༄༅། །མིང་གི་རིག་གནས་ལས་རྟའི་མིང་གི་འདོགས་ཚུལ་ལ་དཔྱད་པ།

20331705032018_.pic.jpg

ནང་དོན་གནད་བསྡུས། མི་རིགས་གང་ཞིག་ལ་མཚོན་ན་ཡང་མིང་གི་རིག་གནས་ནི་ཧ་ཅང་གལ་ཆེན་ཞིག་ལ་བརྩི་བ་དང་། མིང་གི་རིག་གནས་ལས་མི་རིགས་དེའི་བསམ་བློའི་འདུ་ཤེས་དང་འཚོ་བའི་སྣང་བརྙན་སོགས་མངོན་ཡོང་། མིང་འདོགས་དུས་བྱ་དངོས་གཅིག་ལ་འདོགས་ལུགས་མང་པོ་ཡོད་པར་མ་ཟད། དེ་དག་མདོར་དྲིལ་ན་འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་འདོགས་ལུགས་ཡིན། དུས་སྟབས་ཀྱིས་འབྲོག་པ་ཚོས་བློ་གྲོས་ཀྱི་པད་མོ་རབ་ཏུ་རྒྱས་ནས་འདོད་རྒྱལ་དང་རྗེས་གྲུབ་ཀྱི་མིང་འདོགས་ལུགས་ཀྱི་ཁྱད་ཆོས་རེ་རེར་གཞིར་བཟུང་ནས་བྱ་དངོས་དག་ལ་མིང་སྙན་མོ་རེ་འདོགས་ཀྱིན་ཡོད། འདོ་རིག་རྟ་ལ་མཚོན་ན་ཡང་། འབྲོག་པ་ཚོས་ངག་གི་མཚོ་མོ་ལས་མིང་འདོགས་ལུགས་ཧ་ཅང་མང་པོ་བརྗོད་ཡོད། དཔྱད་རྩོམ་འདིའི་ནང་དུ་གཙོ་བོ་ཕ་ཡུལ་རྐང་ཚའི་རྟའི་མིང་གི་འདོགས་ལུགས་མི་འདྲ་བའི་སྒོ་ནས་སོ་སོར་ཞིབ་བརྗོད་བྱས་ཡོད།

ས་བཅད་དང་པོའི་ནང་དུ་རྟ་ཡི་བྱུང་བ་སྤྱི་བཤད་བྱས་པ་ལས་བོད་གངས་ཅན་ཀྱི་ཡིག་ཚགས་སོགས་སུ་རྟ་ཡི་བྱུང་བ་བྲིས་ཡོད་པ་འགའ་རེ་དྲངས་ནས་རྟ་ཡིས་བོད་མི་རིགས་ཀྱི་རིག་གནས་ལས་གོ་གནས་ག་འདྲ་ཞིག་ཟིན་ཡོད་པ་གསལ་བཤད་བྱས་ཡོད་པ་དང་། རྟ་ལ་མིང་གི་རྣམ་གྲངས་གང་དག་སྦྱར་ཡོད་པ། ཁོར་ཡུག་ག་འདྲ་ཞིག་གི་འོག་ཏུ་རྟ་དང་མི་ཡི་བརྩེ་བ་ཇེ་ཟབ་ནས་ཇེ་ཟབ་ཏུ་སོང་བ་དང་། དེ་དང་འབྲེལ་ནས་ཐོན་སྐྱེལ་ཀྱི་འབྲེལ་བ་སོགས་བྲིས་ཡོད།  

ས་བཅད་གཉིས་པའི་ནང་དུ་རྟའི་མིང་གི་འདོགས་ལུགས་བྱེ་བྲག་ཏུ་ལོ་གྲངས་ལྟར་འདོགས་ལུགས་དང་སྤུ་མདོག་ལྟར་འདོགས་ལུགས། ཕོ་མོའི་དབྱེ་བ་ལྟར་འདོགས་ལུགས། བདག་པོའི་དགའ་མོས་ལྟར་འདོགས་ལུགས། ཡུལ་དང་ལས་བགོས་ལྟར་འདོགས་ལུགས། ཁྱད་ཆོས་ཀྱི་ཆ་ནས་འདོགས་ལུགས། རིན་ཆེན་གསེར་དངུལ་དང་རྒྱན་ཆ་སོགས་ཀྱི་ཁྱད་ཆོས་ལྟར་འདོགས་ལུགས་སོགས་རིམ་པ་བཞིན་བརྗོད་ཡོད།

བརྡ་ཆད་གཙོ་བོ།   མིང་གི་རིག་གནས།   རྟ།     མིང་འདོགས་ཚུལ།

གླེང་གཞི།

སྒང་བ་བོད་ཀྱི་རིག་གནས་ཀྱི་བང་མཛོད་ནང་དུ་མི་རིགས་ལ་བཀའ་དྲིན་ཤིན་དུ་ཆེ་བའི་འདོ་བ་རྟ་ནི་མིའི་རྣམ་ཤེས་རྟོགས་པའི་སྲོག་ཆགས་ཤིག་ཡིན་ལ། དྲིན་ལན་ལོག་མཇལ་མི་བྱེད་པ་དང་། བདག་པོ་ལ་སྙིང་ཉེ་བློ་དཀར་གྱི་ཅང་ཤེས་ཤིག་ཡིན། དེ་བས་བོད་མི་རྣམས་རྟ་ལ་ཧ་ཅང་དགའ་སྟེ། འདོ་བ་རྟ་ཡིས་བོད་མི་རིགས་ཀྱི་རིག་གནས་ནང་དུ་གོ་གནས་གལ་ཆེན་ཟིན་ཡོད།

སྤྱིར་རྟ་ཡི་རིག་གནས་ལ་མཚོན་ལ། དེང་སྐབས་མང་ཚོགས་ཁ་ཤས་ཀྱི་དེ་ནི་མགོ་སྟོང་གི་བྱ་བ་ཅིག་ལ་བརྩི་བ་དང་། ཆུང་བྱིས་པ་ལ་སློབ་གསོ་གཏོང་དུས་སུ་ནར་སོན་དུས་རྟ་ཚོང་མ་རྒྱག རྟ་ལ་འབྲེལ་འདྲིས་མང་པོ་མ་བྱེད་ཟེར་པའི་འབྲོག་པ་འགའ་རེ་ཡོད་ན་ཡང་། གལ་སྲིད་ཁོ་ཚོས་ངག་བཞིན་དངོས་གནས་དེ་ལ་དོ་སྣང་མ་བྱས་ཚེ་མ་འོངས་པའི་བོད་མི་རིགས་ཀྱི་རིག་གནས་ཀྱི་བང་མཛོད་ནང་དུ་མེ་ཏོག་ཅིག་ཡལ་སོང་བ་དང་ཆ་མཉམ་རེད། དེ་བས་རྟའི་རིག་གནས་དར་སྤེལ་དང་རྒྱུད་འཛིན་བྱེད་དགོས་ན་ཐོག་མར་རྟའི་མིང་འདོགས་ལུགས་སོ་སོ་ངོས་འཛིན་ཤེས་དགོས་པ་ནི་སྨྲོས་མ་དགོས་པའོ།།

20351705032022_.pic.jpg

དེ་ཡང་ཕྲན་གྱི་དཔྱད་རྩོམ་འདི་འབྲི་དུས་སུ་རྟའི་བྱུང་འཕེལ་གྱི་སྐོར་ལ་དཔེར་ན་རྟ་གནམ་རིམ་པ་དགུའི་སྟེང་དུ་བྱུང་བ་དང་། ཕ་རྟ་རྒོད་དང་མ་སྤྲེལ་མ། བཀའ་ཆེམས་ཀ་ཁོལ་མ་ལས་རྐྱང་ཕོ་མོ་རྟ་རུ་བཏུལ་བ་སོགས་བཞེད་པ་མི་མཐུན་པ་མང་པོ་བྱུང་ཡང་། ངས་རྟའི་བྱུང་བ་གནམ་རིམ་པ་དགུའི་སྟེང་དུ་བྱུང་བ་གཞི་བཅོལ་ནས་སྒྲུབ་ཡོད། དེ་ནས་རྟའི་མིང་གི་རྣམ་གྲངས་ནམ་མཁའི་སྐར་ཚོགས་བཞིན་མང་བས་རེ་རེ་བཞིན་བློས་དཔོག་དཀའ་ན་ཡང་། འདིར་ནང་གསེས་སུ་རྒྱུན་སྤྱོད་གྱི་ཐ་སྙད་འགའ་བཀོད་ནས་འབྲེལ་བ་བྱས། སྤྱིར་རྟའི་མིང་གི་འདོགས་ལུགས་བྱེ་བྲག་ཏུ་ལོ་གྲངས་ལྟར་འདོགས་ལུགས་དང་། སྤུ་མདོག་ལྟར་འདོགས་ལུགས། དབྱེ་བ་ལྟར་འདོགས་ལུགས་སོགས་མང་དུ་སྣང་ཡང་། འདིར་རི་གསུམ་གྱི་རྩེ་དང་ཕུན་སུམ་ཚོགས་པའི་ཡན་ལག་ལ་བསམ་ནས་བདག་པོའི་དགའ་མོས་ལྟར་འདོགས་ལུགས་དང་། ཡུལ་དང་ལས་བགོས་ཀྱི་ཆ་ནས་འདོགས་ལུགས། ཁྱད་ཆོས་ལྟར་འདོགས་ལུགས་བཅས་བཀོད་ནས་བྲིས་ཡོད།

བོད་མི་རིགས་གཙོར་བྱས་ནུབ་བརྒྱུད་འབྲོག་པ་མང་ཚོགས་ཀྱི་སྙན་ངག་ལོ་རྒྱུས་ཁག་ཏུ་རྟ་དང་འབྲེལ་བའི་སྙན་པའི་མིང་འདོགས་ཚུལ་ཧ་ཅང་མང་ལ། དཔེར་ན་རང་རྒྱལ་དུ་སྐད་གྲགས་ཤིན་ཏུ་ཆེ་བའི་དཔའ་བོའི་ལོ་རྒྱུས་མཚོན་པའི་སྙན་ངག་ཆེན་པོ་གསུམ་ལས་བོད་གངས་ཅན་གྱི་ལོ་རྒྱུས་སྙན་ངག «གླིང་གེ་སར་རྒྱལ་བོའི་སྒྲུང»དང་སོག་པོའི་ལོ་རྒྱུས་སྙན་ངག«ཅང་གུར»། ཁོར་ཁེ་ཙི་རིགས་ཀྱི་ལོ་རྒྱུས་སྙན་ངག«མཱ་ན་སི»བཅས་ལ་གཟིགས་དང་། ཐོག་མཐའ་བར་གསུམ་དུ་སྙན་པའི་མིང་བཏགས་པ་ཧ་ཅང་མང་། གཞན་རྒྱའི་ཡིག་ཚང་ལྟར་ན་རྒྱའི«སྙན་གཞུང»དར་བ་ནས་བཟུང་། རྒྱ་མི་རིགས་ལ་ཡང་རྟ་ལ་བསྟོད་བསྔགས་བྱེད་པའི་སྙན་རྩོམ་བྱུང་བར་བཤད་ཅིང་། ལྷག་པར་དུ་ཐང་རྒྱལ་རྒྱལ་རབས་ཀྱི་སྐབས་སུ་ཆར་རྗེས་ཀྱི་ཤ་མོ་བརྡོལ་བའི་ངང་ཚུལ་ནི།  དཔེར་ན་རྒྱའི་སྙན་ངག་པ་ལི་ཧིའུ་དང་། ཏུའུ་ཧྥུའུ། སུའུ་ཧྲའེ་སོགས་མང་པོ་བྱུང་ཞིང་། རྟའི་སྣང་བརྙན་ཡང་ཁྱད་ཆོས་འབུར་དུ་ཐོན་པར་བྲིས་ཡོད། གཞན་ཞིའུ་མའེ་ཡི«དབུས་ལྷ་རྟ་[གེ་སར]ཁྲོད་ཀྱི་རྟའི་སྣང་བརྙན་ལ་དཔྱད་པ»ཞེས་པར་“རྟ་ཡི་སྣང་བརྙན་མེད་པར་བྱས་ན། ནུབ་བརྒྱུད་འབྲོག་པ་མང་ཚོགས་ཀྱི་སྙན་ངག་ལོ་རྒྱུས་དང་སྙན་ངག་གི་དྲོ་བ་ཉམས་པར་གྱུར་ངེས་ཡིན་ལ། ཁོར་ཁེ་ཙི་རིགས་ཀྱི་ལོ་རྒྱུས་སྙན་ངག་«མཱ་ན་སི»དང་། ཧ་སག་རིགས་ཀྱི་དཔའ་བོའི་ལོ་རྒྱུས་སྙན་ངག«ཁུའུ་པུའུ་ལན་ཏི» «ཨར་ཕ་སྨི་ཧྲི» «ཐང་པར»། ཨར་ཐའེ་ཡི་ལོ་རྒྱུས་སྙན་རྩོམ«དབྱངས་ཀེར»བཅས་དང་། ལྷག་པར་དུ་སོག་རིགས་ཀྱི«ཅང་གུར»དང་བོད་ཀྱི«གེ་སེར»ཞེས་པའི་ལོ་རྒྱུས་སྙན་རྩོམ་ནང་དུ་རྟ་མཆོག་གི་ཆེས་མཛེས་སྡུག་ལྡན་པའི་སྣང་བརྙན་རྙེད་ཐུབ་"ཅེས་གསུངས་ཡོད།

