ཁ་ཟས་གཡོས་སྦྱོར་གྱི་རྒྱུན་ཤེས།

 timg.jpg

རྒྱུད་ལས། ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང་། །དམན་ལྷག་ལོག་གྱུར་ནད་བསྐྱེད་འཕྲལ་སྲོག་འཇོམས། །དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པས་གཅེས། ། ཞེས་གསུངས་པ་བཞིན་ཁ་ཟས་འཕྲོད་བསྟེན་ནི་ཤིན་ཏུ་གལ་ཆེ་བས་སྨན་གྱི་རྒྱུད་ལས་བྱུང་བའི་ཁ་ཟས་གཡོས་སྦྱོར་ཅུང་ཙམ་འདིར་ངོ་སྤྲོད་པར་བྱས་ན། ཁ་ཟས་ལེགས་པར་སྤྱད་ན་ལུས་ཟུངས་གསོ་ལ་མདངས་ཀྱང་འཕེལ། ཁ་ཟས་ལོག་པར་ཟོས་པས་ནད་བསྐྱེད་ལ་སྟོབས་ཀྱང་བྲི། ཁ་ཟས་མི་འཕྲོད་པ་སྦྱོར་བས་ནི་སྦྱར་དུག་དང་མཚུངས་པར་གསུངས་སོ།། དེ་ལ་འདིར་ཟས་གཡོས་སྦྱོར་མི་རུང་བ་རེ་རེ་བཞིན་ཤེས་པར་བྱའོ།། ཞོ་མ་ལངས་པ་དང་ཆང་གསར་བ་མི་འཕྲོད། ཉ་ཡི་ཤ་དང་འོ་མ་སྦྱོར་བ་མི་འཕྲོད། ཤིང་ཏོག་རིགས་དང་འོ་མ་སྦྱོར་བ་མི་འཕྲོད། བྱ་ཡི་སྒོ་ང་དང་ཉ་ཡི་ཤ་སྦྱོར་བ་མི་འཕྲོད། སྲན་མའི་ཚོད་མ་ལ་བུ་རམ་དང་ཞོ་སྦྱོར་བ་མི་འཕྲོད། ཤ་མོང་རིགས་ཡུངས་དཀར་སྣུམ་ལ་བརྔོས་ན་མི་འཕྲོད། ཁྱིམ་བྱའི་ཤ་དང་ཞོ་བསྲེས་ནས་ཟ་བ་མི་འཕྲོད། སྦྲང་རྩི་མར་རྙིང་དང་ཆ་མཉམ་སྦྱོར་བ་མི་འཕྲོད། མར་གསར་བ་འཁར་བའི་སྣོད་དུ་ཞག་བཅུ་ལོན་པ་མི་འཕྲོད། ཤིང་སྐྱེར་བའི་མེ་ལ་ཧ་རི་ཏྲ་ཤ་སྲེག་ན་མི་འཕྲོད། ཧ་རི་ཏྲ་ནི་བྱ་མདོག་ལྗང་ཁུ་ཅན་ཞིག་ལ་གོ་བར་གསུངས། རི་བོང་ཤ་ཡང་སྐྱེར་བའི་ཤིང་ལ་སྲེག་པ་མི་འཕྲོད། ཅོང་ཞིའི་ཕྱེ་མ་ཟས་རྗེས་ཤ་མོང་ཁུར་བ་ཟ་བ་མི་འཕྲོད། ཞུན་མར་ཟོས་རྗེས་ཆུ་གྲང་འཐུང་བ་མི་འཕྲོད། ཤ་རློན་པ་ལ་དཀར་འོ་མ་དང་སྐྱུར་ཆང་དང་རྩམ་དྲིས་ཕོག་པ་མི་འཕྲོད། ཤ་བཙོས་པའི་རླངས་པ་བསུབས་ནས་ཞག་བདུན་ལོན་པ་མི་འཕྲོད། སྟར་བུ་སོགས་སྐྱུར་དང་འོ་མ་ལྷན་གཅིག་བཏུང་བ་མི་འཕྲོད། ཆུ་ཁོལ་ཞག་ཏུ་ལོན་པ་བཏུང་བ་མི་འཕྲོད།གནག་ཤ་ཕག་ཤ་ལྷན་གཅིག་ཟོས་ན་མི་འཕྲོད། ནུབ་མོ་ཆུ་འཐུང་ཆང་དྲོན་ལ་ཕུག་ཤ་སྐམ་མི་འཕྲོད། དགུན་སྟོད་གཡེར་མ་ཟོས་ན་མི་འཕྲོད། ཀེའུ་སྣག་ཤ་ལྷན་གཅིག་ཟོས་ན་མི་འཕྲོད། བཙོང་སྲེག་སྦྲང་རྩིར་སྦྱོར་བ་མི་འཕྲོད། སྦྲང་རྩི་མར་སྦྱར་ཟོས་རྗེས་ཆང་ཆུ་འཐུང་བ་མི་འཕྲོད།   སྨན་འཐུང་རྗེས་ཤྭ་བའི་ཤ་ཟ་བ་མི་འཕྲོད། ཟླ་བ་སྤྱང་ཀིས་ཟིན་ཚེ་ཟན་ཟ་བ་མི་འཕྲོད། སྦྲང་རྩི་འོ་མ་པདྨའི་རྩ་བ་བུ་རམ་དང་བཅས་པ་མི་འཕྲོད། ཟས་སྔ་མ་མ་ཞུ་ཕྱི་མ་ཟ་བ་མི་འཕྲོད། མདོར་ན་ཁ་ཟས་མི་འཕྲོད་པ་ཟོས་པ་དང་མ་གོམས་པ་ཟོས་པས་དུག་ཏུ་འགྱུར་བར་གསུངས་ལ། །མི་རྩོལ་བ་ཅན་དང་དར་ལ་བབ་པ་མེ་དྲོད་ཆེ་བ་སྟོབས་དང་ལྡན་པ་གོམས་འདྲིས་ཅན་དག་ལ་ནི་གནོད་པར་མི་འགྱུར་བར་གསུངས་སོ། ། ཞེས་པ་འདི་ནི་གྲོགས་དམ་པ་དོན་གྲུབ་རྡོ་རྗེ་ནས་བསྐུལ་ངོར་མཛོད་པ་དགེ་འདུན་རྒྱ་མཚོས་གཞན་ལ་ཕན་འདོད་ཀྱིས་ཟླ་༣ ཚེས་༡༡ ལ་ཁྲུན་དུ་གྲོང་ནས་བྲིས་པའི་ཁུར་བྱས་སོ། ། བཀྲ་ཤིས་བདེ་ལེགས། །


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།