བུད་མེད་ཀྱི་བདེ་ཐང་འཚོ་བའི་རྒྱུན་ཤེས་འགའ།

timg-8.jpeg

བུད་མེད་ཚོས་རྒྱུན་པར་སྐྱེ་བ་མོ་ལུས་བླངས་ན་དཀའ་ཚུལ་བརྗོད་བཞིན་ཡོད། དེ་ཡང་བདེན་ཏེ། བུད་མེད་ཞིག་ཡིན་ས་ནས་ཟླ་མཚན་ཐོག་མར་འབབ་པའི་དུས་དང་། གཉེན་སྒྲིག་ནས་མངལ་སྦྲུམ་པའི་དུས། བྱིས་པ་སྐྱེ་བའི་སྐབས་དང་གཉོར་སྐྱོང་བྱེད་པའི་དུས། དེ་ནས་རོ་ཙ་ཉམས་དུས་ཀྱི་ཟླ་མཚན་མི་སྙོམས་པ་སོགས་དཀའ་སྡུག་གང་མང་ཞིག་བརྒྱུད་དགོས་པ་རེད། ཡང་ཅིག་བཤད་ན། ཁྱེད་ཀྱི་ལུས་ཀྱི་ཁོ་ལག་ཡོངས་སུ་རྫོགས་ནས་མཛེས་སྡུག་གི་ལང་ཚོའི་མེ་ཏོག་རྣམ་པར་བཞད་པའི་སྐབས་དང་། ཁྱེད་རང་ཐོག་མར་རླབས་ཆེན་གྱི་ཨ་མ་ཞིག་ཏུ་གྱུར་ནས་དགའ་སྤྲོའི་ངང་རང་གི་བྱིས་པར་ནུ་མ་བསྣུན་པའི་སྐབས། རང་ཉིད་ཀྱི་ལས་དོན་ལ་འབྲས་བུ་འབྱུང་བའི་སྐབས། དེ་ནས་རང་གི་བུ་དང་བུ་མོ་རིམ་གྱིས་ནར་སོན་པའི་སྐབས་བཅས་སུ། ཁྱེད་ཀྱི་སེམས་སུ་བཤད་མི་ཤེས་པའི་དགའ་སྣང་ཞིག་གིས་ཁེངས་ནས་སྐྱེ་བ་མོ་ལུས་བླངས་ནའང་དོན་སྙིང་ཡོད་པར་འདོད་སྲིད།~ བུད་མེད་ཀྱི་བདེ་སྲུང་ཤེས་བྱ་མང་པོ་ཞིག་ཁོང་དུ་ཆུད་ཐུབ་ན། རང་ལུས་ལ་བདེ་སྲུང་བྱེད་ཤེས་པར་མ་ཟད། ན་ཚའི་སྡུག་བསྔལ་མང་པོ་བསལ་ནས་འཚོ་བར་བདེ་སྐྱིད་ལྡན་ངེས་པས། གཤམ་དུ་བུད་མེད་ཀྱི་བདེ་ཐང་འཚོ་བའི་རྒྱུན་ཤེས་འགའ་ངོ་སྤྲོད་ཅིག་བྱེད།

~ དང་པོ། བུད་མེད་ཀྱི་ལུས་ཁམས་འཁྱག་ཏུ་འཇུག་མི་རུང་།~ ལུས་ཁམས་འཁྱག་ཏུ་བཅུག་ན་ཁྲག་རྒྱུན་འཁོར་སྐྱོད་བྱེད་པར་གནོད་ཅིང་། རྐང་ལག་འཁྱག་པར་གྱུར་ན་ཟླ་མཚན་འབབ་སྐབས་ན་ཟུག་ལངས་ངེས། ཁྲག་རྒྱུན་འཁོར་སྐྱོད་བྱས་པ་མ་ལེགས་ན་ངོ་གདོང་དུ་ནག་ཐིག་ཡོང་བ་དང་། ལུས་སྟོབས་ཇེ་ཞན་དུ་གྱུར་ནས་སྐྱི་པགས་ཀྱི་བཀྲག་མདངས་ཉམས་སྲིད། དེ་ལས་ཀྱང་ང་ཚོ་བུད་མེད་རྣམས་ཀྱི་སྐྱེ་འཕེལ་མ་ལག་ལ་འཁྱག་པའི་རིགས་མི་འཕྲོད་པས། ལུས་ཁམས་གཏན་ནས་འཁྱག་ཏུ་འཇུག་མི་རུང་།

~ གཉིས་པ། བུད་མེད་ལ་སྐུལ་རྩི་དགོས་པ་རེད།~ བུད་མེད་རྣམས་རང་ལོ་བཅུ་གཉིས་ཡས་མས་ནས་ཟླ་མཚན་འབབ་མགོ་བརྩམས་ཏེ་ལོ་ལྔ་བཅུ་ཡས་མས་སུ་ཟླ་མཚན་ཆད་སྲིད། བུད་མེད་ལ་ཟླ་མཚན་ཆད་རྗེས་ལང་ཚོ་རྒུད་པའི་དུས་སུ་ཐོན་པས་དེ་ལ་རྒས་རྟགས་མངོན་པའི་དུས་ཀྱང་ཟེར། ཁམས་དམར་འདོན་ཐེངས་རེ་རེར་སྐུལ་རྩི་རྙིང་ཚབ་གསར་བརྗེ་བྱེད་བཞིན་ཡོད་ཅིང་། ལུས་སྟེང་གི་སྐུལ་རྩི་རྒྱུན་ལྡན་ཡིན་པའི་བུད་མེད་ཀྱི་ངོ་གདོང་གི་སྐྱི་པགས་ལ་བཀྲག་མདངས་ལྡན་ལ། རྙིང་ཚབ་གསར་བརྗེ་བྱས་པ་དེ་འདྲ་མི་བཟང་བའི་བུད་མེད་ཀྱི་ངོ་གདོང་དུ་ནག་ཐིག་གིས་ཁེངས་སྲིད།