20361705032072_.pic.jpg

ས་བཅད་དང་པོ།   རྟ་ཡི་བྱུང་བ་སྤྱི་བཤད། 

དང་པོ།   ཡིག་ཚགས་སུ་བཀོད་པའི་རྟའི་སྐོར། 

གནའ་བོའི་བོད་ཀྱི་ངག་ཐོག་ནས་མར་རྒྱུན་འཛིན་བྱས་ཡོང་བའི་ལྷ་སྒྲུང་ཞིག་སྟེ། ཡང་ཏུན་ཧོང་བྲག་ཕུག་གི་བྱེ་རྡོའི་འོག་ཏུ་སྤས་ཤིང་། ལོ་དང་ཟླ་བ་མང་པོ་ཞིག་བརྒྱུད་རྗེས་ང་ཚོའི་བོད་ཡུལ་ལ་རིག་གནས་ཀྱི་ལེགས་སྐྱེས་ཆེན་པོ་ཞིག་གནང་བ་སྟེ་ཏུན་ཧོང་ཡིག་རྙིང་ནང་བཀོད་པ་ལྟར་ན། གནའ་བོའི་དུས་སུ་གནམ་རིམ་པ་དགུའི་སྟེང་དུ་རྟའི་ཕ་ཁར་རྟའི་ཡལ་བ་དང་མ་གསང་རྟའི་ཕྱོད་མ་གཉིས་འདུས་པ་ལས་རྟེའུ་གཅིག་སྐྱེས་པ་ལ་རྟེའུ་ཟ་ལུང་བྲང་གི་བྱེ་མ་རོན་བལྟམས་པར་བཤད། རྟ་ནི་གནམ་ན་བཞུགས། རྨང་ནི་དགུང་ན་བཞུགས། ཁོ་བོ་གནམ་གྱི་ཐོག་རྩྭ་ཆུ་མི་འདང་བས་མི་ཡུལ་དུ་བྱོན། དེ་ནས་རྟེའུ་དགུང་ནས་བབས་ཏེ་ལྷ་ཡུལ་གོང་ཐང་དུ་ལྷ་བཟའ་ཀོང་བཙུན་དེ་མོའི་སྒོ་ཕྱུགས་སུ་བབས། རྟེའུ་རྒོད་དྲགས་པས་ལྷ་བཟའ་གོང་བཙུན་དེ་མོའི་བཀའ་བཀྱོན་ཕབ་ཅིང་ལྷས་ར་ལས་ཕྱུང་སྟེ་ཕྱི་རུ་བསྐྲད། ཕྱིས་སུ་རྟེའུ་དེ་སྐྱིད་རུང་ལ་བཏང་། ཡུལ་དེའི་རྟའི་རྒྱལ་པོ་དང་འདུས་ནས་རྟེའུ་སྤུན་གསུམ་བྱུང་། ཡུལ་དེར་ཁ་ལ་ཚིམ་པའི་རྩྭ་དང་། མགྲིན་ལ་ཚིམ་པའི་ཆུ་མེད་པས། ཕུ་བོ་ཡིད་ཀྱི་གདང་པྱམ་དང་ནི་ཡུལ་བྱང་ཀ་སྣམ་བརྒྱད་དུ་སོང་། ནུ་བོ་འབྲིང་བ་རྐྱང་རོན་རྔོག་བཀྲ་ནི་ཡུལ་པྱི་འབྲོག་བརྒྱད་གོང་དུ་སོང་། ནུ་བོ་ཐ་ཆུང་ཁུག་རོན་རྨང་དར་ནི་ཡུལ་འབྲོག་པྱི་གཏང་སུམ་ལ་སོང་། ནམ་ཞིག་གི་ཚེ་ཡུལ་བྱང་ཀ་སྣམ་བརྒྱད་དུ་རྟའི་ཕུ་བོ་ཡིད་ཀྱི་གདང་པྱམ་དང་འབྲོང་གཡག་སྐར་བ་གཉིས་ཕྲད། རྟའི་ཕུ་བོ་ཡིད་ཀྱི་གདང་པྱམ་གྱིས་རྟ་སྔ་ན་རྩྭ་ཟའོ། གཡག་འཕྱི་ན་ཆུ་འཐུང་ངོ་། གཡག་སྔ་ན་རྩྭ་ཟོ་ཤིག རྟ་འཕྱི་ན་ཆུ་ཐུངས་ཤིག་ཅེས་འཆམ་མཐུན་གྱི་སྐད་ཆ་སྨྲས་ན་ཡང་། འབྲོང་གཡག་སྐར་བ་མ་འཐད་པར་རྟའི་ཕུ་བོ་ཡིད་ཀྱི་གདང་པྱམ་རྭ་རྩེར་དྲངས་ནས་བཀྲོངས་སོ།། ཡུན་རིང་འགོར་རྗེས་སྤུན་རྐྱང་རོན་རྔོག་བཀྲ་དང་སྤུན་ཁུག་རོན་རྨང་དར་གཉིས་ཀྱིས་ཡུན་རིང་བོར་ཕུ་བོའི་གསུང་སྐད་མ་ཐོས་ཤིང་། རྗེས་སུ་སྤུན་ཆུང་འབྲིང་གཉིས་ཀྱི་གནས་ཚུལ་ཐོས་ནས་དགྲ་ཤ་ལེན་པར་གྲོས་བྱས་ཚེ་གྲོས་ཁ་མ་འཆམ་པར་སྤུན་འབྲིང་བ་འབྲོག་ཕྱི་ལྡང་སུམ་དུ་སོང་། སྤུན་ཆུང་བ་ཡུལ་སྐྱི་མཐིང་ལ་སོང་ནས་མྱི་རྨ་བུ་ལྡམ་ཤད་རོགས་སུ་བཀུག་ནས་གཅེན་པོའི་ཤ་འཁོན་བླངས། དེ་ནས་བཟུང་རྟའི་སྤུན་ཆུང་བས་མིའི་བཀའ་དྲིན་གསོ་བྱེད། འགྲོ་བ་མིའི་བློས་མཐུན་གྱི་གྲོགས་པོར་གྱུར་བ་དང་། གཅེན་འབྲིང་བ་ནི་ས་ཕྱོགས་གང་སར་འཁྱམ་འཁྱམ་སྟེ་མཐའ་མར་རྐྱང་དུ་འགྱུར་སྐད། གོང་དུ་བཤད་པའི་ལྷ་སྒྲུང་ཐུང་ངུ་འདིའི་ནང་དུ་མདོ་དབུས་མཐོ་སྒང་ནས་འཚོ་སྡོད་བྱེད་པའི་འབྲོག་པ་རྣམས་ཀྱི་སྐབས་དེའི་ཐོན་སྐྱེད་རྣམ་པ་དང་འཚོ་བའི་སྣང་ཚུལ་གཞིར་བྱས་གནའ་བོའི་བོད་ཀྱི་རྩྭ་ཆུ་རྩོད་གླེང་དང་ཆོས་ལུགས་དད་མོས། དམངས་སྲོལ་སོགས་ཚིག་རྐང་རེ་རེའི་གས་སྲུབས་ནས་ཕྱི་རོལ་པ་རྣམས་ལ་བརྒྱུད་སྤྲོད་བྱེད་ཀྱིན་ཡོད་པར་མ་ཟད་བོད་ཀྱི་ཤ་ཞེན་རུས་དུང་གི་བསམ་སྤྱོད་དང་མི་དང་སྲོག་ཆགས་བར་གྱི་བརྩེ་སེམས་སོགས་གསོན་ཉམས་ལྡན་པའི་ངང་ནས་མཚོན་པར་རྒྱབ་ཆོས་སུ་བཀོད་དེ། མ་འོངས་པར་ང་ཚོ་འབྲོག་པ་མང་ཚོགས་གཙོར་བྱས་པའི་མི་རྣམས་རྩོད་གླེང་མི་བྱེད་པར། བདེ་འཇགས་དང་འཆམ་མཐུན་གྱི་སྤྱི་ཚོགས་ཤིག་ལ་རེ་བའི་མིག་ཟུང་གཏད་ཡོད།  

བོད་ཀྱི་གཏམ་དཔེ་ལ་མི་རྟ་ཁྱིམ་གསུམ་རྣམ་ཤེས་གཅིག་ཟེར་བ་ཡང་ཁུངས་ལུང་མེད་པའི་སྐད་ཆ་ཞིག་མིན་པ་ལྷ་སྒྲུང་དང་དངོས་བྱུང་གི་ལོ་རྒྱུས་གང་ལས་ཀྱང་ར་སྤྲོད་བྱེད་ཐུབ། «བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང»ལས། “གྲི་གུམ་བཙན་པོ་འདི་ལ་སྲས་བྱ་ཁྲི། ཤ་ཁྲི། ཉ་ཁྲི་གསུམ་བྱུང་མོད། རྒྱལ་ཕྲན་བློན་ལོ་ངམ་རྟ་རྫི་ཞེས་བྱ་བས་འབངས་གྱེན་ལོག་བྱས་ཏེ་རྒྱལ་བོ་གྲི་གུམ་བསད། སྲས་རྣམས་ཀོང་པོའི་ཕྱོགས་སུ་བྲོས། སྲས་མོ་གཅིག་ཡོད་པ་ཁོའི་ཆུང་མ་བྱས། ཡུག་གཅིག་ལོ་ངམ་གྱིས་རྒྱལ་སྲིད་བཟུང་། གྲི་གུམ་གྱི་བཙུན་མོ་ལྕམ་སྲིང་བཞིའི་མ་དེ་ལ་རྟ་རྫི་བྱེད་དུ་བཅུག”ཅེས་དང་། «བཀའ་ཆེམས་ཀ་ཁོལ་མ»ལས་“རྒྱལ་བོ་གྲི་གུམ་བཙན་པོས་སྲས་གསུམ་སྤྱུགས་ནས་ཁམས་ཀྱི་རྒྱལ་བོའི་སྲས་མོ་བག་མར་བསུས་ཏེ། ཕུ་བོ་གསུམ་གྱི་ཨ་མས་རྒྱལ་བོའི་རྟ་རྫི་བྱེད་ཀྱིན་ཡོད།” ཅེས་དང་། «ཆོས་འབྱུང་མཁས་པའི་དགའ་སྟོན»ལས་“ལོ་ངམ་གྱིས་ནི་ལྷ་གཅིག་ཆུང་མར་བཟུང་། ལྕམ་སྲིང་བཞི་ཡི་ཡུམ་ལ་རྟ་རྫི་བཅོལ། རྟ་འཚེར་ཕྱིན་ཏེ་གཉིད་ལོག་རྨི་ལམ་དུ་། མི་དཀར་མཛེས་པ་ཞིག་དང་བཤོས་པ་རྨིས། སད་ཚེ་གཡག་དཀར་ཞིག་ནི་སོང་བ་མཐོང་།” ཟེར་བ་ལས་གཏམ་རྒྱུད་ཀྱི་བྱུང་རིམ་ལ་འགྱུར་བ་ཆ་ཤས་ཡོད་ན་ཡང་། སྟོད་ཀྱི་སྟེང་གཉིས་ལས་རྒྱལ་བོ་གྲི་གུམ་བཙན་པོས་སྐབས་བོད་ན་སྒོ་ཕྱུགས་འཚོ་སྐྱོང་བྱེད་པར་ཤེས་པ་དང་། ལྷག་པར་དུ་རྟ་མང་བ་དང་རྟ་དེ་དག་འཚོ་སྐྱོང་བྱེད་པའི་མི་དགོས་པ། སྤྱི་མཐུན་གྱི་བཞེད་ལུགས་ལྟར་ན་དེ་དུས་རྟ་འཚོ་སྐྱོང་བྱེད་མཁན་ནི་རྒྱལ་བོ་གྲི་གུམ་བཙན་པོའི་བཙུན་མོ་ཡིན་པ་ཐེ་ཚོམ་མེད་པར་སྣང་། གོང་གི་ཡིག་ཚགས་འདི་དག་ལ་ཅུང་དཔྱད་ན་རྟ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཐོག་བྱུང་སྔ་བའི་སྲོག་ཆགས་ཤིག་ཡིན་པ་དང་། རྟ་ལ་གཙིགས་མཐོང་ཆེ་བ་དང་ཁ་གྲངས་མང་བ། བཀོལ་སྤྱོད་ཀྱི་རིན་ཐང་ཆེ་བ་སོགས་ཀྱི་སྡོམ་ཚིག་ཅིག་ལོན་ཐུབ། དེའི་རྒྱུ་རྐྱེན་གཙོ་བོ་ནི་སྐབས་དེའི་འགྲིམ་འགྲུལ་དང་དམག་འཁྲུག་སོགས་ཀྱི་ཡོ་བྱད་གཙོ་ཤོས་ཡིན་པས་ཆ་ནས་ཡང་བརྗོད་ཡོད། གཞན«ལྷོ་ཁའི་ཆོས་འབྱུང་སྐྱེས་མའི་ནུ་རིན»ལས། “བློན་པོ་སྟག་བཙན་གདོང་གཟིགས་ཞེས་བྱ་བ་སྟེ། འབངས་ཁྱིམ་རེ་ལ་རྟ། མཛོ། བ་ལང་རེ་ཆ་སྙོམས་བགོས་ཏེ་དབྱར་གྱི་རྩ་འཐུས་ནས་སྐམ་རྗེས་དགུན་དུས་སུ་རྟ་ནོར་གཟན་གྱི་ཡོད་པ”གསལ་བོར་བསྟན་ཡོད། ད་དུང་«རྟ་དཔྱད་མཐོང་བ་ཀུན་གསལ་དངུལ་དཀར་མེ་ལོང»ལས། “མེས་ཆེན་ཐོ་རི་གཉན་བཙན་དུས།། དམ་པའི་ཆོས་ཀྱི་དབུ་བརྙེས་ཤིང་།། རྟ་ནོར་ལོངས་སྤྱོད་མངའ་ཐང་དར།། ཆོས་རྒྱལ་སྲོང་བཙན་སྒམ་པོ་ཉིད།། དུས་གསུམ་མ་འདྲེས་སོ་སོར་མཁྱེན།། སྤྲུལ་པས་ཁམས་གསུམ་དབང་དུ་བསྡུས།། རྒྱལ་བོའི་བོད་ཁམས་ཆབ་འོག་བཅུག། རྟ་ནོར་མཁོ་རྒུ་སྨོས་ཅི་དགོས།” ཞེས་པ་ལས་རྒྱལ་པོ་གྲི་གུམ་བཙན་པོ་ནས་ལྷ་ཐོ་ཐོ་རི་གཉན་བཙན་སྐབས་རྒྱལ་རབས་ཉི་ཤུ་ལྷག་གི་རིང་ལ་བོད་དུ་སྒོ་ཕྱུགས་ཀྱི་འཚོ་སྐྱོང་བར་མ་ཆད་པར་རྒྱུན་འཁྱོངས་བྱས་ནས་ཡོང་བ་རྟོགས་པ་དང་རྟ་ནོར་སོགས་ཀྱི་ལོངས་སྤྱོད་མངའ་ཐང་དར་བ་ཡང་མཚོན་ཐུབ། དེ་ནས་རྒྱལ་པོ་སྲོང་བཙན་སྒམ་པོའི་དུས་ཐོག་ཏུ་བོད་ཁམས་གཅིག་གྱུར་མཛད་པ་དང་། འགྲོ་འོང་དང་དམག་འཁྲུག་གི་དགོས་མཁོ་ཡིས་རྟ་མང་པོ་བོད་ཡུལ་སྟོད་སྨད་བར་གསུམ་གང་དུ་ཡང་ཁྱབ་ཡོད་པ་སྔར་གྱི་ཡིག་ཚགས་སོགས་སུ་གསལ་ལོ།།

