ཆོས་ཀྱི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་བསྟོད་པ་ཚངས་སྲས་མགྲིན་པའི་རོལ་དབྱངས།

timg.jpeg

སྲས་བཅས་རྒྱལ་བའི་མཁྱེན་རབ་ཡེ་ཤེས་ཁམས།།

མཚམས་སྤྲིན་སོ་མའི་མདངས་ཀྱིས་ཉེར་འཁྱུད་པ།།

མཁྱེན་གཏེར་ངག་གི་དབང་ཕྱུག་སྨྲ་བའི་ལྷ།།

སྲིད་སྐྱོངས་རྗེ་བོའི་ཚུལ་བྱོན་གང་དེར་འདུད། །


རྣམ་པར་དཀར་པའི་ལེགས་བྱས་མཛེས་སྡུག་གིས།

འཕགས་ཡུལ་གཙུག་ལག་རི་དྭགས་མིག་ཅན་འབུམ། །

བསིལ་ལྗོངས་ཁབ་ཏུ་འགུགས་པའི་ཤེ་མོང་ཅན། །

ཚངས་པ་ལྷ་ཡི་མེ་ཏོག་ཁྱེད་གཅིག་དྲན།   །


གང་ཁྱོད་མཛད་བཟང་རྩིབས་སྟོང་འཁོར་ལོ་ཡིས།།

སུམ་གཉིས་འཛམ་གླིང་ཁྱོན་ལ་དབང་བྱས་པའི། །

གྲགས་པའི་བ་དན་དཀར་པོའི་ལང་ཚོ་ཉིད།   །

མ་རྙིང་སྲིད་པའི་རྩེ་མོར་ད་དུང་གཡོ།  །


མ་ལུས་ཕྱོགས་དུས་རྒྱལ་བའི་མཁྱེན་རབ་ཀུན།  །

གཅིག་ཏུ་སྤུངས་པ་གུར་གུམ་མདངས་འཛིན་ལྷ། །

བསིལ་ལྗོངས་མགོན་དུ་མི་དབང་ཟོལ་བྱོན་དེས། །

ཁ་བའི་ལྗོངས་ཀྱི་རྨོངས་མུན་མིང་མེད་བྱས།  །


ས་གསུམ་མཁས་དང་གྲུབ་པའི་གཙུག་གི་ནོར།  །

གསང་ཆེན་བསྟན་པའི་མངའ་བདག་མཚོ་སྐྱེས་རྗེ།།

གངས་རིའི་གཉེན་དུ་དྲངས་ཏེ་ཁ་བའི་ལྗོངས།   །

ཨོ་རྒྱན་དྷུ་མ་ཐ་ལའི་ཞིང་དུ་བསྒྱུར།  །


མཐའ་ཡས་ཆོས་དང་སྲིད་ཀྱི་ལེགས་ཚོགས་ཀུན། །

འབད་མེད་འབྱུང་གནས་ལྔ་ཟུང་རིག་པའི་ནོར། །

ཞིང་འདིར་སྤུངས་པའི་དཔལ་གྱིསའཛམ་གླིང་གི།།

ཆེ་དགུའི་རྒྱལ་ཁབ་ཀུན་ཀྱང་ཟིལ་གྱིས་གནན། །


མཆོད་སྦྱིན་བརྒྱ་བའི་བསོད་ནམས་ལས་གྲུབ་རྣམ་རྒྱལ་ལྷ་ཡི་ཁང་བཟང་གིས།  །

འགྲན་པར་མི་བཟོད་ལུགས་གསུམ་ལྷུན་གྲུབ་རང་བྱུང་སྤྲུལ་བའི་གཞལ་མེད་ཁང་།  །

རིན་ཆེན་རྣམ་གསུམ་བཅུད་ཀྱིས་ཡོངས་གཏམས་ས་ཡི་རྩེ་འདིར་ཉེར་བསྐྲུན་ཏེ།  །

མཐའ་ཀླས་འགྲོ་བའི་བསོད་ནམས་མྱུ་གུ་སྦོམ་པོར་བྱས་འདི་སུ་ཡིས་བརྗེད།  །


བསོད་ནམས་སྤྲིན་གྱི་རྩེ་དགའ་ལ་ཆགས་དབང་དྲག་གློག་གི་ཟློས་གར་གྱིས།   །

མི་སྲུན་སྡེ་ཚོགས་རྡུལ་དུ་བརླག་པའི་གྲགས་ཟིལ་ཕྱོགས་མཐར་ཁྱབ་པའི་གཟིས།  །

མཐའ་བཞིའི་རྒྱལ་རྣམས་སྤོབས་པ་རབ་ཞུམས་མགོ་བོ་དུད་པའི་སྙེ་མ་ཉིད།  །

གདན་དུ་གཏང་བའི་དཔལ་འདི་མཐོང་ཚེ་གཞན་འཕྲུལ་བདག་པོ་རྣམ་པར་དངངས།  །


ཟབ་ཡངས་དོན་གྱི་ནོར་བུའི་ཡོངས་གང་ལས་ཉོན་ཚ་གདུང་གཞིལ་བའི་སྨན།  །

གཙུག་ལག་གསུང་རབ་ཆུ་ཡི་གཏེར་ཆེན་རྣམ་དཔྱོད་ཧུབ་ཀྱིས་དྲང་པ་ཡི།   །

དཔྱོད་ལྡན་དྲན་དབང་འབུམ་གྱི་དབུས་ན་སྤོབས་པའི་དབུ་འཕངས་མཐོར་སྟེགས་པའི།    །

ས་གཞི་སྐྱོང་བ་ཁྱོད་དང་མཚུངས་པ་ས་གསུམ་ཁྱོན་ན་རྙེད་དུ་མེད།   །

རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཆེ་མཆོག་བདུད་བརྩིའི་དངོས་གྲུབ་རྙེས། །                                         