~ གསུམ་པ། ཟླ་མཚན་འབབ་པའི་སྐབས་ཀྱི་ན་ཟུག ཟླ་མཚན་འབབ་པའི་སྐབས་སུ་ན་ཟུག་ཡོད་ན་སྒ་སྐྱའི་ཁུ་དྭངས་འཐུང་ན་བཟང་། དེ་ལ་བུད་མེད་མང་པོ་ཞིག་གིས་ཚོད་ལྟ་བྱས་མྱོང་མོད། སྒ་སྐྱ་དེའང་ཐེངས་གཅིག་ནས་གཉིས་ཙམ་ལ་འཐུང་བས་གོ་དེ་འདྲ་ཆོད་པ་མི་ཤེས་ཕྱིར་རྒྱུན་དུ་འཐུང་དགོས། སྒ་སྐྱས་ལུས་དྲོད་བསྐྱེད་ཐུབ་པར་མ་ཟད། དེ་ལ་ཞིམ་ཐིག་ལེ་ལྟ་བུའི་ཞོར་སྐྱོན་མེད་པས་རྒྱུན་དུ་འཐུང་ཆོག ཟླ་མཚན་འབབ་ཁ་དང་ཡང་ན་ཟླ་མཚན་ཡོང་བའི་ཉིན་དང་པོར་སྒ་སྐྱ་ལེབ་མོར་གཞོག་ནས་གདུས་རྗེས་དེའི་ནང་དུ་ད་དུང་ཀ་ར་ནག་པོ་དང་སིལ་ཙོ་རིལ་ཅུང་བཏབ་ནས་འཐུང་དགོས། དེའང་སྒ་སྐྱའི་ཤུན་པགས་མ་བཤུས་ན་བཟང་བ་དང་སྒ་སྐྱ་ལེབ་མོ་ཇི་ལྟར་མང་ན་དེ་ལྟར་བཟང་ཞིང་། སྒ་སྐྱ་དེ་ད་དུང་ཆུ་ཁོལ་ནང་དུ་གདུས་པ་དང་ཇི་ལྟར་ཚན་འདེ་འཐུང་ཐུབ་ན་དེ་ལྟར་བཟང་། དེ་ལས་གཞན་ཟླ་མཚན་འབབ་པའི་དུས་སུ་འགུལ་སྐྱོད་དྲག་པོ་བྱེད་མི་རུང་། ཆུ་འཁྱག་ནང་དུ་རྐང་ལག་མི་བསྒྱེས་པ་དང་ཆུ་འཁྱག་མི་འཐུང་བ། ཁ་ཚ་བའི་ཟས་རིགས་སོགས་སྤང་དགོས། ཉིན་རྒྱུན་སེམས་ཁམས་སྐྱིད་པོར་གནས་དགོས་ཤིང་། གཙང་སྦྲར་དོ་སྣང་བྱེད་པ་དང་། གཉིད་མི་ཆག་པ། དུས་ལྟར་ལུས་ཡོངས་ལ་བརྟག་དཔྱད་བཅས་བྱེད་དགོས། ། འཚོ་བའི་ཁྲོད་ཀྱི་སྤྱོད་ལམ་དང་བདེ་ཐང་། ནད་མེད་བདེ་ཐང་དུ་གནས་པའི་ལུས་འདི་ལ་ནད་སྐྱེད་པར་བྱེད་པའི་རྐྱེན་ནི་དུས་གདོན་ཟས་སྤྱོད་བཞི་ཡིན་ལ། ནད་གང་ཞིག་སེལ་བར་བྱེད་པའི་གཉེན་པོ་ནི་ཟས་སྤྱོད་སྨན་དཔྱད་བཞི་ཡིན་པས། ཟས་དང་སྤྱོད་ལམ་གཉིས་ནི་སྐབས་གང་དུ་ཡང་མཆིས་པས། ནད་མེད་ཚེ་རིང་དུ་འདོད་པ་རྣམས་ཀྱིས་ཉིན་རེའི་འཚོ་བ་སོགས་ཀྱི་ཁྲོད་ནས་ཟས་དང་སྤྱོད་ལམ་གཉིས་ཚུལ་བཞིན་བསྟེན་ཤེས་ན། འདུ་བ་མ་སྙོམས་པའི་ནད་མི་འབྱུང་ཞིང་། འདུ་བ་འཁྲུགས་པའི་ནད་གང་ཞིག་སེལ་བར་བྱེད་པའི་གཉེན་པོར་ཡང་འགྲོ་བས། འཇིག་རྟེན་འདིར་དུས་རྟག་ཏུ་ལུས་ལ་ནད་མེད་པར་བདེ་བའི་ངང་གནས་པར་འདོད་ཅིང་ཚེ་ཡང་རིང་པོར་བསྲིང་བར་འདོད་པ་རྣམས་ཀྱིས་ཟས་སྤྱོད་གཉིས་ཚུལ་བཞིན་བསྟེན་ཤེས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ། སྤྱོད་ལམ་དེ་ལ་ཡང་ཉིན་རེ་བཞིན་རྒྱུན་དུ་སྤྱོད་པ་དང་ནམ་ཟླ་དུས་བཞིའི་འགྱུར་ལྡོག་དང་བསྟུན་པའི་སྤྱོད་ལམ། གནས་སྐབས་ཀྱི་སྤྱོད་ལམ་བཅས་རིགས་གསུམ་མཆིས་པ་ལས། ཐོག་མར་ཉིན་རེ་བཞིན་རྒྱུན་དུ་སྤྱོད་པའི་ལས་དེ་ནས་རིམ་བཞིན་ཅུང་སྤྲོས་པར་གྱུར་ན། སྤྱིར་ལུས་དེར་ལུས་ངག་ཡིད་བཅས་གསུམ་པོར་ལས་རེ་མཆིས། སེམས་དང་ངག་གི་སྤྱོད་པའི་ལས། ཡིད་ཀྱི་ལས་ནི་ཧ་ཅང་གིས་གལ་ཆེན་པོ་ཡིན་སྟེ། ལུས་ནི་སེམས་ཀྱི་རྗེས་སུ་འགྲོ་བས་ན་དགེ་མི་དགེའི་ལས་གང་བརྩམ་པ་ཡང་ཐོག་མར་སེམས་ཀྱི་འཆར་གཞི་ལ་རག་ལས་པས། དཔེར་ན་ལུས་ནི་གྲུ་གཟིངས་དང་སེམས་ནི་དེ་གང་དུ་སྐྱོད་པར་ཁ་ལོ་བསྒྱུར་མཁན་གྱི་དེད་དཔོན་ལྟ་བུ་ཡིན། གཞན་ཡང་ལུས་ཀྱིས་ལས་ངན་པ་མ་བརྩམ་ཡང་དོན་དག་ཆུང་ངུ་རེ་ལ་དུས་རྟག་པར་སེམས་ཁུར་བྱེད་པའམ་གཞན་ལ་ཕྲག་དོག་བྱེད་དྲགས་པ། མྱ་ངན་བྱེད་པ་བཅས་ཀྱིས་སེམས་ཀྱི་ནད་སྨྱོ་བྱེད་དང་བརྗེད་བྱེད་སློང་བར་མ་ཟད། ནང་དོན་སྣོད་ཀྱི་ནད་ཀྱང་སློང་བར་བྱེད། དཔེར་ན་ནད་རྟགས་ཆེར་མེད་པའི་ནད་པ་ཞིག་ལ་ཁྱོད་ཀྱི་ནད་གཞི་དེ་བཅོས་ཐབས་མེད་པའི་ནད་གཞི་ལྕི་མོ་ཞིག་རེད་ཅེས་བརྗོད་ཚེ་ཕལ་ཆེ་བ་དུས་དེ་དང་བསྟུན་ནས་ན་ཟུག་ཇེ་ཆེར་འགྲོ་བཞིན་པ་ལྟ་བུ། རྒྱུ་མཚན་དེའི་ཕྱིར་ན་ཡིད་འོང་གྲོགས་སོགས་དང་འགྲོགས་ནས་སེམས་ཁམས་སྐྱིད་པོར་འདུག་རྒྱུ་ནི་ཧ་ཅང་གིས་གལ་ཆེན་པོ་ཡིན། ངག་གི་སྒོ་ནས་བཤད་ན་བཤད་འདོད་ཀྱི་དོན་དག་གང་ཞིག་བཤད་མ་ཕོད་པའམ་བསམ་བཟས་ནས་མ་བཤད་པར་ཡུན་རིང་བསྡད་པ། ཡང་ན་དུས་རྟག་པར་སྨྲ་བརྗོད་བྱེད་པ་བཅས་གཉིས་ཀྱི་གང་ཡིན་ཡང་རླུང་ནད་སློང་བར་བྱེད་པས། མཐའ་གཉིས་སུ་མ་ལྷུང་བར་བཤད་འདོད་ཀྱི་གཏམ་རྣམས་བློས་ཐུབ་ཀྱི་གྲོགས་པོར་ལྷུག་པོར་བཤད་ཅིང་རང་ཉིད་ཀྱི་བསམ་ཚུལ་གཞན་ལ་གྲོས་བཅས་བྱེད་དགོས།