IMG_1823.jpeg

གཉིས་པ།   རྟ་ཡི་མིང་གི་རྣམ་གྲངས།

དུས་རྒྱན་གྱི་འཚོ་བའི་ཁྲོད་ནས་མི་རྣམས་རྟ་ལ་དམིགས་བསལ་གྱི་བརྩེ་སེམས་ཤིག་ཡོད། གལ་ཏེ་རྟ་ལ་རྨས་སྐྱོན་ཕོག་པའམ་གོད་ཆག་སོགས་སུ་སོང་ཚེ་བདག་པོ་ཡང་ཤ་ཟད་རུས་སྐམ་གྱི་སྣང་ཚུལ་བྱུང་དང་འབྱུང་བཞིན་ཡོད་པ་དང་། གལ་ཏེ་བདག་པོར་དོན་དག་ག་གེ་མོ་རེ་བྱུང་ན་རྟ་ལ་ཡང་དེ་འབྲེལ་གྱི་སྡུག་བསྔལ་བའི་གནས་ཚུལ་མང་པོ་ཡོད་སྲིད། དེ་བས་མི་མང་པོ་རྟ་ལ་དགའ་སྟེ། དེ་ནི་མིའི་སེམས་རྟོགས་མཁན་གྱི་ཅང་ཤེས་ཤིག་གོ «རྟ་དཔྱད་མཐོང་བ་ཀུན་གསལ་དངུལ་དཀར་མེ་ལོང»ལས། “ཚངས་པ་ལྷ་ཡི་མེ་ཏོག་གིས།། རྒྱ་མཚོའི་པན་ཆེན་སྤྱན་དྲངས་ནས།། འོད་ཕྲུག་ལོ་པན་རྒྱ་ཚ་སློབ།། ཆོས་སྨན་རིག་གནས་ཐམས་ཅད་བསྒྱུར།། ཕྱོགས་རིས་མཁས་པ་མི་དགུ་བསྡུས།། བོད་སྨན་མཁས་དགུ་བླ་སྨན་བསྐོས།། དེ་བཞིན་ཕྱོགས་རེར་ཡུལ་ལྔ་ནས།། རྟ་མཁན་མཁས་པ་མི་དགུ་བསྡུས།། དགུ་པོ་འདོད་ལུགས་སོ་སོར་བྱུང་།། དགྱེ་བོ་འཇག་རྟ་རུ་རྔུ་གཉིས།། སྒུར་པོ་གྱམ་ཤིང་མུ་ཆེན་གསུམ།། དྲང་པོ་འདོ་བ་གྱི་ལིང་གཉིས།།”ཞེས་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་དུས་ནས་འདོ་བ་རྟ་ལ་དབྱེ་བ་ཆེན་པོ་དྲུག་ཡོད་དེ། འཇག་རྟ་དང་རུ་རྔུ། གྱམ་ཤིང་། རྩ་ཆེན། འདོ་བ། གྱི་ལིང་སོགས་ཡོད་པར་བཤད་ཅིང་། རིམ་བཞིན་མི་རྣམས་ཀྱིས་ཀྱང་རྟ་ལ་མིང་གི་རྣམ་གྲངས་བརྗོད་ཀྱིས་མི་ལང་བ་བགར་ཡོད། ལྷག་པར་རྟ་མཆོག་ཡིད་བཞིན་ནོར་བུ་དང་རྟ་འདོ་བ་བསམ་པའི་དོན་འགྲུབ་སོགས་ཧ་ཅང་མང་། གཤམ་དུ་རྟའི་མིང་གི་རྣམ་གྲངས་མི་འདྲ་བ་རེ་རེ་ཅུང་ཙམ་བརྗོད་ན། རྟ་མཆོག་ཡིད་བཞིན་ནོར་བུ་ཟེར་བའི་རྟ་མཆོག་ཞེས་པ་རྟ་ཐམས་ཅད་ཀྱི་ནང་ནས་འགྲན་ཟླ་བྲལ་བའི་རྟའི་རིགས་ལ་རྟ་མཆོག་ཏུ་གྱུར་པ་དང་། དེ་ཡིད་ལ་བསམ་པ་ལྟར་འགྲུབ་པའི་ཆ་ནས་མིང་འདི་ལྟར་བྱུང་། རྟ་འདོ་བ་བསམ་པའི་དོན་འགྲུབ་ཅེས་པ་རྟ་འདོ་བ་ཁ་ཅིག་གིས་རྟ་འདོ་བ་ནི་མདོ་ལ་རིང་མོའི་གནས་ཀྱི་ཁྱད་ནོར་རྟ་ཡིན་པས་ཆ་ནས་བརྗོད་པ་དང་། ཡང་ཁ་ཅིག་གིས་འདོ་བ་ཞེས་པ་ནི་ཡིད་ཚིམས་ནས་དགའ་བ་དང་རྒྱལ་བའི་རྣམ་པ་ཞིག་ལ་གོ་བར་སེམས། ཅིའི་ཕྱིར་ཅེ་ན། གནའ་དུས་རྟ་ལ་རིན་ཐང་གཞལ་དུ་མེད་པ་དང་། འགྲིམ་འགྲུལ་སྟབས་བདེ་མིན་པའི་སྐབས་སུ་རྟ་ཞིག་དང་ཕྲད་ན་རབ་ཏུ་དགའ་བའི་རྣམ་པ་དང་ཁ་གཡང་རྟེན་འབྲེལ་གྱི་མཚོན་བྱེད་དུ་རྟ་འདོ་བ་ཞེས་བརྗོད། གོང་གི་མིང་འདི་གཉིས་ནི་བརྩེ་སེམས་ཀྱི་ཆ་ནས་རྒྱུན་འབྱམས་སུ་སོང་བའི་མིང་གི་རྣམ་གྲངས་ཤིག་ཏུ་འདོད། གཞན་ཡང་འདོ་རིག་ཞེས་བརྗོད་པ་ཡང་རྟའི་རྣམ་རིག་གསལ་ཞིང་སྤྱང་གྲུང་འཛོམས་པ། ཚོར་བ་རྣོ་བ་སོགས་ཀྱི་ཆ་ནས་བཏགས་པར་བསམ། རྟའི་ཚོར་བ་རྣོ་བའི་ཆ་ནས་གོང་ལྟར་བཤད་པའི་རྟ་ནི་མི་སེམས་རྟོགས་མཁན་གྱི་ཅང་ཤེས་ཤིག་ལས།གཞན་ཕན་ཚུན་བར་གྱི་སེམས་ཀྱང་རྟོགས་མཁན་གྱི་ཅང་ཤེས་ཤིག་ཡིན་པར་འདོད། འགའ་ཞིག་གིས་ད་ལྟའི་མཚོ་སྔོན་པོའི་འདབ་རོལ་གྱི་རྟ་དཀར་དགོན་པ་ནི་སྔོན་ཆད་བྲག་སྣ་ཞིག་ལས་ཅི་ཡང་མེད་པའི་ས་སྟོང་ཞིག་ཡིན་ཟེར། ས་དེའི་རྒད་པོ་ཞིག་ལ་རྒོད་མ་ཞིག་ཡོད་པ་དང་། རྒོད་མ་དེ་རྟེའུ་ཞིག་རྩེབས་མ་ཐག་རྟེའུ་དེ་གཞན་ལ་བཙོང་ཟིན། ཕྱིས་སུ་རྒད་པོ་དེའི་ས་གཞན་ཞིག་ནས་གསེབ་ར་ར་ཞིག་ཉོས་ཡོང་སྟེ་རྟ་རྒྱུད་སྤེལ་འཆར་བྱས་པས། གསེབ་དེ་སྔོན་ཆད་རྒོད་མ་དེའི་རྟེའུ་ཡིན་པ་དང་། རྗེས་སུ་གཞན་ལ་བསྐོར་བའི་རྟ་དེ་ཡིན་པ་ངེས་ཤེས་སྐྱེས། སྐབས་དེར་རྟ་དཀར་པོ་དེ་ཞེན་ལོག་དང་ན་ཟུག་བླ་ལྷག་ལངས་ནས་བྲག་སྣ་དེ་གར་འཆི་གྲིར་ཚུད། རྗེས་སུ་མི་རྣམས་ཀྱིས་རྟ་དཀར་པོ་དེར་རྗེས་དྲན་བྱེད་ཆེད་གནས་དེ་རུ་དགོན་པ་བཞེངས་པ་དང་། དགོན་པའི་མིང་ལ་རྟ་དཀར་དགོན་པ་གསོལ་བ་སོགས་ལས་རྟ་ནི་སྲོག་ཆག་གཞན་ལས་དམིགས་གསལ་ཞིག་ཡིན་པར་མཐོང་། གཞན«རྒྱ་བོད་ཚིག་མཛོད་ཆེན་མོ»ལས། “རྟ་གྱི་ལིང་མགོ་འཕང་ཤིན་ཏུ་མཐོ། ལག་མཚོན་ཆའི་རྣོ་དབལ་རབ་ཏུ་ཆེ།” ཞེས་པའི་གྱི་ལིང་ཐོགས་ཚུལ་ནི་སྤྱིར་རྟེའུ་ཕྲུག་ལུས་ལ་འཁོར་བ་དེ་ལ་རྟེའུ་མ་ཞེས་འབོད། གྱི་ལིང་རྟ་ནི་མའི་མངལ་ནས་ལོ་འགའ་བསྡད་ནས་སྐྱེ་ཟེར། རྟེའུ་ཕྲུག་སྐྱེས་ན་རྟེའུ་གཞན་དང་མི་འདྲ་བར་རྣམ་རིག་གསལ་ཞིང་མགོ་རྣ་མཛེས་པ། རྒྱུག་དང་བང་རྩལ་མྱུར་བ། ད་དུང་དབྱར་དགུན་མེད་པར་ཤ་ཤེད་རྒྱས་པ་སོགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཟེར། ད་དུང་ཨ་མདོའི་ཡུལ་སྐད་དུ་རྟ་ལ་ལ་ལོ་ཞེས་ཁྱབ་བརྡལ་དུ་སོང་བའི་མིང་གི་འབོད་སྟངས་ཤིག་ཡོད་ལ། དེ་གཙོ་བོར་སྔོན་ཆད་རྟ་ནི་འགྲིམ་འགྲུལ་གྱི་གཙོ་བོ་ཡིན་ཕྱིར། «མདོ་སྨད་ཙོང་ཁའི་ཡུལ་གྱི་འབྲོག་རུ་སྡེ་ཆེན་མོ་ཐགས་པ་སྡེ་བའི་ལོ་རྒྱུས་ཐེམ་ཆེན་འཛིན་མའི་གསེར་བུམ་ཞེས་བྱ་བ་བཞུགས་སོ།» ཞེས་པ་ལས།“རྟའམ་ལ་ལོ་ལ་འཕྲོག་བཅོམ་བྱེད་པའི་ཇག་རྐུན་ཧ་ཅང་མང་ལ། ཇག་རྐུན་གྱི་ཁ་ནས་ཐར་དཀའ་བས་བདག་གཞན་གཉིས་ཀྱིས་རྟ་ཐང་དུ་མི་འཚོ་བར་རྫ་ལུང་རི་ལུང་ཕྲེང་འགག་དོག་སའི་གནས་ནས་རྟ་ཁྱུ་བསྐུངས་ནས་འཚོ་བ་ཡིན། རྟ་ལ་ཕྱི་རོལ་གྱི་ཇག་རྐུན་སོགས་ཀྱིས་གནོད་མི་ཚུགས་པའི་ཕྱིར་དང་། དུས་རྒྱུན་རི་ལུང་དུ་གནས་པས་ན་ལ་ཞེས་དང་། ལ་ལོན་ཞེས་ལོན་དཀའ་བའི་ཕྱིར་སྒྲ་འགྱུར་ནས་ལ་ལོ”ཞེས་བརྗོད་པའང་ཡོད།  འདི་དག་ལ་བསམ་ན་བོད་ཀྱི་མིང་འདོགས་ཚུལ་གྱི་རིག་གནས་བསམ་གྱིས་མི་ཁྱབ་པ་དང་། མིང་གི་རྣམ་གྲངས་གང་ཞིག་ཡིན་ཡང་ངོ་བོ་དང་ཁྱད་ཆོས་གང་གི་ཆ་ནས་ཀྱང་ངོ་མཚར་གྱི་སྒྲུང་ལྟ་བུའི་སྣང་བ་སྟེར། དེ་བཞིན་དུ«བོད་ཡིག་ཚིག་གཏེར་རྒྱ་མཚོ»ལས་རྟ་ལ་འདྲེན་བྱེད་དང་རྒྱབ་འཛིན། མགྱོགས་འགྲོ། བློ་གསལ། གསེར་ལྡན། རྔོག་མ་ཅན་སོགས་ཀྱི་མངོན་བརྗོད་མང་པོ་དྲངས་ཡོད་པ་དང་། གོ་བདེ་བའི་ཕྱིར་དུ་ཅུང་གླེང་ན་རྟ་ལ་འདྲེན་བྱེད་ཅེས་འདོགས་དོན་ནི་རྟའི་བེད་སྤྱོད་གཙོ་བོ་ནི་ཞོན་པ་དང་། གནའ་ནས་ད་བར་མེས་པོ་མང་པོའི་ངག་རྒྱུན་ན་རྟ་ཞོན་ནས་ས་གང་དང་གང་དུ་སོང་ཡང་མཚན་རུབ་ན་བདག་པོ་རྟའི་གོང་དུ་གཉིད་ལོག་ན་ཡང་རྟའི་རང་གི་ཚོར་བ་དང་ཉམས་མྱོང་ལ་བརྟེན་ནས་རང་ཡུལ་དུ་སྣ་འདྲེན་ཐུབ་པས་བཏགས་པར་བསམ། རྒྱབ་འཛིན་ཞེས་འདོགས་དོན་ནི་རྟའི་མི་རྣམས་རྒྱབ་དུ་བཟུང་ནས་འགྲོ་དགོས་པས་ཆ་ནས་བཏགས། མགྱོགས་འགྲོ་ཞེས་པ་ནི་རྟའི་བང་རྩལ་གྱི་ཆ་ནས་བཏགས། བློ་གསལ་ཞེས་པ་ནི་རྟའི་ཤེས་རབ་ཧ་ཅང་གསལ་བའི་ཆ་ནས་བཏགས། གསེར་ལྡན་ཞེས་པ་རྟའི་རིན་ཐང་ནི་རིན་པོ་ཆེ་གསེར་ལས་ལྷག་པས་ཆ་ནས་བཏགས། རྔོག་མ་ཅན་ཞེས་འདོགས་དོན་ནི་རྔོག་མ་ནི་རྟ་ཡི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པས་དེ་ལྟར་ཐོགས།

མངོན་བརྗོད་ཀྱི་མིང་།

མིང་གི་ཐོགས་དོན།

འདྲེན་བྱེད།

ལམ་སྣ་འདྲེན་ཐུབ་པས་བཏགས།

རྒྱབ་འཛིན།

རྟའི་མི་རྣམས་རྒྱབ་དུ་བཟུང་ནས་འགྲོ་དགོས་པས་ཆ་ནས་བཏགས།

མགྱོགས་འགྲོ།

མགྱོགས་འགྲོ་ཞེས་པ་ནི་རྟའི་བང་རྩལ་གྱི་ཆ་ནས་བཏགས།

བློ་གསལ།

རྟའི་ཤེས་རབ་ཧ་ཅང་གསལ་བའི་ཆ་ནས་བཏགས།

གསེར་ལྡན།

རྟའི་རིན་ཐང་ནི་རིན་པོ་ཆེ་གསེར་ལས་ལྷག་པས་ཆ་ནས་བཏགས།

རྔོག་མ་ཅན

རྔོག་མ་ནི་རྟ་ཡི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་པས་དེ་ལྟར་ཐོགས།