དུས་ཀུན་གཡོ་མེད་ཏིང་འཛིན་རྒྱུན་འབྱམས་དགོངས་པའི་རྩལ་ཆེན་ནང་ནས་རྫོགས།  །                               

བསམ་ཡས་རིག་འཛིན་གྲུབ་བརྒྱའི་གཙུག་ན་ནོར་བུའི་ཏོག་ལྟར་མངོན་འཕགས་པའི།      །                             

 ས་གཞི་སྐྱོང་བ་ཁྱོད་དང་མཚུངས་པ་ས་གསུམ་ཁྱོན་ན་རྙེད་དུ་མེད།    །

མཆོག་ཏུ་གསལ་བའི་རྣམ་དཔྱོད་མེ་ལོང་ཤེས་བྱ་རྒྱ་མཚོའི་གཟུགས་བརྙན་འབུམ།   །

མ་འདྲེས་གཅིག་ཆར་འཆར་བའི་གཏམ་གྱིས་ཆུ་གཏེར་མུ་ཁྱུད་ཉེར་བརྒལ་བའི།     །

ཟླ་བྲལ་ལོ་པན་བརྒྱ་ཕྲག་མང་པོས་གསུང་རབ་སྐྱེས་ཀྱིས་གངས་ཅན་པ།  །

ཚིམ་པར་བྱས་པའི་ངོ་མཚར་དཔལ་འདི་ཆོས་ཀྱི་རྒྱལ་པོ་ཁྱེད་ཀྱི་་དྲིན།  །


ཚོགས་གཉིས་རྒྱ་མཚོའི་འཇིང་ལས་ཉེར་འཁྲུངས་མཁྱེན་པའི་ཆ་ཤས་ཡོངས་སུ་གང་།    །

མཚུངས་མེད་བརྩེ་ཆེན་འོད་སྣང་འབུམ་འཕྲོ་སྐལ་བཟང་ཀུ་མུད་བཞད་པའི་གཉེན།  །

མཁན་ཆེན་སྟོན་ཟླ་སོ་མའི་མདངས་ཀྱིས་ཁ་བའི་རི་བོར་ཉེར་རེག་སྟེ།   །

ཆོས་འདུལ་བསྟན་པའི་འོད་སྣང་དཀར་པོས་ས་འདི་མཛེས་པ་ཁྱེད་ཀྱི་དྲིན།   །


ཐབས་མཁས་རྣམ་དཔྱོད་སྤོབས་པའི་ཞུགས་ཆེན་བསྐལ་བའི་མེ་དཔུང་འགྲན་བཟོད་པས།  །

འཚེ་མེད་ཞི་བའི་ལམ་ལས་འགོང་བའི་གདོད་མའི་ཆོས་ལུགས་ཚང་ཚིང་ནགས།  །

གཅིག་ཆར་བསྲེགས་ཏེ་ཐེག་པ་ལྔ་ཡི་ལམ་མཆོག་བཟང་པོའི་འཇུག་ངོགས་ལས།   །

ཐར་དང་མཐོ་རིས་གླིང་དུ་བགྲོད་པའི་གོ་སྐབས་ཡངས་པོ་ཁྱེད་ཀྱིས་ཕྱེས།    །