~ ལུས་ཀྱི་སྤྱོད་པའི་ལས།~ ལུས་ཀྱི་སྒོ་ནས་བཤད་ན་གཅིག་ནི་ཉིན་རེའི་འཚོ་བའི་ཁྲོད་ཀྱི་འགྲོ་འདུག་ཉལ་བ་སོགས་འགུལ་སྐྱོད་རིགས་དང་། གཅིག་ནི་ལུས་ལ་རྫས་གང་གིས་གདགས་པའམ་བྱུག་པ་སོགས་ཀྱི་ཕན་གནོད་ལས་བྱུང་བ་དེ་ཡིན།~ མིག་དང་ལྕེ་ལ་སོགས་པའི་དབང་བོ་རྣམས་ཀྱིས་རང་རང་གི་ཡུལ་ལ་ལོངས་མི་སྤྱོད་པའམ་རང་རང་གི་ཡུལ་ལ་ལོངས་སྤྱད་དྲག་པ། ཡང་ན་ཡུལ་ངན་པ་དང་མ་རུངས་པ་ལའང་སྤྱད་དྲག་ན་རྗེས་སོར་དབང་བོ་རྣམས་ཀྱིས་རང་ཡུལ་མི་འཛིན་པ་སོགས་ཀྱི་ནད་འབྱུང་།

