བསྐོར་བའི་ཕན་ཡོན་བཤད་པ་དགེ་བའི་ལམ་གསལ།

WechatIMG2722.jpeg༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག བསྐོར་བ་ཞེས་པ་ནི་སྐུ་གསུང་ཐུགས་རྟེན་ལ་དད་པའི་སྒོ་ནས་བསྐོར་བ་འགྲོ་བ་སྟེ། ཅོ་ནེ་གྲགས་པ་བཤད་སྒྲུབ་ཀྱི་བསྐོར་བའི་ཕན་ཡོན་ལེགས་བཤད་སྙིང་བོ་ལས། ཕྱག་འཚལ་བའི་ཚེ་རང་ལུས་མང་པོར་སྤྲུལ་ནས་ཕྱག་འཚལ་བ་དང་རང་གཞན་ཐམས་ཅད་ཀྱིས་ཕྱག་བྱ་བར་མོས་པ་དང༌། སྔགས་ཟླ་བའི་ཚེའང་རང་གཞན་ཐམས་ཅད་ཀྱིས་བཟླ་བར་བསམ་ན་འགྱུར་ཆེ་བར་བཤད་པ་ལྟར། བསྐོར་བ་བྱ་བའི་ཚེ་མང་བོར་མོས་པའམ། རང་གཞན་སེམས་ཅན་ཐམས་ཅད་ཀྱིས་ལྷན་ཅིག་བསྐོར་བ་བྱེད་པར་མོས་ན་འགྱུར་ཆེ་བར་གསལ་ལ། བསྐོར་བའི་དུས་སུ་ཁ་བཏོན་གང་བྱས་ཀྱང་རུང་ཡང་ལྷག་པར་སྒྲིབ་པ་སྦྱོང་བ་ལ་ཡིག་བརྒྱ་དང་ལྟུང་བཤགས། མི་འཁྲུགས་པའི་གཟུངས་སོགས་དང༌། མ་ཎི་བཟླ་བ་ཅི་རིགས་བྱའོ། །ཞེས་གསུངས་པ་ལྟར་རང་གི་གཟུངས་སྔགས་གང་ཤེས་དང་ཁྱད་པར་བསྐོར་བ་བྱེད་པའི་སྔགས་འདོན་བཞིན་སྐོར་བ་བྱས་ན་ལེགས་ཤིང༌། བསྐོར་བའི་འགྲོ་བའི་ཚེ་བསམ་པའི་ཀུན་སློང་ནི་སྤྱིར་ལུས་ངག་གསུམ་ཏེ་སྒོ་གསུམ་གྱི་སྒྲིབ་པ་སྦྱོང་བའི་ཆེད་དང༌། ཁྱད་པར་འགྲོ་བ་ཐམས་ཅད་ངན་སོང་ལས་ཐར་འདོད་དང༌། སངས་རྒྱས་ཐོབ་འདོད་ཀྱི་བསམ་པས་བསྐོར་དགོས་པ་དང༌། གལ་ཏེ་སྐུ་གསུང་ཐུགས་རྟེན་གཅིག་ཙམ་ལ་བསྐོར་ན་ཡང་དེ་ལ་སྐྱབས་གནས་ཀུན་འདུས་དང། དེ་ལ་རྟེན་ཐམས་ཅད་བཞུགས་པར་མོས་ཏེ་རང་གིས་གཙོ་བྱས་ཏེ་འགྲོ་བ་ཀུན་གྱིས་བསྐོར་བར་བསམ་ན་ཕན་ཡོན་ལྷག་པར་ཆེ་བར་གསུངས་སོ། །

བསྐོར་བའི་འགྱུར་སྔགས་ནི། སྐུ་གསུང་ཐུགས་རྟེན་ལ་བསྐོར་བར་འགྲོ་བའི་དུས་སུ། ན་མོ་བྷ་ག་ཝ་ཏེ། རཱཏ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུད་དྷཱ་ཡ། ཏཏྱ་ཐཱ། ཨོཾ་རཏྣ་རཏྣ་མ་ཧཱ་མཏཱ་རཏྣ་བི་ཛ་ཡ་སྭཱཧཱ། ཡང་ན། ན་མོ་ད་ཤ་དིཀྵི་ཀཱ་ལ་སརྦ་རཏྣ་ཏ྄་ཡཱ་ཡ། ན་མཿཔྲ་དཀྵ་སུ་པྲ་དཀྵ་སརྦ་བཾ་བི་ཤོ་དྷནི་སྭ་ཧཱ། ཞེས་པ་གཉིས་ལས་གང་རུང་བཏོན་ན་འཕེལ་འགྱུར་ཆེ་ལ། བསྐོར་བ་བྱེད་པའི་ཚེའང་རྟེན་གྱི་གྲིབ་མ་འགོམ་མི་རུང་ཞིང༌། གལ་ཏེ་འགོམ་དགོས་བྱུང་ན། ཨོཾ་བཛྲ་བེ་ག་ཨ་ཀྲ་མ་ཧཱུཾ། ཞེས་པའི་སྔགས་འདི་བརྗོད་དེ་གྲིབ་མའི་འོག་ཏུ་འཛུལ་བར་མོས་དགོས་སོ། །ཞེས་གསུངས་སོ། །

