དཔལ་ལྷའི་རི་ཁྲོད་དང་ཡང་ན་དཔལ་ལྷའི་རི་རབ་ཏུ་འབོད་པའི་དཔལ་ལྡན་ལྷ་མོའི་དུས་ཆེན་ནི་བོད་དབུས་ཁུལ་གྱི་དུས་ཆེན་ཞིག་སྟེ། བོད་ཟླ་བཅུ་པའི་ནང་ལྷ་ལྡན་སྤྲུལ་པའི་གཙུལ་ལག་ཁང་གི་གནས་སྲུང་གཙོ་བོ་དཔལ་ལྡན་ལྷ་མོའི་གསོལ་མཆོད་དུས་ཆེན་ཡིན་ཅིང་། ཟླ་བ་དེའི་ཚེས་གཅིག་ནས་བཟུང་ལྷ་ས་ཁུལ་དུ་རྣམ་ཀུན་གྱི་སློང་མོ་བ་འདྲ་མིན་ཁག་ཙམ་མ་ཟད་བྱིས་པ་དང་ལྷ་ཁང་ཁག་གི་དཀོན་གཉེར་སོགས་ནས་དཔལ་ལྷའི་མདུན་ཆང་ཞེས་དངུལ་སློང་སྲོལ་ཡོད། ཚེས་བརྒྱད་དགུ་ཙམ་ནས་གཙུག་ལག་ཁང་གི་དཔལ་ལྷ་ལྕོག་ལ་རྨེ་རུ་དགོན་པའི་ཚོགས་ཡོངས་ནས་གཏོར་སྒྲུབ་ཚུགས། དེ་སྔོན་གུང་ཐང་བླ་མ་ཞང་གི་གཏེར་བཞེས་དཔལ་ལྷ་དྲག་མོའི་ཞལ་འབག་གསོལ་བའི་སྐུ་གསོབ་དེ་ན་བཟའ་དང་རྒྱན་ཆ་གཟབ་པར་སྒྲོན་ཐོག་གཙུག་ལག་ཁང་གི་ཐོག་ཁར་དཔལ་ལྷ་ལྕོག་གི་སྒོ་འགྲམ་གྱི་ཀ་ཕིབས་འོག་ཏུ་གདན་དྲངས། ཞལ་ལྷོ་རུ་གཟིགས་ནས་བཞུགས་སུ་གསོལ་བའི་མདུན་དུ་མཆོད་སྤྲིན་བཤམས། ལྷ་ས་བ་ཚོས་བསང་གསོལ་གསེར་སྐྱེམས་འབུལ་བ་སོགས་བྱེད། དཔལ་གསོལ་མ་ཞེས་དཔལ་ལྷའི་གསོལ་མཆོད་བྱེད་མཁན་མི་དྲག་ཁག་གཅིག་ལ་ཁྲལ་འཁྲིའི་རང་བཞིན་གྱིས་འཛུགས་དགོས་པའི་བུད་མེད་བཅུ་གྲངས་ཤིག་ཡོད་པ་དེ་ཚོས་ལྷ་སའི་བུད་མེད་ཀྱི་རྒྱན་གོས་གཟབ་ཤོས་བཀླུབས་ཏེ་དཔལ་ལྷ་ལྕོག་གི་སྒོ་འགྲམ་དུ་གྲལ་ལ་འཁོད་ནས་བསྡད། ཁོང་ཚོར་ཡང་དབུ་མཛད་ཅེས་ལོ་ན་རྒན་ལ་རྒྱུས་མངའ་ཆེ་བ་ཞིག་གིས་འགོ་འཛིན་བྱེད། ལྕོག་གི་སྦུག་ཏུ་རྨེ་རུ་དགོན་གྱི་དགེ་འདུན་པ་ཚོས་ཞལ་འདོན་གསུངས་སྐབས་དཔལ་གསོལ་མ་ཕལ་ཆེ་བས་ཀྱང་དཔལ་ལྷ་ཞི་དྲག་གི་བསྐང་བཤགས་བསྟོད་འཕྲིན་སོགས་མཉམ་འདོན་བྱེད། ཚེས་བཅུ་བཞི་ཉིན་གྱི་ཐོ་རེངས་སྔ་ཆར་སྐུ་གསོབ་འདི་ཉིད་གཙུག་ལག་ཁང་གི་ཡངས་སྟེང་ཁྱམས་འོག་ཏུ་གདན་དྲངས་ནས་ཁྲུས་གསོལ་དང་འབྲེལ་བའི་དཀོན་གཉེར་ནས་ཞལ་བསིལ་ཞུས་ཏེ་རྩེ་ཕྱག་ནས་ཞལ་གསེར་འབུལ་མི་རྩེ་ཕྱག་ནང་བགྲེས་པ་གཅིག་དང་།
< ལྷ་མོའི་བླ་མཚོ། >