~ མཚན་མོའི་དུས་སུ་གཉིད་མ་ལོག་ཚེ་རྩུབ་ཅིང་རླུང་བསྐྱེད་པར་བྱེད་པས། གལ་ཏེ་མཚན་མོར་གཉིད་མ་ཐུབ་ཚེ་དེའི་ཕྱི་ཉིན་གྱི་ནངས་མོར་ཟས་མ་ཟོས་པར་སྨྱུང་བར་བྱས་ལ། གཉིད་མ་ལོག་པ་དེའི་ཡུན་གྱི་ཕྱེད་ཙམ་དུ་གཉིད་དགོས། འོན་ཀྱང་ནམ་ཟླ་སོ་ག་ནི་རྩུབ་ཅིང་ཡང་བའི་དུས་དང་མཚན་མོ་ཐུང་བ་བཅས་ཡིན་པས། ཆང་གིས་ར་རོ་བ་དང་སྟོབས་ཟད་པ་དང་མྱ་ངན་གྱིས་ནོན་པ། རྩོལ་བས་དུབ་པ། སྨྲ་བ་ཤིན་ཏུ་མང་བ། རྒས་པ་དང་འཇིགས་ཤིང་སྐྲག་པའི་མི་རྣམས་ནི་ཉིན་མོར་གཉིད་ཅུང་ཟད་རེ་ལོག་ན་སྣུམ་ཞིང་ལྕི་བར་འགྱུར་བས་རླུང་འཇོམས་ཤིང་སྟོབས་འཕེལ་བར་བྱེད། དམིགས་བསལ་དུ་དེ་ལྟ་བུ་མ་ཡིན་པའི་དུས་གཞན་དུ་ཉིན་མོར་གཉིད་ལོག་ན་བད་ཀན་ལྷག་པར་བསྐྱེད་ཅིང་སྐྱ་གསོབ་ཏུ་སྐྲངས་པ་དང་། ཤེས་པ་རྨོངས་བག་ཏུ་འགྱུར་ཞིང་མགོ་བོ་ན་ལ་སྒྱིད་པ་སྐྱུར་བ། ཆམ་པ་དང་རིམས་ལ་སོགས་པའི་ནད་ཀྱང་འབྱུང་བར་འགྱུར། གཞན་ཡང་གང་ཞིག་གཉིད་འཕེལ་ཏེ་ཆེ་དྲགས་པ་ན་སྐྱུག་བཏང་བ་དང་སྨྱུང་བར་བྱ་ཞིང་། དེ་གཞིན་དུ་གཉིད་ཡེར་ཏེ་མི་འབྱུང་ན་འོ་མ་དྲོན་མོ་དང་ཞོ། ཆང་དང་ཤ་ཁུ་ལ་སོགས་པ་དྲོ་ཞིང་བཅུད་པའི་བཟའ་བཏུང་དང་། ཏིལ་མར་ལ་སོགས་པ་མགོ་བོར་བསྐུ་ཞིང་རྣ་བའི་ནང་དུའང་སྣུམ་ཅུང་ཟད་བླུགས་ན་གཉིད་ལེགས་པོར་འབྱུང་།

~ ཁྲུས་དང་བྱུག་པ་སོགས་ཀྱི་བསྟེན་ཐབས།~ རིན་ཆེན་ཚ་སྦྱོར་དང་རིན་ཆེན་གྲང་སྦྱོར། དབང་པོ་རིལ་བུ། ནག་པོ་དགུ་སྦྱོར། ཤུ་དག་ནག་པོ་དང་ཡུངས་དཀར། གུ་གུལ་ནག་པོ་ལ་སོགས་པ་རྣམས་དཔུང་བ་གཡོན་ནམ་སྐེར་བཏགས་ན་གཉན་རིམས་སོགས་འགོས་ནད་རིགས་མི་འགོས་པར་སྔོན་འགོག་བྱེད། རྡོ་རྗེ་ཕ་ལམ་དང་བེཌུརྱ། གཟི་ལ་སོགས་པ་རྣམས་གསེར་གྱི་པ་ཏྲའི་ནང་དུ་བཅུག་པ་སྤྱི་བོར་གདགས་པའམ་ལག་པ་གཡོན་པའི་སྲིན་མཛུབ་ལ་བཏགས་ན་ལུས་ལ་ནད་གདོན་ཞུགས་པར་མི་འགྱུར།~ བད་ཀན་ནད་ཅན་དང་ནར་མ་སོན་པའི་བྱིས་པ་མ་ཡིན་པ་ཕལ་ཆེ་བས་དུས་རྟག་དུ་ལུས་ལ་སྣུམ་བསྐུ་ཞིང་བྱུགས་པ་དང་མཉེ་བའི་བྱ་བ་ལེགས་པར་བྱས་ན་རྒས་ཀ་སྲ་ཞིང་ལུས་རྩོལ་བས་དུབ་པའི་ངལ་བ་དང་རླུང་གི་ནད་ཀྱང་འཇོམས་པར་བྱེད། སྐབས་སྐབས་སུ་མགོ་བོ་དང་རྐང་པར་སྣུམ་བྱུག་པའམ་རྣ་བའི་ནང་དུ་ཏིལ་སྣུམ་ལྟ་བུ་བླུགས་པ་བཅས་བྱས་ན་ལུས་ཡང་ཞིང་ཚིལ་འབྲི་བ་དང་། མེ་དྲོད་ལྷག་པར་དུ་སྐྱེད་པར་བྱེད། དེ་ཡང་ལུས་ལ་སྣུམ་གྱིས་བསྐུ་མཉེ་བྱས་པའི་རྗེས་སུ་སྲན་ཕྱེ་ལ་སོགས་པ་སྐམ་པའི་རྫས་ཀྱིས་ཕུར་ཏེ་སླར་ཡང་དྲིལ་ཞིང་ཕྱིས་པས་ན་བད་ཀན་སེལ་ཞིང་ཚིལ་འཇུ་བར་བྱེད་པ་དང་། པགས་པའི་མདོག་དྭངས་ཤིང་གསལ་ལ་ཡན་ལག་རྣམས་ཀྱང་བརྟན་ཞིང་མཉེད་པར་བྱེད་པའི་མཆོག་ཡིན།

