ་སྒྲིམ་ནས་ཡུན་རིང་བོར་འདུག་མི་ཐུབ་པར། སློབ་ཁྲིད་ཀྱི་སྐབས་སུའང་ཕྱི་རོལ་གྱི་ཙག་སྒྲ་ཆུང་ངུ་ཙམ་གྱིས་ཀྱང་བློ་རྩེ་འཆོལ་དུ་འཇུག་པ་དང་། དགེ་རྒན་གྱིས་ལས་བྱ་བཀོད་སྒྲིག་བྱས་པ་གསལ་བོར་མི་གོ་བས་ལས་བྱ་ལེགས་འགྲུབ་བྱེད་མི་ཐུབ་པ་ཡིན། ཁྱིམ་བདག་གིས་བཅོལ་བའི་བྱ་བ་གང་ཞིག་ཡིན་རུང་བརྗེད་ནས་བཟང་བོར་བསྒྲུབ་མི་ཐུབ་པ་ཡིན། ནད་བབ་ཅུང་ཡང་མོའི་རིགས་ཀྱི་བྱིས་པས་རང་ཉིད་རྩེད་རྒྱུར་དགའ་བའི་རིགས་སྟེ། དཔེར་ན་བརྙན་འཕྲིན་ལ་བལྟ་བའམ་གློག་རྡུལ་རོལ་རྩེད་སོགས་ཀྱི་སྐབས་སུ་བློ་རྩེ་གཅིག་ཏུ་སྒྲིམ་ཐུབ་པ་ཡིན། དེ་ལས་ལྡོག་སྟེ་ནད་བབ་ཅུང་ལྕི་མོའི་རིགས་ཀྱི་བྱིས་པས་བྱ་བའམ་འགུལ་སྐྱོད་གང་གི་སྐབས་སུའང་བློ་རིག་གཅིག་ཏུ་སྒྲིམ་མི་ཐུབ་པ་ཡིན།
གཉིས། འགུལ་སྐྱོད་བྱེད་པ་ཚད་ལས་བརྒལ་བ། འགུལ་མང་ནད་བྱུང་ཡོད་པའི་བྱིས་པས་ལྷིང་འཇགས་ཀྱི་ཁོར་ཡུག་ཏུ་འགུལ་སྐྱོད་བྱེད་ཚད་མང་སྟེ། དཔེར་ན། ཡར་རྒྱུགས་མར་རྒྱུགས་བྱེད་ཚད་མང་ཞིང་། སློབ་ཁང་དུ་ཁ་རོག་གེར་འདུག་མི་བཟོད་པར་ཡར་འཁོར་མར་འཁོར་དང་ཕར་བལྟ་ཚུར་བལྟ་བྱེད་རྒྱུར་དགའ་ཞིང་། སྐད་ཆ་མང་བ་དང་གཞན་ལ་གནོད་བྱེད་པར་དགའ་བ། ཉེན་ཁ་ཆེ་བའི་རྩེད་འཇོར་དགའ་བ་དང་རྒྱུན་པར་དངོས་པོ་འབོར་རྒྱུ་མང་བ་སོགས་ཡིན།
གསུམ་པ། ངར་ལངས་སླ་བ། འགུལ་མང་ནད་བྱུང་བའི་བྱིས་པའི་སེམས་ཁམས་བཏང་སྙོམས་མིན་པར། ངར་ལངས་སླ་བ་དང་། དགའ་དྲགས་པ། ཕྱི་རོལ་གྱི་ཤུགས་རྐྱེན་ལས་ཕམ་སླ་བ་བཅས་དང་། རྩེད་འཇོར་རོལ་ནས་དགའ་བའི་སྐབས་སུ་འུར་རྒྱག་པ་དང་གླུ་ལེན་པ། བྲོ་འཁྲབ་པ་སོགས་གང་འདོད་འདོད་བྱེད། སེམས་མི་སྐྱིད་པའི་གནས་ཚུལ་དང་འཕྲད་ན་ངར་ལངས་སླ་བ་དང་ཁོང་ཁྲོ་ལངས་སླ་བ་ཡིན།
བཞི་བ། སློབ་སྦྱོང་གི་འབྲས་བུ་མི་བཟང་བ། འགུལ་མང་ནད་བྱུང་བའི་བྱིས་པས་བློ་རིག་གཅིག་ཏུ་སྒྲིམ་མི་ཐུབ་པ་དང་། རྩེད་རྒྱུར་དགའ་བས། དགེ་རྒན་གྱི་སློབ་ཁྲིད་ལ་དེ་འདྲའི་གོ་བ་ལོན་མེད་པས་སློབ་སྦྱོང་་གི་གྲུབ་འབྲས་མི་བཟང་བ་རེད། ཡང་བྱིས་པ་ལ་ལའི་རིག་སྟོབས་ཞན་པ་དང་སྐད་ཆ་དང་ཡི་གེས་གོ་བརྡ་སྤྲོད་པའི་ནུས་པ་ཞན་པ་སོགས་ཀྱིས་ཀྱང་སློབ་སྦྱོང་གི་གྲུབ་འབྲས་ལ་ཤུགས་རྐྱེན་ཐེབས་པ་རེད།