IMG_0348.jpeg

ས་བཅད་གཉིས་པ།   རྟའི་མིང་གི་འདོགས་ལུགས་བྱེ་བྲག་ཏུ་བརྗོད་པ། 

ཀརྨ་རང་བྱུང་རྡོ་རྗེས། སྤྱིར་འཇིག་རྟེན་ཁམས་ཀྱི་དངོས་པོ་རྣམས་ལ་མིང་བཏགས་ཚུལ་མི་འདྲ་བ་མང་དུ་མཆིས་ཀྱང་དེ་དག་མདོར་བསྡུས་ན། འདོད་རྒྱལ་གྱི་མིང་དང་། རྗེས་སྒྲུབ་ཀྱི་མིང་གཉིས་སུ་འདུའོ་ཞེས་གསུངས་པ་ལྟར། སྤྱིར་ན་དངོས་པོ་ཞིག་ལ་མིང་ཐོག་མར་འདོགས་སྐབས་དེ་ལྟར་གདགས་དགོས་པའི་རྒྱུ་མཚན་ཅི་ཡང་བཤད་རྒྱུ་མེད་པར་རང་གི་འདོད་པ་ལྟར་དུ་བྱུང་རྒྱལ་དུ་སྒྲ་ཞིག་སྦྱར་བ་ལ་འདོད་རྒྱལ་གྱི་མིང་ཟེར། དཔེར་ན་རྟ་ནོར་ལུག་གསུམ་དང་ར་མ་ལྟ་བུ། ཡང་འདོད་རྒྱལ་གྱི་མིང་གི་གོ་བ་སྔར་སོང་གི་རྨང་གཞིའི་སྟེང་རྒྱུ་མཚན་དང་བཅས་ཏེ་བཏགས་པའི་མིང་ལ་རྗེས་སྒྲུབ་ཀྱི་མིང་ཟེར། དཔེར་ན་རྟ་རྐྱང་ངེ་དང་འབྲི་ཐུལ་མ། ལུག་གཡང་དཀར་དང་ར་མ་སྔོ་ཐོ་ལྟ་བུ། དེ་བས་འབྲོག་པ་ལ་མེད་དུ་མི་རུང་བའི་སྒོ་ཕྱུགས་རྟ་ལ་མཚོན་ན་ཡང་། ཐོག་མར་རྒྱུ་མཚན་གང་ཡང་མེད་པར་རྟ་ཞེས་བཏགས་པ་ལ་འདོད་རྒྱལ་གྱི་མིང་ཡིན་པ་དང་། དེ་ནས་རིམ་བཞིན་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་མིའི་བློ་གྲོས་ཀྱི་གོ་རྟོགས་ཇེ་མཐོར་སོང་བ་དང་ལྷན་དུ་རྗེས་སྒྲུབ་ཀྱི་མིང་ཡང་མང་པོ་བཏགས་ཡོད་པ་འབྲོག་ཐང་གི་ཕྱུགས་རྫི་རེ་རེའི་ངག་ན་ཆུ་བོ་བཞིན་འཛད་མཐའ་མེད། འོན་ཀྱང་སྐབས་འདིར་རྟའི་མིང་གི་འདོགས་ལུགས་བྱེ་བྲག་ཏུ་བརྗོད་ན་ལོ་གྲངས་ལྟར་འདོགས་ལུགས་དང་། སྤུ་མདོག་ལྟར་འདོགས་ལུགས། དབྱེ་བ་ལྟར་འདོགས་ལུགས། བདག་པོའི་དགའ་མོས་ལྟར་འདོགས་ལུགས། ཡུལ་དང་ལས་བགོས་ཀྱི་ཆ་ནས་འདོགས་ལུགས། ཁྱད་ཆོད་ཀྱི་ཆ་ནས་འདོགས་ལུགས་བཅས་དབྱེ་བ་དྲུག་ཏུ་བགར་བ་སོ་སོར་བཤམ་དུ་བརྗོད་པར་བྱའོ།།

དང་པོ། ལོ་གྲངས་ལྟར་འདོགས་ལུགས། 

“སྤྱིར་མིང་མཛོད་བརྡ་བཀྲོལ་སོགས་ལས་ཤེས་ཐུབ་ཅིང་། བསྟན་བྱ་བྱེ་བྲག་པ་ཞིག་དམིགས་སུ་མི་འཛིན་པར་དོན་སྤྱི་ཙམ་ཞིག་སྟོན་པ་དེ་ལ་མིང་གི་སྤྱིར་བཏང་གི་བསྟན་དོན” ཞེས་བྱ་སྟེ། དཔེར་ན་རྟ་ཅེས་པའི་སྒྲས་རྟེའུ་དང་ཐོ་རུ། ཉིས་བླངས། ཕོ་བཞི་སོགས་ཀྱི་ཁྱད་པར་མི་འབྱེད་པར་རྟའི་སྤྱིའི་དོན་ཙམ་སྟོན་པར་བྱེད། དེ་ན་སྐབས་འདིར་བསྟན་བྱ་བྱེ་བྲག་པ་ཞིག་དམིགས་སུ་བཟུང་ནས་དོན་སྤྱི་ཙམ་མ་ཡིན་པར་རྟ་ཡི་ལོ་གྲངས་ལྟར་མིང་འདོགས་ལུགས་ལ་ལོ་གཅིག་ཅན་ལ་རྟེའུ་དང་། ལོ་གཉིས་ཅན་ལ་ཐོ་རུའམ་རྔོག་ལིང་། ལོ་གསུམ་ཅན་ལ་ཉིས་བླངས། ལོ་བཞི་ཅན་ལ་ཕོ་བཞི། ལོ་ལྔ་ཅན་ལ་ན་སོ་གཅིག་པ། ལོ་དྲུག་ཅན་ལ་ན་སོ་གཉིས་པ། ལོ་བདུན་ཅན་ལ་ན་སོ་གསུམ་པ། ལོ་བརྒྱད་ཅན་ལ་ན་སོ་བཞི་པ། ལོ་དགུ་ཅན་ལ་མས་བཞི། ལོ་བཅུ་ཅན་ལ་མས་མཐའ་ཟེར། རྟ་ཡི་ལོ་ངོས་འཛིན་དུས་སུ་ཁའི་སོ་ལ་བལྟས་ནས་ངོས་འཛིན་དགོས་པ་དང་། དམངས་ཁྲོད་དུ་ཕོ་རྟའི་ཡ་སོ་དང་མོ་རྟའི་མ་སོ་ལྟར་དུ་ལོ་ལ་བརྟག་བཞིན་ཡོད། རྟེའུ་ནི་རྒོད་མ་རྩེབས་མ་ཐག་གི་ཕྲུ་གུ་སྟེ། ཟླ་བ་གཅིག་གཉིས་ཙམ་འགོར་ན་ཡ་སོ་དྲུག་དང་མ་སོ་དྲུག་བཅས་མདུན་སོ་བཅུ་གཉིས་སྐྱེ་བར་བཤད། ཐོ་རུའམ་རྔོག་ལིང་ནི་ཟླ་བ་འགའ་འགོར་རྗེས་རྔོག་མ་འབྲེག་པའི་ལོ་དང་དུས་སུ་སླེབས་པ་ཡིན་ཕྱིར་དེ་ལྟར་བཏགས། ཉིས་བླངས་ནི་ཐོ་རུ་ལས་ལོ་གཅིག་ཕྱིན་ན་ཁ་ལོ་བཏུལ་ནས་ཞོན་པའི་དུས་ལ་ཟེར། ཉིས་བླངས་ཀྱི་སྐབས་སུ་རྟའི་མདུན་སོ་དཀྱིལ་གྱི་ཡ་སོ་གཉིས་དང་མ་སོ་གཉིས་བརྗེ་བས་དེ་ལྟར་བཏགས། ཐོ་རུ་དང་ཉིས་བླངས་ཀྱི་ཁ་ནང་གི་སོ་ཆེ་ཆུང་ཡོད་པ་མ་གཏོགས་ཁྱད་པར་ཆེན་པོ་མེད། ཕོ་བཞི་ནི་ཕོ་བཞི་མོ་བཞི་སོ་བཞི་ཟེར་བ་ལྟར་རྟའི་ཡ་སོ་བཞི་དང་མ་སོ་བཞི་བརྗེ་བ་ལ་ཟེར། ན་སོ་གཅིག་པ་ནི་གཅིག་པའི་རྟའི་སོ་མཐའ་ཟེར་བ་ལྟར་སོ་ཚང་མ་བརྗེ་ནས་སོ་མཐའ་ན་སོ་གཅིག་རེ་མ་གཏོགས་མེད། ན་སོ་གཉིས་པ་ནི་གཉིས་པའི་ར་ཤུ་གདངས་ཟེར་བ་ལྟར་ར་ཤུ་ཞེས་པ་ནི་སོ་ཡི་ནང་དུ་ནས་སྔོན་ལྟ་བུའི་རི་མོ་ཡོད་པ་དང་རི་མོ་དེ་སོའི་གདངས་ན་ཡོད་པར་གོ ན་སོ་གཉིས་པའི་ཡན་ཆད་དུ་རྒྱ་ཁ་བལྟ་དགོས་པ་དང་། རྒྱ་ཁ་ཟེར་བ་ནི་གཉིས་པའི་ར་ཤུ་གདངས་ཞེས་པའི་གདངས་ཀྱི་རི་མོ་ལ་གོ རི་མོ་དེ་སོ་གདངས་ནས་གསལ་དུས་སུ་ཕལ་ཆེར་ལོ་བདུན་དུ་འདོད་པ་དང་། རི་མོ་མི་གསལ་དུས་ཕལ་ཆེར་ལོ་བརྒྱད་དུ་འདོད། དཔེར་ན་རྟ་དེ་རྒྱ་ཁ་སྲབ་བུ་ཞིག་འདུག་ཟེར་སྐབས་ཕལ་ཆེར་ལོ་བརྒྱད་ནས་དགུའི་གཡས་གཡོན་ལ་གོ་དགོས། རི་མོ་དེ་རིམ་བཞིན་ཟད་ནས་སོ་མཐའ་བུད་ཚེ་མས་བཞི་ཟེར། སྐབས་འདིར་རྟའི་སོ་བཞིའི་སྟེང་དུ་ནག་ཐིག་རྡོག་པོ་བཞི་ཡོད་ལ། དེ་ཟད་ཚེ་སོ་གཉིས་ཀྱི་སྟེང་དུ་མ་གཏོགས་ནག་ཐིག་རྡོག་པོ་དེ་མེད་ཟེར། ཕྱི་ལོ་དེ་ཡང་ཟད་ཚེ་སྤྱིར་བཏང་གི་ཁ་བལྟ་ས་མེད་དོ་ཟེར། ཡང་འགའ་ཞིག་གིས་རྟའི་ལོ་གྲངས་ལྟར་དུ་རྟེའུ་དང་ཐོ་རུ། ཉིས་བླངས། ཕོ་བཞི། ན་སོ་གཅིག་པ། ན་སོ་གཉིས་པ། དེ་ནས་ལོ་བདུན་ལོ་བརྒྱད་ལོ་དགུ་ཞེས་རིམ་བཞིན་ལོ་ཁོ་ན་བརྩི་བའི་ལུགས་ཡང་ཡོད། མས་བཞི་མས་མཐའ་རྟའི་བཟང་སྒང་། བཅོ་ལྔ་ཉི་ཤུ་བུའི་བཟང་སྒང་ཟེར་བ་ལྟར་ལོ་བཅུའི་གཡས་གཡོན་སུ་རྟའི་བཟང་སྒང་ཡིན་ནོ།།

གཉིས་པ།   སྤུ་མདོག་ལྟར་འདོགས་ལུགས།

དེ་ཡང་རྟའི་སྤུ་མདོག་ལྟར་མིང་འདོགས་ལུགས་ནམ་མཁའི་གཟའ་སྐར་བཞིན་མང་ན་ཡང་། འདིར་རྒྱ་མཚོའི་ཆུ་ཐིགས་ལྟ་བུ་བཀོད་ན་ཨ་ཁུ་སྨན་བླའི་རྟ་བཤད་གྲགས་ཅན་ཞིག་ན“ང་རྟ་མཁན་རྒྱ་གར་ཡུལ་ནས་ཡོང་།། རྟ་དཀར་དཀར་བརྒྱ་ལ་དཔྱད་པ་བཏང་།། ང་རྟ་མཁན་རྒྱ་ནག་ཡུལ་ནས་ཡོང་།། རྟ་ནག་ནག་སྟོང་ལ་དཔྱད་པ་བཏང་།། ང་རྟ་མཁན་ཧོར་གྱི་ཡུལ་ནས་ཡོང་།། རྟ་ར་ར་སྟོང་ལ་དཔྱད་པ་བཏང་།། ང་རྟ་མཁན་གེ་སར་ཡུལ་ནས་ཡོང་།། རྟ་ཁྲ་ཁྲ་སྟོང་ལ་དཔྱད་པ་བཏང་།། ང་རྟ་མཁན་གྲོག་རིའི་ཡུལ་ནས་ཡོང་།། རྟ་ཁམ་ཁམ་སྟོང་ལ་དཔྱད་པ་བཏང་།། ང་རྟ་མཁན་ལི་ཁྲིའི་ཡུལ་ནས་ཡོང་།། རྟ་སྨུག་སྨུག་སྟོང་ལ་དཔྱད་པ་བཏང་།། ང་རྟ་མཁན་ཞང་ཞུང་ཡུལ་ནས་ཡོང་།། རྟ་མོག་མོག་སྟོང་ལ་དཔྱད་པ་བཏང་།། ང་རྟ་མཁན་ཨ་ཞའི་ཡུལ་ནས་ཡོང་།། རྟ་རྐྱང་ནག་སྟོང་ལ་དཔྱད་པ་བཏང་།། ང་རྟ་མཁན་འཇིང་གི་ཡུལ་ནས་ཡོང་།། རྟ་རག་རག་སྟོང་ལ་དཔྱད་པ་བཏང་།།” ཟེར་བ་ལྟར་རྟའི་སྤུ་མདོག་ལྟར་མིང་གི་འདོགས་ལུགས་ལ་སྤྱིར་རྟ་དཀར་དཀར་དང་། རྟ་ནག་ནག རྟ་ཁྲ་ཁྲ། རྟ་ཁམ་ཁམ། རྟ་སྨུག་སྨུག རྟ་མོག་མོག རྟ་རྐྱང་རྐྱང་སོགས་མང་པོ་ཡོད་པ་དང་། གཞན་རྟ་གྲོ་གྲོ་དང་སྔོ་སྔོ། ངང་ངང་། རག་རག་སོགས་ཡོད་པར་བཤད། འདིར་བཀོད་པ་འདི་ནི་རྩ་བའི་ཁ་དོག་གི་ཆ་ནས་བཏགས་པ་དང་། རྟའི་ལུས་ཀྱི་སྤུ་མདོག་ཡོངས་རྫོགས་དཀར་པོ་ཡིན་པས་རྟ་དཀར་དཀར་རམ་ར་ར་དང་། སྤུ་མདོག་ནག་ནག་ཡིན་པས་རྟ་ནག་ནག སྤུ་མདོག་ཁྲ་བོ་ཡིན་པས་རྟ་ཁྲ་ཁྲ། སྤུ་མདོག་དམར་སེར་ཡིན་པས་རྟ་ཁམ་ཁམ། སྤུ་མདོག་དམར་ལ་ནག་ཤད་ཆེ་བའི་རྟ་སྨུག་སྨུག སྤུ་མདོག་མདངས་མི་གསལ་བ་ལ་རྟ་མོག་མོག སྤུ་མདོག་དམར་དམར་རམ་རི་དྭགས་རྐྱང་གི་མདོག་ལ་རྟ་རྐྱང་རྐྱང་ཞེས་བརྗོད། གཞན་ཁ་དོག་འདི་དག་རྨང་གཞིར་གྱུར་ནས་འདོགས་ལུགས་ཡང་ཡོད་ལ། དཔེར་ན་རྟ་རྐྱང་རྐྱང་རྨང་གཞིར་གྱུར་པའི་རྟ་རྐྱང་ནག་ལྟ་བུ། རྟ་ཁམ་ཁམ་རྨང་གཞིར་གྱུར་པའི་རྟ་ཁམ་ཁྲ་ལྟ་བུ། རྟ་ངང་ངང་རྨང་གཞིར་གྱུར་པའི་རྟ་ངང་སེ་ལྟ་བུ། དེ་ནས་རྟའི་གདོང་དང་གཟུགས་གཞི་སོགས་ཀྱི་ཁ་དོག་ལ་ལྟོས་ནས་དཔྲལ་བའི་སྟེང་དུ་འཛི་དང་ཞུར་ལ་སོགས་ཡོད་པར་གཡུ་བྱ་དུང་འཛི་དང་རྟ་རྐྱང་ཞུར་ལྟ་བུ། ད་དུང་རྟའི་རྐང་ལག་གི་སྤུའི་ཁ་དོག་གི་ཁྱད་ཆོས་ལ་ལྟོས་ནས་ཁམ་ཁམ་སུག་དཀར་དང་ཁམ་ཁམ་སུག་ནག་སོགས་འདོགས་སྲོལ་མང་པོར་མཆིས། འདི་འདྲའི་མིང་འདོགས་སྲོལ་རིམ་བཞིན་རིགས་བསྒྲེ་ནས་ཤེས་པར་བྱ་དགོས།