~ ~དུས་རྟག་པར་ལུས་ལ་འཁྲུས་བྱས་ན་རོ་ཙ་བ་དང་ལུས་ཀྱི་མེ་དྲོད། སྟོབས་དང་གཟི་མདངས་རྣམས་བསྐྱེད་ཅིང་པགས་པ་གཡའ་ཞིང་རྔུལ་བ་དང་། ལུས་ཀྱི་དྲི་ངན་སེལ་བར་འགྱུར། གཞན་ཡང་ཁ་སྐོམ་པ་དང་ལུས་ཚ་བ་རྣམས་ཀྱང་སེལ་བར་བྱེད། ལྷག་པར་ཆུ་དྲོན་གྱིས་ལུས་ཀྱི་སྨད་ཀླུབ་ཅིང་བཀྲུས་ན་སྟོབས་སྐྱེད་ཅིང་རོ་ཙ་འཕེལ་བར་བྱེད། འོན་ཀྱང་ཆུ་དྲོན་གྱིས་མགོ་བོ་བཀྲུས་ན་སྐྲ་དང་མིག་ལ་ལྷག་པར་དུ་གནོད་ཅིང་ལུས་ཀྱི་སྟོབས་འཕྲོག་པར་བྱེད། ཁྱད་པར་དུ་ཚད་པས་འཁྲུ་བ་དང་ལྟོ་བ་སྦོས་པ། ཆམ་པ་དང་མ་ཞུ་བས་བཏབ་པ། སྣ་ནད་ཅན་དང་མིག་ནད་ཅན། ཟས་ཟོས་མ་ཐག་པ་རྣམས་ལ་ནི་མགོ་བོར་མ་ཟད་ལུས་ཀུན་ལ་ཁྲུས་བྱེད་པ་སྤང་དགོས།~ མིག་ཏུ་ཉིན་བདུན་རེའི་མཚམས་སུ་སྐྱེར་ཁཎ་ཐེངས་རེ་བླུགས་ན་མིག་དབང་ཉམས་པར་མི་བྱེད། ཡུངས་དཀར་རའི་འོ་མར་སྦྱར་ནས་གདོང་ལ་བྱུགས་ན་ངོ་མདངས་བཟང་ཞིང་དཀར་པོར་འགྱུར་བར་བྱེད།~ ལྡོང་རོས་དང་ཡུངས་དཀར། སུག་པ་གསུམ་ར་འོ་དང་སྦྱར་ནས་གདོང་བཀྲུས་ན་གདོང་མདོག་པདྨའི་འདབ་ལྟར་ཡིད་འོང་བར་འགྱུར། 

རུས་ཚིགས་ཆེན་པོའི་ནད་ལ་བོད་སྨན་གྱིས་གསོ་བཅོས་བྱེད་ཐབས། 

རུས་ཚིགས་ཆེན་པོའི་ནད་ལ་བོད་ཀྱི་གསོ་བ་རིག་པའི་ཐོག་བཅོས་ཐབས་སྣ་ཚོགས་ཡོད་ལ། ལྷག་པར་དུ་བོད་སྨན་ནི་ཁོར་ཡུག་གཙང་མའི་ཡུལ་ནས་ཐོན་པའི་རང་བྱུང་སྨན་རྫས་ལས་གྲུབ་པའི་སྨན་རིགས་ཡིན་པས། ཡུན་རིང་བསྟེན་ཀྱང་མིའི་ལུས་པོར་གནོད་འཚེ་ཧ་ཅང་ཉུང་ལ། གཟེར་གཅོག་པ་དང་། ཆུ་རྒྱུས་ཇེ་མཉེན་དུ་འགྲོ་བ། རུས་ཚིགས་ཀྱི་འགུལ་སྐྱོད་ཇེ་བདེ་རུ་འགྲོ་བ་སོགས་ཀྱི་ཕན་འབྲས་ཡག་པོ་ཡོད་པ་རེད།~ དེ་ཡང་། རུས་ཚིགས་ཆེན་པོའི་ནད་ཐོག་མའི་དུས་ལྟ་བུ་ཡིན་པའི་བྱིས་པར་མེ་དྲོད་གསོ་ཞིང་བད་ཀན་སེལ་བ། རུས་པ་གསོ་བ་སོགས་གཙོ་བོར་འཛིན་པའི་སྨན་སེ་འབྲུའི་རིགས་དང་དེ་མིན་བསམ་ནོར་སོགས་བདམས་ནས་བེད་སྤྱོད་གཏོང་རྒྱུ་དང་། ཟས་སྤྱོད་ཐད་ཡང་ཞིང་དྲོ་ལ་འཇུ་སླ་བ་སོགས་བསྟེན་ཞིང་། ལུས་ལ་དྲོ་བཅོས་དང་སྐམ་སར་སྡོད་པ་སོགས་བྱ་དགོས།~ མི་རྒན་པ་སོགས་ནད་འདི་རྙིང་པར་འགྱུར་ཞིང་ནད་གཞི་ལྕི་བའི་ནད་པར་སྨན་དངུལ་ཆུ་བཅོ་བརྒྱད་དང་སེང་ལྡེང་ཉེར་ལྔ་སོགས་གཟེར་འཇོམས་ཤིང་། ཆུ་རྒྱུས་མཉེན་པར་བྱས་ཏེ་ཚིགས་ཀྱི་བྱེད་ལས་ལེགས་བཅོས་གཏོང་བ་གཙོ་བོར་འཛིན་པའི་སྨན་བདམས་ནས་བསྟེན་ན་འགྲིག་ལ། དེ་བཞིན་ནད་ཚབས་ལྕི་བ་ཚད་གཞི་གཉིས་པ་གསུམ་པ་སོགས་ལ། དཔྱད་བཅོས་ཀྱི་ཕན་འབྲས་ཀྱང་ཡག་པོ་ཡོད་པ་སྟེ། བདུད་རྩི་ལྔ་ལུམས་དང་ཡང་ན་ལུམས་རྒྱག་པ། རང་བྱུང་ཆུ་ཚན་བཅས་བརྒྱབ་ན། ཆུ་རྒྱུས་ཇེ་མཉེན་དུ་འགྲོ་ཞིང་་གཟེར་ཇེ་ཆུང་དུ་འགྲོ་བ། འགུལ་སྐྱོད་ཀྱང་ཇེ་བདེ་རུ་འགྲོ་བ་སོགས་ཀྱི་ཕན་འབྲས་བཟང་པོ་ཡོད་པ་རེད། ཡང་རུས་ཚིགས་སོ་སོའི་སྟེང་བཅིངས་ལུམ་བརྒྱབ་ན། དེས་ཁྲག་རྒྱུན་འཁོར་སྐྱོད་ཇེ་ལེགས་སུ་ཕྱིན་ནས་སྐྲང་པ་སོགས་ཡོད་ན། དེ་གཞོམ་པ་དང་གཟེར་འཇགས་ཤིང་འགུལ་སྐྱོད་ཇེ་བདེ་རུ་འགྲོ་བའི་ཕན་ནུས་ཆེན་པོ་ཡོད་པ། དེ་བཞིན་པུས་མོ་སོགས་གཟེར་མིག་སྤྲ་མེ་བཏབ་ན་གཟེར་གཅོག་པའི་ཕན་འབྲས་ཡོད་པ་བཅས་ནད་རྟགས་ལ་གཞིགས་ནས་དཔྱད་བཅོས་བྱས་ན་ཕན་ནུས་ངེས་ཅན་ཡོད་པ་རེད།། 