ལྔ་བ། དབང་ཤེས་འཚར་སྐྱེས་འབྱུང་བར་གནོད་པ་ཐེབས་པའམ་ཡང་ན་འཚར་སྐྱེས་འབྱུང་འཕྱི་བ། འགུལ་མང་ནད་བྱུང་བའི་བྱིས་པ་ལ་ལའི་ཕན་ཚུན་གཞོགས་འདེགས་ཀྱི་ནུས་པ་ཞན་པའམ་ཡང་ན་རྐང་ཁོབ་ལག་ཁོབ་ཡིན་ཏེ། དཔེར་ན། ལྷམ་སྒྲོག་མདུད་པ་དང་སྒྲོག་གུ་རྒྱག་པ་སོགས་ཀྱི་སྐབས་སུ་བྱིས་པ་གཞན་གྱིས་རྗེས་མི་ཆོད་པ་བཅས་ཡིན།
འགུལ་མང་ནད་དེ་སྤྱོད་ལམ་དང་ཚོར་ཤེས་ཀྱི་སྟེང་ནས་གསོ་བཅོས་བྱེད་དགོས།
བྱིས་པའི་འགུལ་མང་ནད་ལ་སྤྱོད་ལམ་དང་ཚོར་ཤེས་ཀྱི་སྟེང་ནས་གསོ་བཅོས་བྱེད་དགོས། སྨན་པས་འགུལ་མང་ནད་བྱུང་ཡོད་པའི་བྱིས་པའི་བློ་རྩེ་གཅིག་ཏུ་སྒྲིམ་མི་ཐུབ་པ་དང་། འགུལ་རྒྱུར་དགའ་བ། ངར་ལངས་སླ་བ་དང་ཁྲོ་སླ་བ། རང་རློམ་མེད་པ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་གསོ་བཅོས་ཀྱི་འཆར་གཞི་འགོད་དགོས། ཆུང་ས་ནས་རིམ་གྱིས་མགོ་བརྩམས་ཏེ། བཟང་ཆ་ཡོད་ན་དུས་ཐོག་ཏུ་གཟེངས་བསྟོད་བྱེད་པ་སོགས་བྱས་ནས་བྱིས་པའི་རང་རློམ་གྱི་བསམ་པ་ཇེ་བརྟན་དུ་གཏོང་དགོས།
རྡུང་རེས་བྱས་པ་དང་ཕ་རོལ་པོའི་དངོས་པོར་གཏོར་བརླག་བྱས་པ་སོགས་ཀྱི་བྱ་སྤྱོད་ཡོད་ན་བདེ་ཐང་གི་བྱིས་པ་གཞན་དང་འདྲ་བར་བཀག་འགོག་ནན་མོ་བྱེད་དགོས་པ་མ་གཏོགས་འགེབ་སྲུང་གཏན་ནས་བྱེད་མི་རུང་།
མིག་སྔར་སློབ་སྔོན་བྱིས་པར་འགུལ་མང་ནད་བྱུང་བར་ཧ་ཅང་ཚབས་ཆེ་དུས་མ་གཏོགས་སྨན་རྫས་བཀོལ་བཞིན་མེད་མོད། འགུལ་མང་ནད་བྱུང་བའི་བྱིས་པའི་བློ་རྩེ་གཅིག་ཏུ་སྒྲིམ་པར་རམ་འདེགས་བྱེད་ཆེད། ནད་ཐོག་ནས་རྒྱུན་པར་གཤམ་གྱི་སྨན་རྫས་འདི་དག་སྤྱད་ནས་གསོ་བཅོས་བྱེད་བཞིན་ཡོད། རྒྱུན་སྤྱོད་ཀྱི་སྨན་རྫས་ནི་དཀྱིལ་གཞུང་དབང་རྩའི་ངར་ལངས་སྦྱོར་སྨན་སྟེ། དཔེར་ན་ལིས་ཐ་ལེན(利他林) དང་ཕིས་མོ་ལེན(匹莫林)། ཁཱའོ་ཧྥེ་རྒྱུ(咖啡因)སོགས་ལྟ་བུ་རེད། སྨན་རྫས་དེ་དག་སྨན་པའི་མཛུབ་སྟོན་ནན་མོའི་འོག་བསྟེན་དགོས་པ་ལས་གང་འདོད་དུ་བསྟེན་མི་རུང་ཞིང་། དུས་མཚུངས་སུ་ནད་པའི་ནད་བབ་དང་བསྟུན་ནས་སྨན་གྱི་འཐུང་ཚད་ཇེ་མང་དང་ཇེ་ཉུང་དུ་གཏོང་དགོས། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།