 རྟའི་སྤུ་མདོག་ལྟར་མིང་འདོགས་ལུགས་ལ་གཏན་ཚིགས་ཤིག་ཡོད་པ་ནི་རྟ་དཀར་དཀར་ལ་རྟ་དཀར་པོ་མི་ཟེར་བར་རྟ་དཀར་དཀར་དང་། རྟ་སྔོ་དཀར་ལ་རྟ་སྔོ་དཀར་མི་ཟེར་བར་རྟ་གྲོ་གྲོ།(གྱོ་གྱོ) རྟ་དམར་དམར་ལ་རྟ་དམར་དམར་མི་ཟེར་བར་རྟ་རྐྱང་རྐྱང་། རྟ་སྔོན་པོ་ལ་རྟ་སྔོན་པོ་མི་ཟེར་བར་རྟ་སྔོ་སྔོ། རྟ་ནག་པོ་ལ་རྟ་ནག་པོ་མི་ཟེར་བར་རྟ་ནག་ནག་བཅས་སྒྲ་རྒྱན་གྱི་མིང་འདོགས་ཀྱིན་ཡོད། གོང་དུ་བཀོད་པའི་དཔེ་ལྟར་རྟའི་གཟུགས་གཞི་སོགས་ཀྱི་སྤུའི་ཁ་དོག་གི་ཆ་ནས་མིང་འདོགས་སྟངས་ལ་རྟའི་གཟུགས་གཞིའི་ཁ་དོག་སྔོན་དུ་བཞག་རྗེས་སུག་བཞིའི་ཁ་དོག་རྗེས་སུ་བཞག་ནས་འབོད། དཔེར་ན་ར་ར་སུག་ནག སྔོ་འཛི་སུག་དཀར་ལྟ་བུ། མདོར་དྲིལ་ན་རྟའི་སྤུ་མདོག་ལྟར་མིང་འདོགས་ཚུལ་ཧ་ཅང་ཞིབ་ཆ་ལྡན་དགོས་པས། དེ་ལ་རིགས་དགུ་བརྒྱ་དགུ་བཅུ་གོ་གཅིག་འདུག་མོད། དེ་ལྟར་ས་བསགས་རྡོ་བསགས་ཀྱིས་མཐོང་ཚད་སྤུངས་ན་བརྗོད་བྱའི་དོན་ལ་ཞབས་འདེགས་ངེས་ཅན་དུ་འགྲོ་དཀའ་བས། འདིར་ཉུང་ཙམ་བཤད་པ་ཡིན་ལ་རྒྱས་པར་ཤེས་འདོད་པ་དག་བོད་ཡུལ་སྟོད་སྨད་བར་གསུམ་གྱི་འབྲོག་ཐང་མཐའ་མེད་དག་ལ་རིམ་གྱིས་སོང་དང་ག་ལེར་ཤེས་འོངས།

20341705032019_.pic.jpg

ཏུན་ཧོང་གཏེར་ཡིག་ལས། གནམ་གྱྀ་ནི་དབུས། སའྀ་ནི་དཀྱིལ། གླྀང་གི་ནི་སྙིང་བོ། གངས་ཀྱི་ནྀ་ར་བ། ཆུ་བོ་ཀུན་གྱི་ནི་མགོ་པོ། རི་མཐོ་ས་གཙང་། ཡུལ་བཟང་། མྱི་མཛངས་ཤིང་དཔའ་རུ་སྐྱེ། ཆོས་བཟང་དུ་བྱེད། རྟ་མགྱོགས་སུ་འཕེལ་བའྀ་གནས་ཞེས་པ་ལྟར་རྟ་མགྱོགས་སུ་འཕེལ་བའི་བོད་གངས་ཅན་གྱི་ཡུལ་འདིར་རྟའི་སྤུ་རིས་ལྟར་དུ་མགྱོགས་མྱུར་ཡང་བརྟག་ཐུབ་ལ།  དམངས་ཁྲོད་དུ་མགྱོགས་པའི་སྤུ་རིས་བཅོ་བརྒྱད་ཡོད་ཟེར། དཔེར་ན་དཀར་པོ་ཐང་དཀར་རྒོད་ཀྱི་སྤུ།། སྨུག་པོ་བྱ་རྒྱལ་ཁྱུང་གི་སྤུ།། ནག་པོ་རྡུལ་བྱ་རོག་གི་སྤུ།། ཁྲ་བོ་ཆུ་ནག་འདོ་བའི་སྤུ།། གྱོ་དཀར་གྱོ་དམར་གྱོ་སྨུག་སྤུ།། ནག་ཕུར་སྔོ་སྐྱ་སྔོ་ནག་སོགས་སྤུ་རིས་རེ་རེ་ལ་རྒྱུག་བང་ཆེན་ཡེར་མོ་ཡང་མི་འདྲ་བར་མཆིས། རྟ་དེ་དག་རེ་རེ་ལ་རྟ་དཔྱད་དང་ཁྱད་ཆོས་སོགས་ཧ་ཅང་མང་པོ་ཡོད་པས། དེ་དག་རེ་རེ་བཞིན་དུ་བརྗོད་པར་དཀའ་བའོ།། གང་ལྟར་རྟ་བདག་བཟང་པོ་ཞིག་ཡིན་ཚེ་རྟའི་སྤུ་ཁ་ལ་དོ་སྣང་ཆེན་པོ་བྱེད་པར་ཐེ་ཚོམ་མེད་ལ། གླིང་སྒྲུང«བསྡུས་སྒྲུང་རབ་སྙན་དྲི་ཟའི་པི་ཝང»ལས་གླིང་གི་རྟ་རྒྱུག་སྐབས་སུ། སྐྱ་ལོ་སེང་ལྕམ་འབྲུག་མོས“ཕུ་ཡར་ལ་ལྟོས་དང་ལྟད་མོ་གདའ།། རྫ་གུ་རའི་ཕྲག་གི་གཡས་ཟུར་ན།། གུ་རའི་རྫ་སྐྱ་གོང་མ་ན།། གོང་གི་མི་དེ་ཨ་སྔོན་མདོག། དགུང་ལ་ཉི་མ་ཤར་འདྲ་བ།། འོག་གི་རྟ་དེ་རྒྱ་མཚོའི་མདོག། མཚོ་ལ་གསེར་ཉ་འཁོར་འདྲ་བ།། བྱོན་པའི་སྐྱེས་བུ་དང་པོ་དེ།། གདོང་བཙན་པོ་ཨ་དཔལ་སྣང་ལུ་རེད།། ཞབས་ལ་མགྱོགས་པ་ཆིབས་པ་དེ།། མགྱོགས་པ་གཡུ་བྱ་རྟེའུ་སྔོན་རེད།། རྟ་རིགས་ནག་པོ་རྒྱ་ནས་རེད།། བཙོང་མི་ཉི་མ་ལེབ་ཆེན་རེད།། ཉོ་མི་གདོང་བཙན་ཨ་དཔལ་རེད།། རྣ་འབྱོག་ཡག་ལ་དྲེའུ་བརྒྱ་བྱིན།། རྭ་བཞི་ཡག་ལ་མཛོ་བརྒྱ་བྱིན།། སྤུ་རིས་ཡག་ལ་ལུག་བརྒྱ་བྱིན།། རྔ་རྔོག་ཡག་ལ་རྟ་བརྒྱ་བྱིན།། མཐུར་བཤུས་གསེར་ཕྱེ་བྲེ་འཇལ་བྱས།།” སོགས་སུ་རྟའི་སྤུ་རིས་ནི་གལ་བོ་ཆེ་ཡིན་པ་གསལ་ལོ།། 

གསུམ་པ། དབྱེ་བ་ལྟར་འདོགས་ལུགས།

 གོང་དུ་བཤད་པ་ལྟར་རྟའི་མིང་གི་འདོགས་ལུགས་བྱེ་བྲག་ཏུ་ལོ་གྲངས་ལྟར་འདོགས་ལུགས་དང་། དེ་གཞིར་བྱས་དབྱེ་བ་ལྟར་འདོགས་ལུགས་ལ་ཕོ་ལྟར་དུ་དབྱེ་ན་ལོ་གཅིག་ཅན་ལ་ཕོ་རྟེའུ་དང་། ལོ་གཉིས་ཅན་ལ་ཐོ་རུའམ་རྔོག་ལིང་། ལོ་གསུམ་ཅན་ལ་རྒྱུའུ་དང་། ལོ་བཞི་ཅན་ལ་ཕོ་གཞི། ལོ་ལྔ་ནས་བཟུང་མིང་ལ་རྟ་ཆེན་དུ་འབོད། རྟའི་རྣ་མ་ཕབ་པའམ་ཕོ་འབྲས་མ་བཏོན་ན་གསེབ་རྗེས་ཟེར། མོ་ལྟར་དུ་དབྱེ་ན་ལོ་གཅིག་ཅན་ལ་མོ་རྟེའུ་དང་། ལོ་གཉིས་ཅན་ལ་ཐོར་མོ། ལོ་གསུམ་ཅན་ལ་རྒྱ་མོ་དང་། ལོ་བཞི་ཅན་ལ་མོ་གཞི། ལོ་ལྔ་ནས་ཡར་ལ་གཅིག་སར་ཡང་ན་རྒོད་མ་ཞེས་འབོད།