རིགས་རྒྱུད་འཚར་ལོངས་ཡོང་བའི་བོད་ལུགས་གསོ་རིག་ཤེས་བྱ། 

མི་རབས་རྗེས་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱ་རྒྱུ་ནི་ཆབ་སྲིད་དང་དཔལ་འབྱོར་རིག་གནས་སོགས་གོང་དུ་སྤེལ་བའི་རྩ་བའི་ཆ་རྐྱེན་ཡིན་ལ། དེ་ནི་བྱིས་པ་ཉེར་སྤྱོད་ནས་རྒས་པ་བཅུད་ལེན་གྱི་བར་བོད་ཀྱི་གསོ་རིག་གི་ཤེས་བྱ་མཐའ་ཡས་པ་ཞིག་ལོ་ངོ་སྟོང་ཕྲག་གི་སྔོན་ནས་མཐོང་ཆེན་བྱེད་པའི་སྲོལ་ཡོད་ཀྱང་བར་སྐབས་སུ་ཉམས་རྒུད་དུ་གྱུར་ཏེ་ད་ལྟ་མཐོང་བརྒྱུད་ཀྱི་ལག་ལེན་ཤིན་ཏུ་དཀོན། ལྷག་པར་དུ་རོང་འབྲོག་དམངས་ཁྲོད་དུ་དེའི་སྐོར་ཤེས་མཁན་ཧ་ཅང་ཉུང། གནས་ཚུལ་དེར་དམིགས་ནས་ང་ཚོས་སྨན་པ་ཚུལ་ཁྲིམས་དར་རྒྱས་ཀྱིས་བྲིས་པའི་བྱིས་པ་ཉེར་སྤྱོད་སྐོར་གྱི་ལག་ལེན་འགའ་ཞེས་པ་དེ་གཤམ་དུ་ངོ་སྤྲོད་ཅིག་བྱེད་པར་བྱ།~ 

གཅིག   བྱིས་པ་ཉེར་སྤྱོད་ཀྱི་ཤེས་བྱ་ལེགས་པར་མ་བསླབ་ན། བྱིས་པ་དེ་ཉིད་བློ་བརྟུལ་ཞིང་གཟུགས་བྱད་མི་ལེགས་པ། ནད་མང་པ། ཚེ་ཐུང་བ། རང་བཞིན་ནམ་གཤིས་རྒྱུད་ངན་པས་ཕ་མ་སོགས་ཀྱི་ངག་ལ་མི་ཉན་པ། ཨུ་ཚུགས་ཆེ་བ། ཐ་ན་ཞ་ལོང་འོན་ལྐུགས་སོགས་དབང་པོ་མི་ཚང་བར་འགྱུར་བ་དང་། བྱིས་ནད་ཕལ་ཆེར་ཀྱང་ཕ་མས་བྱིས་པར་ཉེར་སྤྱོད་ཀྱི་ཤེས་བྱ་མ་བསླབ་པ་ལས་བྱུང་བ་ཡིན།~ 

གཉིས།  བྱིས་པ་ཉེར་སྤྱོད་ནི་སྨན་པ་ཁོ་ནའི་བྱ་བ་མིན་པར་ཀུན་གྱི་ཐུན་མོང་གི་ལས་དོན་ཞིག་ཡིན་པར་ངོས་འཛིན་བྱེད་དགོས།~ 

གསུམ།  ཐོག་མར་བྱིས་པ་སྐྱེས་ཚེ་དེ་ཉིད་གན་རྐྱལ་དུ་བྱུང་བ་དང་། ལྟེ་ཐག་གིས་ལུས་སྟོད་དཀྲིས་པ། ངུ་སྐད་མཐོ་བ། སྤྱི་བོ་རིང་ལ་མགོ་སྲབ་པ། མཚོག་མ་ཆུང་བ། དཔྲལ་དབྱེས་ཆེ་བ། སྣ་གཟིངས་དང་སྐྲ་མཚམས་མཐོ་བ། ཤ་གཙང་ཞིང་རྣ་བ་བརྒྱང་བ། ནུ་མ་དྲག་ཏུ་འཇིབ་པ། འདར་ཞིང་དངངས་པའི་གནས་ཚུལ་བྱུང་ན་གསོ་སླ་ཞིང་བཀྲ་ཤིས་པའི་རྟགས་ཡིན་ལ། དེ་ལས་ལྡོག་ཚེ་བྱིས་པ་བདེ་ཐང་མིན་པའི་རྟགས་ཡིན། 

བཞི།  བྱིས་པའི་ལྟེ་ཐག་གཅོད་ཚེ་སོར་བཞིའི་ཡས་མས་མཚམས་ནས་བལ་སྐུད་ཀྱིས་བསྡམས་ནས་གཅོད་དགོས། ལྟེ་ཁྲག་ཅུང་ཟད་ཀྱང་ས་ལ་ཐིགས་མི་རུང་ལ། གལ་སྲིད་ལྟེ་ཁྲག་ཉུང་ཙམ་ཟགས་ཐོན་བྱུང་ནའང་དེ་ཉིད་བྱིས་པའི་ཁ་ལ་བསྐུས་ན་ཕྱིས་སུ་ཁ་ནད་ལང་མི་སྲིད་ཅིང་། དེ་ལྟར་མ་བྱས་ཚེ་བྱིས་པའི་ལྟེ་བ་སྐམ་ནས་ཁ་ལང་སྲིད་ལ། དེ་ཚེ་གླ་རྩིའི་ཆུར་སྦྱར་ཏེ་བྱིན་ན་ཁ་ནད་ལ་ཕན་ཐོགས། 