བསྐོར་བའི་ཕན་ཡོན་ནི། མཆོད་རྟེན་སྐོར་བའི་མདོ་ལས། ལུས་ཀྱི་ལས་ཀྱང་སྐོར་བ་ཡིན། །ངག་གི་ལས་ཀྱང་སྐོར་བ་ཡིན། །ཡིད་ཀྱི་ལས་ཀྱང་བསྐོར་བ་ཡིན། །སྨོན་ལམ་བཏབ་པའང་བསྐོར་བ་ཡིན། །ཞེས་གསུངས་ཤིང་སྔོན་རྒྱ་གར་དུ་བསྐོར་བ་བརྟེན་ནས་གྲུབ་པ་ཐོབ་པའང་མང་གསུངས།

འཕགས་པ་སྤྱན་རས་གཟིགས་ཀྱི་མདོ་སོགས་ལས་མང་དུ་གསུངས་ཤིང་འདིར་རགས་པ་ཙམ་ཕྱོགས་གཅིག་ཏུ་བསྡུས་ན་༡ཚེ་རབས་དག་ནི་ཐམས་ཅད་དུ་ལྷ་དང་ཀླུ་དང་གནོད་སྦྱིན་དང་སྲིན་པོ་རྣམས་ཀྱིས་མཆོད་པར་འགྱུར་བ། ༢ གཟུགས་ལང་ཚོ་ཕུན་སུམ་ཚོགས་ཤིང་བསོད་ནམས་དང་མཐུ་སྟོབས་ལྡན་པ།༣ཚུལ་ཁྲིམས་ལྡན་ཞིང་ཆོས་ཀྱི་ཚིག་དོན་ལ་མཁས་པར་འགྱུར།༤ཕྱུག་ཅིང་ནོར་ཆེར་ལྡན་པར་འགྱུར།༥དོན་མིན་རྣམས་ནི་སྤངས་ཏེ་ཆོས་དང་མཐུན་པའི་དོན་ཀུན་འགྲུབ་པ།༦ལེ་ལོ་མེད་གྱུར་ཏེ་བརྩོན་འགྲུས་བརྟན་ཞིང་རྟག་ཏུ་བག་ཡོད་ལྡན་པར་འགྱུར་བ། ༧ནད་གདོན་བར་ཆད་ཞི་ཞིང་ཚེ་བསོད་སྟོབས་འབྱོར་མངའ་ཐང་རྒྱས། ༨མེ་དང་དུག་དང་མཚོན་གྱིས་དུས་མ་ཡིན་པར་ནམ་ཡང་འཆི་བར་མི་འགྱུར། ༩འདི་ནས་ཤི་འཕོས་ནས་རིགས་ཁྱད་པར་ཅན་དང་ལྷ་ཡུལ་དུ་སྐྱེ་བར་འགྱུར་བ། ༡༠མཐར་ཐུག་དག་པའི་ཞིང་ཁམས་སུ་སྐྱེས་ནས་བདེ་སྐྱིད་དཔལ་ལ་སྤྱོད་པ།

དེའི་ཕྱིར་ཆོས་ལྡན་བོད་གངས་ཡུལ་ནས་སྐྱེས་ཤིང་དལ་འབྱོར་གྱི་རྟེན་བཟང་རྙེད་པ་དག་གིས་སྐུ་གསུང་ཐུགས་རྟེན་གྱི་རྟེན་གསར་བཞེངས་དང་ཞིག་གསོ་ལ་འབྲེལ་ཅི་ཐོགས་དང༌། ཁྱད་པར་དུ་འགྲོ་བ་སེམས་ཅན་གྱི་ཆེད་དུ་ཕྱག་མཆོད་དང་སྐོར་བ་སོགས་འབད་དེ་དལ་བའི་རྟེན་བཟང་དོན་དང་ལྡན་པར་བྱ་བར་རིགས་སོ། །

ཞེས་པ་འདི་ནི་དགེ་བའི་ཕྱོགས་ལ་མངོན་པར་བརྩོན་པའི་དགེ་བསྙེན་ལོ་བའི་ཚེ་དབང་རྡོ་རྗེས་ནན་གྱིས་བསྐུལ་བའི་ངོར་བཙུན་གཟུགས་ཤེས་རབ་བསྟན་དར་གྱིས་བྲིས་པ་དགེ་གྱུར་ཅིག

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།