ལོ་གྲངས།

ལོ་གྲངས་ལྟར།

ཕོའི་དབྱེ་བ་ལྟར།

མོའི་དབྱེ་བ་ལྟར།

ལོ་གཅིག

རྟེའུ།

ཕོ་རྟེའུ།

མོ་རྟེའུ།

ལོ་གཉིས།

ཐོ་རུའམ་རྔོག་ལིང་།

ཐོ་རུའམ་རྔོག་ལིང་།

ཐོར་མོ།

ལོ་གསུམ།

ཉིས་བླངས།

རྒྱུའུ།

རྒྱ་མོ།

ལོ་བཞི།

ཕོ་གཞི།

ཕོ་གཞི།

མོ་གཞི།

ལོ་ལྔ།

ན་སོ་གཅིག་པ།

རྟ་ཆེན་ཡང་ན་གསེབ།

གཅིག་སར་རམ་རྒོད་མ།

ལོ་དྲུག

ན་སོ་གཉིས་པ།



ལོ་བདུན།

ན་སོ་གསུམ་པ།



ལོ་བརྒྱད།

ན་སོ་བཞི་པ།



ལོ་དགུ།

མས་བཞི།



ལོ་བཅུ།

མས་མཐའ།



བཞི་པ།   བདག་པོའི་དགའ་མོས་ལྟར་འདོགས་ལུགས།

མིང་གི་རྣམ་གྲངས་གཅིག་ལ་འདོགས་ལུགས་བརྒྱ་ཟེར་བའི་དཔེ་ལྟར། སྤྱིར་མིང་གི་འདོགས་ལུགས་ལ་རིགས་དང་རྣམ་པ་སྣ་ཚོགས་ཡོད་ལ། གོང་དུ་བཤད་པ་ལྟར་རྟའི་མིང་གི་འདོགས་ལུགས་བྱེ་བྲག་ཏུ་ལོ་གྲངས་ལྟར་འདོགས་ལུགས་དང་། སྤུ་མདོག་ལྟར་འདོགས་ལུགས། དབྱེ་བ་ལྟར་འདོགས་ལུགས་བཅས་གསུམ་དུ་སྣང་ཡང་། འདིར་རི་གསུམ་གྱི་རྩེ།  ཕུན་སུམ་ཚོགས་པའི་ཡན་ལག་ལ་བསམ་ནས་སྤྱི་ཚོགས་ཀྱི་འཕེལ་ཕྱོགས་དང་རྟ་རྒྱུག་འགྲན་ཚོགས་སོགས་ཀྱི་བྱ་འགུལ་སྣ་མང་ལ་བརྟེན་ནས་གོང་བཞིན་ལོ་གྲངས་དང་སྤུ་མདོག ཕོ་མོའི་དབྱེ་བ་བཅས་ཀྱི་མིང་འདོགས་ལུགས་ཀྱིས་བདག་པོའི་ཡིད་མ་ཚིམས་པའམ་དགའ་མོས་ལྟར་ཡོང་མ་ཐུབ་པར། བདག་པོ་རང་རང་གི་དགའ་མོས་ལྟར་བཏགས་པ་ཡང་མང་དུ་སྣང་། དཔེར་ན་ཉེ་བའི་ལོ་འགའི་རིང་རྟ་རྒྱུག་འགྲན་ཚོགས་མང་པོར་ཞུགས་ཀྱིན་པའི་ཨེ་ཨར་ལེན“爱尔兰”ལྟ་བུ། གོ་ཐོས་ལྟར་ན་རྟ་འདི་ཉིད་ཨེ་ཨར་ལེན་བྱ་བའི་རྒྱལ་ཁབ་དེ་ནས་ནང་འདྲེན་བྱས་སྟབས་བདག་པོའི་རྟ་དེའི་མིང་ལ་རྒྱལ་ཁབ་དེའི་མིང་བཏགས་པ་དང་གཅིག རྨ་ཆུའི་ས་ཁུལ་ན་རྨ་ཁུག་གི་རྟ་མཆོག་ཞེས་རྟ་ཞིག་ཡོད་པ་ལ། རྨ་ཆུ་ནི་ས་མིང་ཡིན་པ་དང་། རྟ་དེ་རྟ་རྒྱུག་འགྲན་ཚོགས་གང་རུང་ལ་ཞུགས་ན་ཡང་ཨང་རིམ་ཕལ་ཆེར་ལོན་སྲིད་པས་ས་མིང་སྔོན་དུ་བཞག་སྟེ་རྨ་ཁུག་གི་རྟ་མཆོག་ཅེས་བོད་མདོ་དབུས་ཁམས་གསུམ་ལ་སྙན་གྲགས་རྒྱས། ཡང་རྒྱ་ཁོའི་ཤ་དམར་ལ་མཚོན་ན་རྟ་དེའི་སྤུ་མདོག་རྐྱང་ངེ་ཞིག་ཡིན་པ་དང་། གླིང་སེང་ཆེན་གྱི་རྟའི་སྤྲུལ་བ་ཡིན་ཞེས་གྲགས་པས་བདག་པོའི་མིང་སྔོན་དུ་བཞག་རྗེས་རྒྱ་ཁོའི་ཤ་དམར་ནང་བཞིན་རྒྱལ་ཁབ་དང་ས་མིང་། མི་སྒེར་གྱི་མིང་འདོགས་སྟངས་ཧ་ཅང་མང་། «སྨྲ་སྒོ་མཚོན་ཆ»ལས། “ཇི་ལྟར་རྡུལ་ལས་གོང་བུ་བཞིན།། ཡི་གེ་འདུས་པར་གྱུར་པ་ན།། མིང་ནི་རབ་ཏུ་འགྲུབ་པར་གྱུར།།” ཞེས་གསུངས་པ་ལྟར་བདག་པོས་རྟའི་དམིགས་བསལ་གང་རུང་ལ་བསམ་ནས་ཡི་གེ་བསྡུས་ཏེ་མིང་དུ་འགྲུབ་པར་འགྱུར་བ་མང་པོར་སྣང་སྟེ། དཔེར་ན་བྱ་མོ་དབུགས་ལེན་དང་དཀར་མོ་གཤོག་དྲུག དབུས་ལུ་གསེར་རྣ། གྱི་ལིང་གྱོ་རྒྱ། ཨ་རིག་ར་ཁྲ་སོགས་ཐུན་མོང་མ་ཡིན་པས་མིང་ཤིན་ཏུ་མང་པོ་ཡོད། དེ་དང་འབྲེལ་ནས «གེ་སར་རིག་པའི་སློབ་དེབ»ལས་ཧོར་གླིང་གི་མི་རྟ་མཚོན་གསུམ་གྱི་སྐོར་གསུང་དུས་སུ་གླིང་གི་རྟ་རྒྱུད་ལ“སྟག་རོང་མི་རྒྱུད་རྟ་བརྒྱད་དང་།། ཆེ་རྒྱུད་མི་བརྒྱད་རྟ་བརྒྱད།། གླིང་འབྲིང་རྒྱུད་མི་བརྒྱད་རྟ་བརྒྱད།། གླིང་ཆུང་རྒྱུད་མི་བརྒྱད་རྟ་བརྒྱད”སོགས་ཀྱི་སྐབས་སུ་དང་པོ་སྟག་རོང་མི་རྒྱུད་རྟ་བརྒྱད་འཆད་དུས་གདོང་བཙན་སྣ་ལུ་ཨ་དཔལ་གྱི་འདོ་བ་གཡུ་བྱ་རྟིས་སྔོན་དང་། སྐྱེས་མཆོག་ཐར་བ་རྒྱལ་མཚན་གྱི་འདོ་བ་མཚལ་ལུ་འཚམ་ཤེས། སྟག་རོང་དཔོན་པོ་གཟིག་འཕེན་གྱི་འདོ་བ་ཕོ་རོག་སྟོང་འཆམ། ཁྲོ་ཐུང་ཉ་ཚ་ཨ་བརྟན་གྱི་འདོ་བ་གངས་རི་ལྡིང་ཤེས། གུང་བ་བུ་ཡི་ཁྲོ་རྒྱལ་གྱི་འདོ་བ་ནག་ཁྲ་འཕུར་ཤེས། སྟག་རོང་སྲིན་ཚ་ངོ་ལུག་གི་འདོ་བ་ཁྱུང་ནག་འཕུར་ཤེས། ལྕགས་ནག་དཔོན་པོ་སྲིང་སིང་གི་འདོ་བ་བྱང་མ་རླུང་གི་འཕྲུལ་འཁོར། མ་གཞི་དཔོན་པོ་ཁྲོ་ཐུང་གི་འདོ་བ་འཕར་བ་རྔ་ནག་དཔེ་མཚོན་བྱས་ནས་རྟ་མང་པོ་དྲངས་ཡོད་ལ། རྟའི་མིང་གི་རྣམས་གྲངས་ཡང་མཐའ་ཡས་པ་བྲིས་ཡོད། ཧོར་གྱི་རྟ་རྒྱུད་ཧོར་གྱི་གུར་དཀར་རྒྱལ་པོའི་ཆིབས་རྟ་རག་དཀར་འོམ་བུ་དྲངས་ཡོད་པ་དང་། གོང་གི་མིང་འདི་དག་ལ་བསམ་བློ་རེ་བཏང་ན། རླབས་ཆེན་གྱི་ལོ་རྒྱུས་བརྗོད་པའི་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་པོའི་སྒྲུང་དག་ལས་རྟའི་མིང་གི་འདོགས་སྟངས་གོང་དུ་བཤད་པའི་ལོ་གྲངས་ལྟར་འདོགས་ལུགས་དང་སྤུ་མདོག་ལྟར་འདོགས་ལུགས་སོགས་བཀོལ་སྤྱོད་ཕལ་ཆེར་མི་བྱེད་པར། སྤྱིར་བཏང་གི་ཚེག་བར་བཞི་རེའི་འདོགས་ལུགས་དར་ཁྱབ་ཆེ་ལ། ཡང་ལྕགས་ནག་དཔོན་པོ་སྲིང་སིང་གི་འདོ་བ་བྱང་མ་རླུང་གི་འཕྲུལ་འཁོར་དང་གསེར་བའི་ཉི་འབུམ་དར་ཡག་གི་འདོ་བ་གསེར་མདངས་ཉི་མའི་འཕྲུལ་འཁོར། འོམ་བུ་ཨ་ནུ་དཔལ་སེང་གི་འདོ་བ་མཚལ་རྟ་དམར་པོ་རླུང་གཤོག་གསོལ་བ་འགའ་རེ་ཚེག་བར་དྲུག་མའི་བཏགས་ཡོད་པའང་ཡོད། གཞན་རྭ་སྒྲེང་རིན་པོ་ཆེ་སྐུ་ཕྲེང་བདུན་པའི་ཆིབས་རྟའི་མིང་ལ་གཡུ་འབྲུག་སྔོན་པོ་དང་། པཎ་ཆེན་སྐུ་ཕྲེང་དགུ་བ་མཆོག་གི་ཆིབས་རྟའི་མིང་ལ་རམ་རྒྱས་སྔོན་མོ་ཟེར།

དེ་ལྟར་གོང་དུ་དྲངས་པའི་བདག་པོའི་དགའ་མོས་ལྟར་བཏགས་པའི་མིང་གི་རྣམ་གྲངས་རེ་རེ་ལ་མཚོན་ན། མིང་དེ་ལྟར་འདོགས་དགོས་པའི་རྒྱུ་མཚན་ནི་སྐབས་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་བདག་པོའི་འཚོ་བའི་འདུ་ཤེས། རིག་གནས་ཁོར་ཡུག་སོགས་ཕྱི་ནང་གི་རྒྱུ་རྐྱེན་སྣ་མང་དང་ཁ་འབྲལ་ཐབས་མེད་པ་སྨོས་མ་དགོས་ལ། དེ་བཞིན་གོང་སྨྲས་ཀྱི་དང་པོ་ཨེ་ཨར་ལེན་ལ་མཚོན་ན་ཁ་སང་དེ་རིང་གི་རིག་གནས་སྣ་མང་གི་འབྲེལ་འདྲིས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ཏེ་རྟ་རྒྱུག་འགྲན་ཚོགས་སོགས་གང་སར་དར་ཆེ་བའི་སྤྱི་ཚོགས་ཀྱི་དགོས་མཁོ་གཞིར་བྱས་རྟ་དེ་ཡང་རང་ཡུལ་མཚོ་བོད་མཐོ་སྒང་ཁོ་ནའི་རྟ་མཆོག་དག་གིས་མ་ཆོག་པར་ཡུལ་ལུང་གཞན་ལས་རིན་གོང་མཐོ་ཤོས་ཕུལ་དེ་ནང་འདྲེན་བྱེད་པའི་རིག་གནས་འཁོར་རྒྱུུག་གི་རྣམ་པ་ཞིག་མངོན་ལ། གཉིས་པ་གླིང་སྒྲུང་ལས་བྱུང་བའི་རྟ་མིང་དག་ལ་མཚོན་ན། སྔར་བོད་སྤྱི་ཚོགས་དེ་ཉིད་ཀྱི་རང་བྱུང་ཁོར་ཡུག་སོགས་ཀྱི་དབང་གིས་སྐྱེལ་འདྲེན་གྱི་གཙོ་ཤོས་དེ་རྟ་ལ་བརྟེན་ཡོད་པ་གཞིར་བྱས་སྤྱི་ཚོགས་ཀྱི་རིམ་པ་གང་དུ་ཡོད་པའི་མི་ཞིག་ཡིན་ཡང་དེ་ལ་རྟ་མཆོག་ཅིག་རང་གི་འགྲོ་འདུག་གི་འཚོ་བར་མེད་དུ་མི་རུང་བའི་རྐྱེན་གྱིས་རྟ་ལ་ཡང་མིང་སྙན་མོ་ཚིག་རྒྱན་གྱིས་བརྒྱན་པ་དག་བཏགས་ནས་རྟ་ལ་ཆེ་བསྟོད་དང་ཞེ་འདང་ངེས་ཅན་ཞིག་མཚོན་པར་བྱས་ཡོད། གསུམ་པ་གཡུ་འབྲུག་སྔོན་མོ་དང་རམ་རྒྱས་སྔོན་མོ་སོགས་ལ་མཚོན་ན་ཡང་སྐབས་འདིར་སྤྱི་ཚོགས་ཐོག་ཆོས་སྲིད་ཀྱི་མཛད་པ་མངོན་པར་གསལ་བའི་སྐྱེས་ཆེན་དག་གི་མཛད་པ་ལ་ཡི་རང་དང་དད་བཀུར་གྱིས་འདི་ལྟར་ཁོང་ཅག་གི་རྟ་ལ་ཡང་སྙན་མིང་རེ་གསོལ་བ་རེད། ཕྱོགས་གཞན་ཞིག་ནས་འདི་དག་ལ་བསམ་ན་དེང་སྐབས་ཀྱི་རྟའི་མིང་གི་འདོགས་སྟངས་ལ་གླིང་སྒྲུང་གི་ཤུགས་རྐྱེན་ཆེས་ཆེར་ཐེབས་ཡོད་པ་གཙོར་བྱས་འདོགས་སྟངས་སྣ་མང་ཡོད་པ་གདོན་མི་ཟའོ།། གང་ལྟར་དུས་དང་གནས་སྐབས་གང་དང་གང་ཡིན་ཡང་ཁོང་ཅག་ལ་རྟ་དེ་ཚོ་མེད་ན་མི་ཚེའི་རླབས་ཆེ་བའི་དོན་དག་མང་པོ་ཞིག་ཉམས་ཞན་དུ་སོང་ཡོད་པ་གཞིར་བཞག་རེད།

ལྔ་པ། ཡུལ་དང་ལས་བགོས་ཀྱི་ཆ་ནས་འདོགས་ལུགས།

དེ་ཡང་ཡུལ་དང་ལས་བགོས་ཀྱི་ཆ་ནས་འདོགས་ལུགས་ལ་ཐོག་མར་ཡུལ་གྱི་ཆ་ནས་འདོགས་སྟངས་ལྟར་ན་བོད་གངས་ཅན་གྱི་ཡུལ་ན་གནས་ཤིང་ལུས་བོངས་ཅུང་རྒྱགས་ལ། སུག་བཞི་ཅུང་ཐུང་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་ལ་བོད་རྟའམ་འབྲོག་རྟ། རྒྱ་ནག་གི་ཡུལ་ན་གནས་ཤིང་ལུས་བོངས་ཕྲ་ལ་སུག་བཞི་རིང་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་ལ་རྒྱ་རྟ། སོག་པོའི་ཡུལ་ན་གནས་ཤིང་བྲང་དང་རྔོག་མ་རིང་བ། མགོ་དང་སྐེད་པ་ཐུང་བ་སོགས་ཀྱི་ཁྱད་ཆོས་ལྡན་པ་ལ་སོག་རྟ་བཅས་མི་རིགས་རེ་རེའི་མིང་མགོར་བཞག་ནས་འདོགས་ལུགས་ཡོད་ལ། ལས་བགོས་ཀྱི་ཆ་ནས་འདོགས་ལུགས་ལ་བླ་མ་དང་དཔོན་པོའི་བཅིབ་རྟ་ལ་ཆིབས་རྟ་དང་། ཨ་ཞང་རྒད་པོའི་རྟ་ལ་ཞང་རྟ། སྟག་ཤར་གཞོན་པའི་རྟ་ལ་རྩེད་རྟ། སྟག་ཤ་ར་མག་པ་འགྲོ་དུས་ཀྱི་རྟ་ལ་མག་རྟ། སྨན་བུ་མོ་གནས་ལ་འགྲོ་དུས་ཀྱི་རྟ་ལ་བག་རྟ། སྐྱེས་བུ་རང་རང་གི་རྟ་ལ་བླ་རྟ། དུས་རྒྱུན་དུ་བཀོད་སྤྱོད་བྱེད་པའི་རྟ་ལ་ཞོན་རྟ། ཕྱུགས་རྫི་ཕོ་མོའི་རྟ་ལ་རྫི་རྟ། དངོས་པོ་འགེལ་བའི་རྟ་ལ་ཁལ་རྟ། འབྲོག་པའི་རུ་སྐྱེལ་དུས་ཞོན་པའི་རྟ་ལ་སྐྱེལ་རྟ། གནའ་དེང་མ་ཇག་ལ་འགྲོ་དུས་ཀྱི་རྟ་ལ་ཇག་རྟ། རྟ་རྒྱུགས་སྐབས་སུ་བང་གིས་རྒྱུགས་པའི་རྟ་ལ་བང་རྟ། གོམ་པའི་རྒྱུགས་པའི་རྟ་ལ་གོམ་རྟ་སོགས་བཀོད་སྤྱོད་ཀྱི་ཁོར་ཡུག་མི་འདྲ་བའི་གནས་སྐབས་རེ་རེ་ལ་མིང་རེ་རེ་བཏགས་ཡོད། འདི་དག་ལས་བོད་མི་རིགས་ཀྱི་མིང་གི་རིག་གནས་ཁྱད་དུ་འཕགས་པ་ཤེས་ཐུབ་ཅིང་། སྒང་བ་བོད་ཀྱི་ཐུན་མོང་མ་ཡིན་པའི་བློ་གྲོས་ཀྱི་རྩལ་བཀོད་སྟངས་རྨད་དུ་བྱུང་བ་རྟོགས་ནུས།