ལྔ། སྤོས་ཆུ་དྲོ་འཇམ་འོ་མར་བསྲེས་ཏེ་བྱིས་པའི་ལུས་གཙང་མར་བཀྲུས་ཏེ་ལྕེ་ལྟེང་དུ་ཁོག་ཞོ་ཞེས་པའི་དྲེག་པ་དེ་སང་རས་དཀར་གཙང་གིས་ཕྱིས་ནས་གླ་རྩིའི་ཆུ་ལྡུད་དགོས། 

དྲུག  བྱིས་པ་སྐྱེས་པའི་ཐོག་མའི་ཉིན་གཉིས་གསུམ་གྱི་ནང་དུ་ཨ་མར་ད་དུང་ནུ་མ་མི་འབྱུང་བའི་དུས་དེར་མར་གསར་བ་བཙག་བཅད་བྱས་ཏེ་སྦྲང་རྩི་བྱི་ཚེར་སྦྱར་བ་ཉིན་རེར་ལན་གསུམ་ལ་བླུད་དེ་ཆུ་བསྐོལ་དྲོ་འཇམ་ཡང་ཡང་བླུད་ན་མངལ་ཆུ་འཇུ་བར་བྱེད་ཟེར། མར་རྗེན་པ་བྱིན་ན་མ་ཞུ་བའི་ནད་སྐྱེད་པས་མར་བཙག་བཅད་ཡིན་དགོས།~ 

བདུན། ཨ་མས་ནུ་མ་ལྡུད་དུས་ཐོག་མར་སྤྲི་དཀར་ནུར་པོ་དེ་བཞོས་ནས་འོ་མ་དངོས་ཐོན་ཚེ་དེ་ཉིད་ཉུང་ཙམ་ནས་རིམ་གྱིས་མང་བར་བསྣུན་དགོས།~ 

བརྒྱད། ཨ་མ་ལ་འོ་མ་མེད་ན་རིགས་གཙང་ནད་མེད་ཀྱི་ནུ་ཞོ་བསྣུན་པའམ་ཕྱུགས་ཀྱི་འོ་མ་བསྐོལ་བ་དྲོ་འཇམ་རན་པ་བསྣུན་ཆོག 

དགུ བྱིས་པ་ཟླ་གྲངས་མ་ལོངས་པར་སྔ་བསྣུར་གྱི་སྐྱེས་པ་ཡིན་ན་ཚ་ཐབ་སོགས་ནས་ལུས་དྲོ་པོར་བྱེད་དགོས་པ་དང་། གནས་དབེན་པ་དང་གཙང་མ་ཡིན་ས་ནས་འགྲུལ་བ་སོགས་ལ་འཛེམ་དགོས་ཤིང་།ཟླ་གྲངས་མ་ཚང་བར་སྦྲང་ཆུ་བསྐོལ་ནས་ལྡུད་པ་ལས་ནུ་ཞོ་ལྡུད་མི་ཉན། 

བཅུ། ལྟེ་ཐག་བཅད་ཤུལ་དུ་རྒྱམ་ཚའམ་རུ་རྟ་མར་དང་སྦྱར་བ་ཡང་ཡང་བྱུགས། 

བཅུ་གཅིག བྱིས་པའི་སྐྱེས་གཟའ་སྐྱེས་སྐར་ཟླ་ཚེས་ཡི་གེར་བཏབ་ནས་གཟའ་སྐར་རམ་ཉེ་དུའི་མིང་ལས་དྲང་པ་སོགས་སྙན་ཞིང་ཤིས་པའི་མིང་འདོགས་ལ། སྲི་ཅན་ཡིན་ན་ཟླ་བ་རེ་རེ་བྱས་ནས་སྲི་ཐར་གྱི་མིང་བརྗེ་དགོས། 

བཅུ་གཉིས། བོད་ཀྱི་སྨན་གཞུང་ནས་ཚེ་མདངས་བསྐྱེད་པའི་སྨན་སྦྱིན་པ་ལ། བྱིས་པ་སྐྱེས་ནས་ཉིན་གཉིས་པ་ནས་རྒས་སྲ་བར་དུག་ཕྲལ་གྱི་གསེར་དང་། ཕོ་རྩལ་ཆེ་བར་སྟག་གི་སྡེར་མོ། བློ་རྣོ་བ་ལ་གྷི་ཝཾ་ཤུ་དག་མ་ནུ། གཟི་མདངས་ཆེ་བར་རྨ་བྱའི་སྒྲོ་གཞོབ། གཉན་རིམས་འགོག་པར་གླ་རྩི། ལུས་སྟོབས་རྒྱས་པར་དབང་ལག་བཅས་ཀ་ར་བུ་རམ་ལ་སྦྱར་ནས་ནངས་མ་རེ་རེ་བཞིན་བདུན་ཕྲག་གཅིག་ནས་གསུམ་བར་ལྡུད་དགོས། 

བཅུ་གསུམ། ཤེས་རབ་འཕེལ་བའི་སྨན་སྦྱིན་ནི། སྐྱེས་མ་ཐག་ལྕེ་སྟེང་དུ་གུར་ཀུམ་གྱིས་ཡིག་པར། དེ་ནས། ཨ་རུ། ཤིང་ཀུན། ཚ་བ་གསུམ། ཤུ་དག་དཀར་པོ། མ་ནུ། ཤུག་ཚེར། ལྕེ་མྱང་ཚྭ། རྟག་ངུ་། གུར་ཀུམ་བཅས་ཀྱི་ཕྱེ་མ་ར་དཀར་མོའི་འོ་མ་མར་གསར་བ་བཅས་བསྐོལ་ནས་ཞག་བདུན་རེའི་