ཉིད་མོར་བྱེད་པས་མུན་པ་མཐུག་པོ་བསྐལ་བའི་ཞུགས་ཀྱིས་ཚང་ཚིང་བཞིན།   །

གང་ཁྱོད་གསང་གསུམ་ཡོན་ཏན་ཕྲིན་ལས་རྣམ་པར་དགེ་བའི་རོལ་གར་འབུམ།   །

གཅིག་ཏུ་མ་ངེས་དུ་མར་བརྩེན་པས་བསིལ་ལྡན་ཞིང་གི་རྒུད་པ་རྣམས།  །

དུས་ཀྱི་མཐར་ཡང་མིང་མེད་གཞོམས་པའི་བཀའ་དྲིན་ནམ་མཁའི་ཕ་མཐའ་བརྒལ །   །


ཁ་བའི་མུ་ཁྱུད་དཀར་པོས་ཉེར་བཅིང་བའི།  །

ལྗོངས་འདིར་ཁྱེད་ཀྱིས་དབང་བསྒྱུར་དུས་བཞིན་དུ།   །

རང་དབང་གཙང་མའི་དཔལ་གྱིས་ཉེར་འཚོ་བའི།།

བཀྲ་ཤིས་དུས་བཟང་མྱུར་དུ་འཆར་གྱུར་ཅིག། །


མགོན་པོ་ཁྱོད་ལ་བསྟོད་པའི་བསོད་ནམས་རབ་དཀར་སྤྲིན་གྱི་བླ་བྲེ་ཡིས།  །

མཐའ་བྲལ་མཁའ་དབྱིངས་མཛེས་པའི་རུམ་ནས་ཕུན་ཚོགས་སྡེ་བཞིའི་ཆར་ཆེན་རྒྱུན།  །

འཛད་མེད་རྟག་ཏུ་འཇོ་བའི་བྱིན་གྱིས་ས་གསུམ་ཡངས་པའི་ཁྱོན་ཆེན་པོར།    །

འཕྲལ་ཡུན་བདེ་བའི་སྙེ་མ་སྦོམ་པོ་གཡུར་དུ་ཟ་བའི་བཀྲ་ཤིས་ཤོག།  །


ཕྱི་ལོ་༢༠༡༢ལོའི་ཟླ་༡༡པའི༢༣སྟེ་བོད་རབ་གནས་ཆུ་འབྲུག་ཟླ་༡༠བའི་ཚེས་༡༠ ཉིན་རྒྱ་ནག་ལྷོ་ཕྱོགས་ཀོང་ཀྲུས་གྲོང་ཆེར་དུ་ཆོས་ཀྱི་རྒྱལ་པོ་མཆོག་གི་བཀའ་དྲིན་རྗེས་སུ་དྲན་པའི་བློས་བསྐུལ་ཏེ་རྫོགས་ཆེན་མཁན་སྤྲུལ་མིང་འཛིན་པ་ཨོ་རྒྱན་རིག་འཛིན་དུ་འབོད་པ་དེས་སོར་མོའི་ཟློས་གར་རྩིས་འཕྲུལ་གྱི་གར་སྟེགས་སུ་མངོན་པར་བསྒྱུར་བའོ། །

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།