དྲུག་པ། ཁྱད་ཆོས་ཀྱི་ཆ་ནས་འདོགས་ལུགས།

སྤུན་འབྲིང་བ་རྐྱང་རོན་རྔོག་བཀྲ་དང་སྤུན་ཐ་ཆུང་ཁུག་རོན་རྨང་དར་གཉིས་གྲོས་ཁ་མ་འཆམ་པར་སོ་སོར་གྱེས་རྗེས། སྤུན་ཐ་ཆུང་ཁུག་རོན་རྨང་དར་རྐྱང་དུ་འགྱུར་ལ། སྤུན་འབྲིང་བ་རྐྱང་རོན་རྔོག་བཀྲ་མྱི་རྨ་བུ་རྡམ་ཤད་གྲོགས་སུ་བཀུག་ནས་ཕུ་བོ་ཡིད་ཀྱི་གདང་པྱམ་ལ་དགྲ་ཤ་བླངས་པ་ནས་བཟུང་། རྟ་ནི་མིའི་བློ་མཐུན་གྱི་གྲོགས་པོ་ལྟ་བུར་གྱུར་བར་མ་ཟད། མི་དང་རྟའི་བར་ལ་བཤད་མི་ཚར་བའི་གཏམ་རྒྱུད་བྱུང་ལ། བྲིས་མི་ཚར་བའི་ལོ་རྒྱུས་བྱུང་། དེར་བརྟེན་མི་རྣམས་འདོ་རིག་རྟ་ལ་བརྩེ་དུང་ཟབ་མོ་ཡོད་ཅིང་། བརྩེ་དུང་དེ་མཚོན་པར་བྱེད་པའི་ཐབས་ཡག་ཤོས་ཤིག་ནི་རྟའི་མིང་སྙན་པའི་ཉམས་བཏོད་ནས་འབོད་ཚུལ་དེ་ཡིན། རྟའི་མིང་སྙན་པའི་ཉམས་བཏོད་ནས་འབོད་དུས་རྟའི་ཁྱད་ཆོས་གང་ཞིག་གཞིར་བཟུང་ནས་འབོད་ཀྱིན་ཡོད་ལ། ཁྱད་ཚོས་དེ་དག་དམིགས་བསལ་གྱི་ཆ་ཤས་རེ་རེ་ལ་ལྟོས་ནས་འདོགས་ཀྱིན་ཡོད། གཤམ་དུ་རྟའི་དམིགས་བསལ་གྱི་ཁྱད་ཆོས་རེ་རེ་བཞིན་མིང་འདོགས་སྟངས་ལ་རྒྱུས་ལོན་ཅུང་བྱས་ན།

གཅིག སྙན་ངག་ལས་གཟུགས་རྒྱན་གྱི་ཁྱད་ཆོས་ལྟར་འདོགས་ལུགས།

ཨ་ལགས་དུང་དཀར་ཚང་གིས«སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད»དུ་གཟུགས་ཅན་གྱི་རྒྱན་ནི་“བརྗོད་འདོད་དོན་ཉིད་དཔེ་དེ་ཉིད།། གཟུགས་སུ་འགོད་པ་གཟུགས་ཅན་རྒྱན།།”ཅེས་དཔེ་དང་དཔེ་ཅན་གཉིས་ངོ་བོ་ཐ་དད་དུ་མ་བྱས་པར། བརྗོད་པར་འདོད་པའི་དོན་དེ་ཉིད་དཔེའི་གཟུགས་སུ་བཀོད་པ་དེ་ནི་གཟུགས་ཅན་གྱི་རྒྱན་ཞེས་བྱ་བར་བརྗོད་པ་དང་དེ་ལ་བསྡུས་དང་མ་བསྡུས་བསྡུས་མ་བསྡུས། མཐའ་དང་ཆ་ཤས་ཆ་ཤས་ཅན། ཡན་ལག་གཅིག་སོགས་ལྡན་པ་དང་། མི་ལྡན་མི་མཉམ་ཁྱད་པར་ཅན། འགལ་དང་རྒྱུ་དང་སྦྱར་བ་དང་། དཔེ་དང་ལྡོག་པ་ཅན་དང་འགོག མཉམ་འཇོག་གཟུགས་ཅན་བསྙོན་དོར་རྒྱན་ཟེར་བ་ལྟར། རྟའི་མིང་འདོགས་དུས་སུ་གཟུགས་རྒྱན་ལྟར་དུ་འདྲ་འབྲེལ་རྒྱུ་མཚན་གང་རུང་དུ་བྱས་ནས་མིང་བཏགས་པ་ཧ་ཅང་མང་ངོ་།། དཔེར་ན་རྟ་འདོ་བ་རླུང་གི་གཤོག་པ་ཅན་ལྟ་བུ། རྟ་ལ་གཤོག་པ་མེད་ན་ཡང་རྟ་འདོ་བ་རླུང་གི་གཤོག་པ་ཅན་ཅེས། རྟ་ལ་རླུང་གི་གཤོག་པ་སྦྱར་ནས་མགྱོགས་པས་མཚོན་བྱེད་དུ་བཀོད་དེ། རྟའི་བང་རྩལ་རླུང་གི་འཁོར་ལོ་ལ། མགྱོགས་བང་ཆེན་རླུང་གི་དཀྱིལ་འཁོར་གྱི་སྣང་བརྙན་སྦྱར་ནས་གཟུགས་རྒྱན་ལྟར་དུ་མིང་བཏགས་ཡོད། རླུང་མ་གཞི་ནས་གཡུག་པ་མགྱོགས་ན་ཡང་རླུང་ལ་གཤོག་པ་སྦྱར་ན་ཤིན་དུ་མགྱོགས་པའི་ངང་ཚུལ་ལྟར་རྟ་ལ་ཡང་དེ་དང་འདྲ་བའི་ཁྱད་ཆོས་ལྡན་ཕྱིར། གངས་ལ་བརྔམས་པའི་སེང་གེ་དང་། ནགས་ལ་མཆོངས་པའི་རྒྱ་སྟག ཆབ་ལ་འཁྱུགས་པའི་ཉ་མོ་བཞིན་གསོན་ཉམས་ལྡན་པའི་སྣང་ཚུལ་བརྗོད། ཡང་རྟ་འདོ་བ་རྨིག་བཞི་འཁོར་ལོ་ཅན་ལྟ་བུ་ལ་མཚོན་ན། རྟའི་རྨིག་པ་རེ་རེའི་འོག་ཏུ་འཁོར་ལོ་སྤྲད་ཡོད་པ་ལྟ་བའི་ངང་ཚུལ་བརྗོད་ནས་རྟའི་བང་རྩལ་ཤུགས་ནས་བསྟན་ཡོད། གཞན་རྟ་འདོ་བ་གློག་དམར་འཁྱུག་ཤེས་ཅན། རྟ་འདོ་བ་རླུང་ནག་འཚུབ་ཤེས་ཅན། རྟ་འདོ་བ་རླུང་ནག་རྗེས་གཅོད་ཅན། རྟ་འདོ་བ་གྲུ་གུ་མགྱོགས་ཆེན་ཅན། རྟ་འདོ་བ་མགྱོགས་པ་མེ་ཆེན་འདྲ། རྟ་འདོ་བ་སྤྲིན་དཀར་རླུང་འཛིན་ཅན། རྟ་འདོ་བ་ནམ་མཁའི་གློག་དམར་འདྲ་ལྟ་བུ་སོགས་གོང་གི་མིང་འདོགས་སྟངས་འདི་དག་ལ་བསམ་བློ་རེ་བཏང་དུས་བོད་མི་རྣམས་ཀྱིས་སྙན་ངག་སོགས་ཀྱི་རིག་གནས་སློབ་གྲྭ་འགྲིམ་ནས་སློབ་སྦྱོང་བྱས་མ་མྱོང་ན་ཡང་། ཁོ་ཚོས་སྙན་པའི་ཉམས་དོད་ནས་མིང་འདོགས་ཚུལ་གྱི་བློ་གྲོས་ནི་ཡ་མཚར་ལ་རྨད་དུ་བྱུང་བ་ཞིག་སྣང་བྱུང་། གཞན་ཡང་རྟ་ལ་བརྟེན་ནས་བརྩེ་དུང་མཚོན་པའི་སྙན་ཚིག་ཡང་མང་དུ་སྣང་ལ། མང་ཆེ་ཤོས་གཏམ་དཔེ་དང་བཏགས་པ། གླུ་ཚིག་སོགས་ཀྱི་ནང་དུ་དཔེ་དཔེ་ཅན་གྱི་འདྲེན་ལུགས་ཧ་ཅང་མང་། དཔེར་ན་ལྷོ་ཁའི་དམངས་གཞས་ཁག་ཏུ་རྟ་ཕོ་བཀྲ་ཤིས་གྲོ་དཀར། མི་ཕོ་སྐྲ་ཡག་སོ་ཡག བཀྲ་ཤིས་གྲོ་དཀར་མཐོང་དུས། སྐྲ་དཀར་སོ་དཀར་དྲན་བྱུང་ལྟ་བུ་སྙན་ངག་གི་མཛེས་པའི་ཉམས་དོད་ནས་ཡིད་ཀྱི་འགྱུར་བ་བཅིངས་དེ་ཕ་རོལ་པོ་དྲན་པའི་སེམས་འཕྲིན་བསྐུར་བའི་སྙན་ཚིག་ཡང་མང་དུ་བྱུང་།

psc༤.jpg

གཉིས། འདབ་ཆགས་དང་རི་དྭགས་སོགས་གྱི་ཁྱད་ཆོས་ལྟར་འདོགས་ལུགས།

རྟའི་ཁྱད་ཆོས་ཀྱི་ཆ་ནས་འདབ་ཆགས་དང་རི་དྭགས་ཀྱི་ཁྱད་ཆོས་ལྟར་འདོགས་ལུགས་སྤྱིར་དམངས་ཁྲོད་དུ་ཧ་ཅང་དར་ཁྱབ་ཆེ་ལ། ལྷག་པར་དུ་འཛམ་གླིང་གི་སྙན་རྩོམ་རིང་མོ་གླིང་གེ་སར་རྒྱལ་བོའི་སྒྲུང«རྟ་རྒྱུག་རྒྱལ་འཇོག»ལས་སྨུག་པོ་གླིང་གི་གདུང་རྒྱུད། གླིང་ལྷ་སྡེ་དཀར་པོའི་རྒྱལ་པོ། མ་སེང་ལྕམ་འབྲུག་མོའི་སྐྲ་བདག གླིང་སེང་ཆེན་མི་ཡི་ཉི་མ་ལྷ་སྲས་ཇོ་རི་དེ་ཉིད་གསེར་ཁྲི་ཟིལ་གྱིས་ནོན་ཏེ་མཛངས་མའི་ཡོན་ཏན་བརྒྱད་དང་ལྡན་པའི་སྐྱ་ལོ་སེང་ལྕམ་འབྲུག་མོ་ཁབ་ཏུ་བཞེས་པའི་དུས་རབས་དེའི་གཡས་གཡོན་དུ་འདྲ་བ་དང་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་འཁོད་པ་དཔེར་ན་རྐྱང་རྒོད་གཡེར་བ་དང་རྐྱང་ཆུང་རླུང་གཤོག འཕར་བ་རྔ་ནག རྐྱང་ཁྲ་མཚམས་ཤེས། ཤ་རྐྱང་དྲེལ་མགོ། སེང་གེ་ངང་ཁྱུང་། རྒྱ་སྟག་དམར་པོ། ཤ་བ་རྒྱ་མཛངས། དྲེལ་མོ་དགུ་ཆོད། འབྲོང་འདུར་སྨུག་པོ། སྲམ་ནག་འཛུམ་ཤེས། སྤྱང་ཁྲ་འཁྱམ་ཤེས། མཚལ་སྟག་འཁྱམ་ཤེས། རྒྱ་བྱ་སོག་དཀར། ངང་བ་གསེར་སྒོང་། ཐང་ནག་དགུ་འགྲོས། ངང་དཀར་འགྲོ་སྐྱིད། ཕོ་རོག་སྟོང་འཆམ། བྱ་རོག་འཁྱམ་ཤེས། རྨ་བྱ་ཁྲི་ཆེན། རྨ་བྱ་མཚལ་ལུ། རྨ་བྱ་ཁྲི་དཀར། བྱ་ཁྲ་འཕུར་ཤེས། གོ་བོ་ལྡིང་ཤེས། གླག་མོ་འཛུམ་ཤེས། ཁྱ་བྱུག་དེང་ཡག ཐང་དཀར་གཤོག་ཡག ཐང་དཀར་འཕུར་ཤེས། ངང་དཀར་འགྲོ་སྐྱིད། ངང་བ་འཛོམ་བཟང་། ལྕུང་ཀ་འཕུར་ཤེས། བྱ་དཀར་ལྡིང་ཤེས། ཁུ་བྱག་འཕུར་ཤེས། གསེར་ཉ་འཕུར་ཤེས། དུང་བྱ་རྣ་ཁྲ་སོགས་ཡིད་སེམས་འཕྲོག་ལ་གསོན་ཉམས་ལྡན་པའི་མིང་ཧ་ཅང་མང་བོ་ཡོད། དེ་དག་ནི་སྒྱུ་རྩལ་གྱི་མཛེས་པ་དང་མཛེས་དཔྱོད་ཀྱི་རིན་ཐང་གཞི་བྱས་ནས་བདག་པོའི་རྟ་ལ་བཅིངས་བའི་སྨོན་འདུན་དང་རེ་བའི་ངང་ནས་བཏགས་པ་བགྲང་གིས་མི་ལང་།

གསུམ། རིན་ཆེན་གསེར་དངུལ་དང་རྒྱན་ཆ་སོགས་ཀྱི་ཁྱད་ཆོས་ལྟར་འདོགས་ལུགས།

བོད་མི་རིགས་ཀྱི་འཚོ་བའི་ཁྲོད་དུ་གསེར་དངུལ་དང་རྒྱན་ཆ་སོགས་ནི་ཆེས་རྩལ་ཆེ་བའི་རིན་པོ་ཆེ་རུ་བརྩི་ལ། «བོད་ཀྱི་ལོ་རྒྱུས་སྡོམ་བྱང་བློ་གསལ་བདེ་ལམ» ལས་“སྟེང་གཉིས་ཕྱི་མའི་དུས་སུ་མཛངས་བློན་གྱི།། ཐོག་མར་གྱུར་བ་རུ་ལས་སྐྱེས་འདི་བྱུང་།། མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང་།། དེ་ཡིས་རྡོ་བཞུས་གསེར་དངུལ་ཟངས་ལྕགས་བྱུང་།། ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས།། ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས།། རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས།། བརྒལ་བའི་མི་ཐར་ཆུ་ལ་ཟམ་པ་བཙུགས།།”ཞེས་པ་ལས་མཛངས་མི་རུ་ལས་སྐྱེས་ཀྱི་སྐབས་ནས་བཟུང་བོད་ལ་གསེར་དངུལ་ཟངས་ལྕགས་བཞུ་བའི་སྲོལ་ཡོད་པར་མ་ཟད། གསེར་དངུལ་ཟངས་ལྕགས་རིན་པོ་ཆེ་ལ་བསམ་ནས་བསྲེགས་བཅད་བརྡར་གསུམ་དང་གོང་བཀུར་བླ་ལྷག་བྱེད་ཀྱིན་ཡོད། དུས་སྟབས་ཀྱིས་རྟ་འདོ་བའི་རིན་ཐང་གསེར་ལས་ལྷག་ཅེས་རིན་པོ་ཆེ་གསེར་དངུལ་སོགས་ཀྱི་ཆ་བཞག་ནས་མིང་འདོགས་ཀྱིན་ཡོད་པ་ནི། དཔེར་ན་གསེར་བྱ་འཕུར་ཤེས། གསེར་བྱ་གདོང་དཀར། གསེར་གཤོག་བང་གི་ནོར་བུ། གསེར་ལྡན། དངུལ་ཕྲུག་ལྡེམ་པ། གཡུ་བྱ་རྟེའུ་སྔོན། གཡུ་བྱ་རྔོག་ནག གཡུ་བྱ་འཕུར་ཤེས། སྟོང་རི་གཡུ་སྔོན། དུང་བྱ་རྣ་ཁྲ། དུང་བྱ་གདོང་དྲུག གཟི་སྐྱེས་ལྕོང་ཆུང་། མུ་ཏིག་གཤོག་ལྡན། དངོས་གྲུབ་ལྡེམ་པ། ནམ་མཁའི་ཞུན་ཐུགས། ནོར་བུ་ལྷ་འཆམ། ནོར་བུ་ཁྱུང་སྐྱེས། ནོར་བུ་རླུང་འཛིན། སྨུག་གུ་དར་དཀྲིས་སོགས་ནམ་མཁའི་སྐར་མ་བཞིན་མང་ངོ་།།