མཚམས་ནས་ལན་རེར་བསྟེན་ཚེ་བློ་གྲོས་འཕེལ་ཞིང་ངག་ཚིག་སྙན་ལ་དྲན་པ་གསལ་བ་དང་། ནངས་རེ་བཞིན་བདུད་རྩི་སྨན་དང་ལོ་གྱོན་མ་ཆུར་སྦྱང་བ་དབང་པོ་ལྔ་ལ་བསྐུས་ན་རིམས་ནད་འགོག་ཟེར། 

བཅུ་བཞི། སྤྱོད་ལམ་གྱི་སྤང་བླང་ནི། མགོ་བོའི་སྐྱེ་དབྱིབས་ལེགས་ཆེད་སྲན་རིལ་བླུགས་པའི་ཁུག་མ་སོགས་ཀྱི་སྔས་བདེ་འཇམ་བཅོས་པ། བྱིས་པ་བད་ཀན་གྱི་མི་ཡིན་པས་རྒྱུན་པར་གོས་དྲོ་འཇམ་བསྐོན་ནས་གྲང་དུ་མི་འཇུག་པ། ཉིན་ཁ་ཤས་ནས་ཆུ་གཙང་དྲོ་འཇམ་གྱིས་ལུས་ཕུང་ཐེངས་རེ་བཀྲུ་བ། རྒྱུན་དུ་གཙང་སྦྲ་ལ་འབད་པ། བཟའ་བཏུང་གྲང་མོ་དང་རྗེན་ཟས་མ་སྨིན་པ་རྣམས་ཟ་མི་ཉན། ཉི་ཟེར་དང་གློག་སྒྲོན་སོགས་འོད་ཆེ་བའི་དངོས་པོ་མིག་ལ་ཕོག་ན་མིག་ཡོན་པོར་འགྱུར་བའམ་གཟི་མིག་ཏུ་འགྲོ། ལུས་གྲང་དུ་བཅུག་ན་རྣ་བ་འགག་པ་དང་མཚོག་མ་གྲང་དུ་བཅུག་ན་སྣབས་མང་། དྲི་ཆུ་སོགས་རླན་ནང་ནས་བསྙལ་ན་གཅོང་ནད་སྐྱེད། རྐང་མཐིལ་དང་མཚོག་མར་མེ་བཙའ་དང་ཉི་མར་ལྡེ་དྲགས་ན་མིག་མི་གསལ། གཡོན་པོར་བསྙལ་ན་ལུས་རྒུད་པོར་འགྲོ། འུར་ཟིང་དང་སྔངས་སྐྲག་སྐྱེས་སར་བསྙལ་ན་སྙིང་ནད་འབྱུང་། གསུར་དུད་དང་ཐལ་རླུང་ལྡང་ས་ནས་བསྙལ་ན་གློ་ནད་འབྱུང་ངེས།~ 

བཅོ་ལྔ། བྱིས་པ་སྐྱེས་ནས་ཟླ་བ་བརྒྱད་ཙམ་ནས་སྦྲང་རྩི་དང་། ཨ་བྱག སྐྱུ་རུ་བཅས་པའི་སྡེ་གུ་སོ་རྙིལ་ལ་བྱུགས་ན་སོ་མྱུར་དུ་སྐྱེ། རྣ་བ་དབུག་པར་འདོད་ན་ཟླ་བ་བརྒྱད་འགོར་བའི་མཚམས་དེར་དབུག་ན་བཟང་ཟེར།~ 

བཅུ་དྲུག བྱིས་པ་ལོ་གཅིག་ལོན་ཡང་འགྲོ་མི་ཐུབ་ན། སྟག་རུས་དང་འབྲུག་རུས་ཁུ་བར་རྡོ་སྦྱོར་བཅུ་བཞི་བཏབ་པའི་ཐང་ལྡུད་དགོས། 

བཅུ་བདུན། བྱིས་པ་ལོ་གཅིག་འཁོར་ནས་སྐྲ་ཡང་ཡང་བྲེག་ན་སྐྲ་སྐྱེས་པ་མགྱོགས། བྱིས་པའི་སྐྲ་ལ་འབྲི་མོག་མར་དང་སྦྱར་བ་བྱུགས་ན་སྐྲ་ནག་ལ་རིང་བར་འོང་།~ 

བཅོ་བརྒྱད། བྱིས་པ་རྣམས་ནམ་རྒྱུན་ཀ་ར་སྣ་ཚོགས་ཟ་བར་དགའ། འོན་ཀྱང་དེས་ནི་བད་ཀན་དང་སྲིན་ནད་སྐྱེད་པས་ཉུང་ཙམ་ལས་མ་བྱིན་ན་ལེགས། ལྷག་པར་དུ་དགོང་མོ་ཉལ་ཁ་དང་ནངས་སྔ་མོར་ཀ་ར་མ་ཟོས་ན་བཟང་། རྒྱུམཚན་ནི་དགོང་མོ་ཟོས་ན་སོ་སྲིན་དང་བེ་སྣབས་འཕེལ་བའི་རྐྱེན་བྱེད་ལ། ནངས་སྔ་མོར་ཟོས་ན་བློ་གྲོས་དང་ཤེས་རབ་ལ་ཤིན་ཏུ་གནོད། 

བཅུ་དགུ།  བྱིས་པ་ལོ་འཁོར་ནས་སྐྱེས་སྐར་ལ་བཀྲ་ཤིས་དུས་སྟོན་བྱེད་པ་དང་བསྟུད་མར་ལོ་གསུམ་དང་ལྔ། བདུན་སོགས་ཅི་རིགས་ལ་བུ་ཆུང་དགའ་བའི་སྐྱེས་སྟོན་བྱེད་དགོས་སོ། ། 


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།