མཇུག་སྡུད་པ།

དཔྱད་རྩོམ་འདི་ཞིབ་འཇུག་བྱས་པའི་དོན་སྙིང་ནི་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱི་རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་ལས་རྟ་མཆོག་རིན་པོ་ཆེ་ནི་ཁ་དོག་དཀར་པོ་ལྷའི་གཙུག་རྒྱན་སོགས་ཀྱིས་བརྒྱན་པ་མདོག་དབྱིབས་བོངས་ཚད་ཕུན་སུམ་ཚོགས་པ། ཉིན་གཅིག་ལ་འཛམ་བུ་གླིང་དུ་ལན་གསུམ་བསྐོར་ཐུབ་ཅིང་ངལ་བ་མེད་པའི་བཞོན་པ་བརྩོན་འགྲུས་ཀྱི་དཔེ་ལ་སྦྱར་ནས་བསྟོད་བསྔགས་བྱས་ཡོད་པ་དང་། རྒྱལ་སྲིད་སྐྱོང་དུས་རྟ་མཆོག་རིན་པོ་ཆེ་མེད་དུ་མི་རུང་བ་མཚོན་ཡོད། རྒན་དཔལ་པོ་ལགས་ཀྱི་བལ་དཀར་པོ་སྲུང་གི་མདུད་པ་ཅན་ཞེས་པའི་དཔེ་དེབ་ལས་རྟ་ཕོ་ནི་བླ་གྲྭ་དང་རྒྱལ་བློན། དབུལ་ཕྱུག་དང་བཙན་གཉོམ། ཕོ་མོ་དང་རྒན་དར་ཁྱད་མེད་ཀྱི་བཅིབས་པ་ཡིན་ཞིང་། དབང་དང་རྒྱུ་ནོར། ཐོབ་དང་གོ་ས། ལུས་དང་ལང་ཚོ་ཁྱད་མེད་ཀྱི་གཅེས་ནོར་ཡིན་ཟེར་བ་ལྟར། རྟ་མཆོག་རིན་པོ་ཆེའི་རང་དོན་དོར་ནས་གཞན་དོན་སྒྲུབ་པའི་རླབས་ཆེན་གྱི་གྲོགས་པོ་ཡིན་པས་དེ་ལ་མཐེ་བོང་མི་སྒྲེང་མཁན་གཅིག་ཀྱང་མེད། དུས་སྟབས་ཀྱིས་ང་ཚོས་ཡང་རྟའི་དྲིན་ལན་མི་བརྗེད་པའི་ཕྱིར་དུ་རྟ་ལ་གཙིགས་མཐོང་བྱེད་དགོས་པ་དང་། རྟའི་ལོ་རྒྱུས་ཅུང་ཙམ་ཤེས་དགོས། དེ་ན་ཚན་རིག་ལག་རྩལ་ཡར་ངོས་ཟླ་ལྟར་འཕེལ་བའི་དུས་རབས་འདིར་གནམ་གྲུ་དང་རླངས་འཁོར། འཕྲུལ་རྟ་སོགས་དར་ཁྱབ་ཆེ་བའི་འདོ་བ་རྟའི་བཀོད་སྤྱོད་ཀྱི་རིན་ཐང་ཆུང་དུ་ཕྱིན་པས། རྟའི་མིང་གི་འདོགས་ལུགས་ཡང་ཉམས་དམུས་སུ་འགྲོ་བའི་སྣང་བ་སྟེར། ད་དུང་རྟའི་མིང་གི་འདོགས་ལུགས་དཔེར་ན་ཨ་མདོའི་ཡུལ་གྱི་སྒོ་ཕྱུགས་ཀྱི་མིང་འདོགས་ལུགས་ལ་སོགས་ཀྱི་དཔྱད་རྩོམ་འགར་སྣང་ཡང་། འཐུས་ཚང་བ་ཞིག་ལག་སོན་མ་བྱུང་། དེའི་སྟབས་ཀྱིས་རང་ནུས་ཅི་ལྕོག་གིས་འདིའི་ཕྱོགས་ནས་བྱ་བ་ཅུང་ཙམ་བསྒྲུབ་ཐུབ་ན་ཕན་པ་ཆེ་བར་སྙམ། དཔྱད་རྩོམ་འདི་ཞིབ་འཇུག་བྱས་པ་བརྒྱུད་ནས་རྟའི་མིང་འདོགས་ལུགས་ཀྱི་རིག་གནས་ལ་མོས་འདུན་ཆེ་བའི་སྐྱེ་བོ་དག་ལ་རྒྱུ་ཆ་རེ་མཁོ་སྤྲོད་བྱེད་ཐུབ་པ་དང་། དཔྱད་རྩོམ་འདི་ལེགས་འགྲུབ་བྱུང་རྗེས་མི་རབས་རྗེས་མ་རྣམས་ལ་དཔེ་སྟོན་དུ་འགྱུར་ཐུབ་པའི་ཀུན་སློང་གཙང་མ་དང་བཅས། མིང་གི་རིག་གནས་ལ་བྱང་ཆུད་ན་རྩོམ་འབྲིའི་ནུས་པ་ཡང་ཞབས་འདེགས་ངེས་ཅན་ཞུ་ཐུབ་པའི་དོན་སྙིང་ལྡན།

དཔྱད་རྩོམ་འདི་ཞིབ་འཇུག་བྱས་པའི་ནང་དོན་གཙོ་བོ་ནི་ཡིག་ཚགས་སུ་བཀོད་པའི་རྟའི་སྐོར་ལ་རྒྱ་བོད་སོག་གསུམ་དང་མི་རིགས་གཞན་པ་དག་གིས་བརྗོད་བྱ་བགྲང་གིས་མི་ལང་བ་ཡོད་ལ། དེའི་ནང་ནས་སྒང་བ་བོད་ཀྱི་ཡིག་ཚགས་འགའ་དྲངས་ཡོད་པར་མ་ཟད། རྟའི་མིང་གི་རྣམ་གྲངས་ཡང་རྒྱུན་སྤྱོད་ཀྱི་མིང་བརྡ་འགའ་ལ་འགྲེལ་བ་བྱས་པ་བརྒྱུད་ནས་རྟའི་མིང་གི་འདོགས་ལུགས་བྱེ་བྲག་ཏུ་ལོ་གྲངས་ལྟར་འདོགས་ལུགས་ལ་དཔེར་ན་ལོ་གཅིག་ཅན་ལ་རྟེའུ་དང་ལོ་གཉིས་ཅན་ལ་ཐོ་རུ། སྤུ་མདོག་ལྟར་འདོགས་ལུགས་ལ་དཔེར་ན་རྟ་རྐྱང་རྐྱང་དང་གྲོ་གྲོ། ཕོ་མོའི་དབྱེ་བ་ལྟར་འདོགས་ལུགས་ལ་དཔེར་ན་རྟ་ཆེན་དང་རྒོད་མ། བདག་པོའི་དགའ་མོས་ལྟར་འདོགས་ལུགས་ལ་དཔེར་ན་གཡུ་འབྲུག་སྔོན་མོ་དང་རམ་རྒྱས་སྔོན་མོ། ཡུལ་དང་ལས་བགོས་ལྟར་འདོགས་ལུགས་ལ་དཔེར་ན་བོད་གངས་ཅན་གྱི་ཡུལ་ན་གནས་པའི་བོད་རྟ་དང་བླ་མ་དང་དཔོན་པོའི་བཅིབ་རྟ་ལ་ཆིབས་རྟ།  ཁྱད་ཆོས་ཀྱི་ཆ་ནས་འདོགས་ལུགས་ལ་སྙན་ངག་ལས་གཟུགས་རྒྱན་གྱི་ཁྱད་ཆོས་ལྟར་འདོགས་ལུགས་དང་འདབ་ཆགས་དང་རི་དྭགས་སོགས་གྱི་ཁྱད་ཆོས་ལྟར་འདོགས་ལུགས། རིན་ཆེན་གསེར་དངུལ་དང་རྒྱན་ཆ་སོགས་ཀྱི་ཁྱད་ཆོས་ལྟར་འདོགས་ལུགས་སོགས་རིམ་པ་བཞིན་བརྗོད་ཡོད།

རྟའི་མིང་འདོགས་སྟངས་ནི་རང་རེའི་བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་དང་། ཐུན་མོང་རིག་གནས་ཀྱི་རྣམ་གཞག་ལས་ཡིད་བཟོ་ཕལ་བ་འཆད་སྐབས་དམིགས་བསལ་གྱི་བརྟག་ཐབས་མཆིས། དེར་མ་ཟད་རྒྱལ་བོ་གནམ་རི་སྲོང་བཙན་གྱིས་བྱང་ཐང་དུ་འབྲོང་གཡག་གཅིག་བསད་པ་དང་འབྲོང་ཤ་རྟ་ལ་བཀལ་ནས་ལོག་སྐབས་འབྲོང་ཤ་ས་ཐོག་ཏུ་ལྷུང་བས་ཚྭ་ཡི་བྲོ་རྙེད་དེ་བྱང་ནས་ཚྭ་ལེན་པའི་སྲོལ་བྱུང་བ་སོགས་ལས་བོད་མི་རིགས་ཀྱི་ཐོན་སྐྱེལ་ངལ་རྩོལ་དང་། ཡུལ་སྲོལ་གོམས་གཤིས། བསམ་བློའི་འདུ་ཤེས་སོགས་རྟ་དང་འབྲེལ་ཐུབ་མེད་པ་ཤེས། འདི་དག་ལ་བསམ་བློ་རེ་བཏང་ན་རྟ་ནི་བོད་མི་རིགས་ལ་དྲིན་ལན་གཞལ་དུ་མེད་པས་རྟ་ཡི་མིང་གི་འདོགས་ལུགས་ཤེས་དགོས་པའི་ངེས་པ་ཧ་ཅང་ཆེ་བར་སྙམ།

20311705031897_.pic_hd.jpg

20321705031898_.pic.jpg


དཔྱད་གཞིའི་ཡིག་ཆ།

[1].ཨ་ལགས་དམུ་དགེ་བསམ་གཏན་གྱིས་བརྩམས། བོད་ཀྱི་ལོ་རྒྱུས་ཀུན་དགའི་མེ་ལོང་། [M] མི་རིགས་དཔེ་སྐྲུན་ཁང་། 2010ལོའི་ཟླ1པོར།

[2]. ཆོས་རྒྱལ་སྲོང་བཙན་སྒམ་པོའི་མཛད། བཀའ་ཆེམས་ཀ་ཁོལ་མ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།  2015ལོའི་ཟླ9པར།   

[3]. དཔའ་བོ་གཙུག་ལག་ཕྲེང་བས་བརྩམས། རྡོ་རྗེས་རྒྱལ་པོས་བསྒྲིགས། ཆོས་འབྱུང་མཁས་པའི་དགའ་སྟོན། [M] མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ1པོར།   

[4].མཁས་གྲུབ་གྱིས་བརྩམས། ལྷོ་ཁའི་ཆོས་འབྱུང་སྐྱེས་མའི་ནུ་རིན།  [M]   མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ12པར།

[5]. བསྟན་འཛིན་ཕྲིན་ལས་ཀྱིས་བརྩམས། རྟ་དཔྱད་མཐོང་བ་ཀུན་གསལ་དངུལ་དཀར་མེ་ལོང་། ཡོངས་འཛིན་དེབ། [OL]

[6]. ཀྲང་དབྱི་སུན་གྱིས་རྩོམ་སྒྲིག་བྱས། བོད་རྒྱ་ཚིག་མཛོད་ཆེན་མོ། [G]  མི་རིགས་དཔེ་སྐྲུན་ཁང་། 1985ལོར། 

[7]. དཔལ་དམ་ཆོས་ཀྱིས་བརྩམས། མདོ་སྨད་ཙོང་ཁའི་ཡུལ་གྱི་འབྲོག་རུ་སྡེ་ཆེན་མོ་ཐགས་པ་སྡེ་བའི་ལོ་རྒྱུས་ཐེམ་ཆེན་འཛིན་མའི་གསེར་བུམ་ཞེས་བྱ་བ་བཞུགས་སོ། [M]   མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ11པར།

[8].ཐུབ་བསྟན་ཕུན་ཚོགས་ཀྱིས་རྩོམ་སྒྲིག་བྱས། བོད་ཡིག་ཚིག་གཏེར་རྒྱ་མཚོ། [G] སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2012ལོའི་ཟླ7པར།  

[9]. ལྕགས་ཐར་རྒྱལ་གྱིས་བརྩམས། བོད་ཀྱི་བརྡ་སྤྲོད་སྤྱི་རྣམ་རིག་འཕྲུལ་སྣང་མཛོད། [M] ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009ལོའི་ཟླ9པར། ཤ208ན་གསལ།

[10].གཉན་སྲས་སྤྱི་སྟེགས།  ཨ་ཁུ་སྨན་བླའི་རྟ་བཤད། [MT]

[11].གཅོད་པ་དོན་གྲུབ་དང་རྡོ་རྗེ་ཚེ་རིང་གིས་དག་སྒྲིག་བྱས། བསྡུས་སྒྲུང་རབ་སྙན་དྲི་ཟའི་པི་ཝང་། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1988ལོའི་ཟླ8པ།

[12].དྲན་པའི་ཡེ་ཤེས་གྲགས་པས་བརྩམས། སྨྲ་སྒོ་མཚོན་ཆ། [M]  མི་རིགས་དཔེ་སྐྲུན་ཁང་། 1980ལོའི་ཟླ1པོར།

[13].གཅོད་པ་དོན་གྲུབ་ཀྱིས་བསྒྲིགས། གེ་སར་རིག་པའི་སློབ་དེབ།  [M] མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ10པར།

[14].རྣམ་ཐར་རྒྱལ་གྱིས་བསྒྲིགས། སློབ་ཆེན་བོད་ཀྱི་སྐད་ཡིག [M]

[15].ཨ་ལགས་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས་བརྩམས། སྙན་ངག་ལ་འཇུག་ཚུལ་ཚིག་རྒྱན་རིག་པའི་སྒོ་འབྱེད། [M] མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  2009ལོའི་ཟླ9པར།

[16].རྣམ་ཐར་རྒྱལ་གྱིས་བསྒྲིགས། སློབ་ཆེན་བོད་ཀྱི་སྐད་ཡིག [M] མི་རིགས་དཔེ་སྐྲུན་ཁང་། 2006ལོའི་ཟླ10པར།  

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།