གཏན་འཇགས་ཟུར་འཕྱོངས་ལྷ་བྲིས་པ་བཅས་ནས་སྒྲོན་འབུལ་ཞུས། རྩེ་འཕྲལ་སྡེ་ཕྱག་མཛོད་དང་། བླ་ཕྱག་སོ་སོ་ནས་ཐུགས་སྨོན་སྙན་ཤལ་སྣ་ལྔ་སྒྲོན་འབུལ་ཞུས་ཐོག་གསེར་ཞིབ་སོགས་རིན་ཆེན་སྣ་ལྔ་ཞིབ་ཞིབ་དངོས་སུ་ཡོད་པའི་གསེར་སྐྱེམས་འབུལ་ལམ་ཞུས། བཀའ་ཤག་ལྷན་ཚུགས་གནང་མ་ཐག་ཏུ་བཀའ་བློན་ལྷན་རྒྱས་འཕྲིན་བཅོལ་ལ་ཕེབས། དེ་མཇུག་གཞུང་ཞབས་སེར་སྐྱ་ངོ་མ་རྣམས་དང་། མི་མང་ཕོ་མོ་ཆེ་འབྲིང་ཆུང་གསུམ་མཐའ་དག་གཟབ་འཆོར་དང་ལྡན་པ་འཚངས་གཤིབས་ཀྱིས་ཡོང་སྟེ་འཕྲིན་སྐྱེམས་དང། སྙན་ཤལ་འབུལ། རྨེ་རུ་ཚོགས་ཡོངས་ནས་གཟབ་གསོལ་གྱི་ཆོ་ག་དང་། ཚོགས་གཏོར་བཤམས་འབུལ་ཟིན་རྗེས་དངོས་གྲུབ་གཏོར་མ་ཞེས་གཙུག་ལག་ཁང་གི་དཀྱིལ་འཁོར་མཐིལ་གྱི་གནམ་ཡངས་སྟེང་ནས་རྒྱ་ཕིབས་འོག་ཏུ་འཛོམས་པའི་མཇལ་དམངས་ཚོར་ཚོགས་གཏོར་སྟེར་བ་ཧབ་ཐོབ་ཀྱི་དངོས་གྲུབ་ཐོབ་པར་རྩི། དེའི་དགོང་མོ་དཔལ་ལྷ་དྲག་མོ་དེ་བཞིན་ཇོ་བོ་རིན་པོ་ཆེའི་མདུན་ཐད་པང་བཅལ་སྟེང་གདན་ཞུ་ཞུས་ཏེ་ཇོ་བོ་དང་ཞལ་སྤྲོད་ཀྱིས་བཞུགས་སུ་གསོལ།
ཚེས་བཅོ་ལྔ་ཉིན་ཞོགས་པ་སྔ་པོ་ནས་ལྷ་ས་བའི་ཁྱིམ་འཛིན་མ་རྣམས་རྒྱན་གོས་གང་གཟབ་གྱོན་ཏེ་དཔལ་ལྷ་གསོལ་མཆོད་བྱེད། ཉི་དྲོད་ཙམ་དུ་དཔལ་ལྷ་སྦལ་གདོང་གི་སྐུ་གསེབ་དེ་ཇོ་ཁང་འོག་ཤོད་ཀྱི་ལྷ་ཁང་ལྷོ་མ་རྣམས་ཀྱི་མདུན་བརྒྱུད་འཁྱམས་རའི་མཐིལ་དུ་གདན་དྲངས། ཕྱག་གཡས་པའི་ཕྱག་མཚན་བེ་ཅོན་བླངས་ནས་རལ་གྲི་མེ་རིས་ཅན་ཞིག་ཕུལ། བླ་བྲང་ཕྱག་མཛོད་ལས་ཁུངས་ནས་སྙན་དར་སྒྲོན། རྨེ་རུ་དགོན་གྱི་དགེ་འདུན་ཚོས་ན་བཟའ་བཞེས་ཐོག་འཕྱར་དར་དང་། སྤོས་སྣེ་བའི་སྣེ་ཁྲིད་འོག་རྔ་རོལ་བ་ཚོས་རྩེ་ཞྭ་དང་། སྒྲོ་ལུ་སྒྲོག་གདན་སྒར་བའི་ཟླ་གམ་བསྣམས། སྤོས་ཕོར་བ་ཚོས་རྩེ་ཞྭ་དང་། གོས་ཆེན་གྱི་ཕྲག་ཁེབས་གྱོན། དངུལ་གྱི་སྤོས་ཕོར་ཐོགས་པ་སོགས་བྱས་ནས་གྲལ་བསྟར་སྒྲིག་པའི་རྗེས་སུ་དཔལ་ལྷའི་སྐུ་གསོབ་དེའི་ནང་སྐུ་བསྟེན་པ་ཞེས་རྨེ་རུའི་གྲྭ་པ་སྡོམ་ལྡན་བསྙེན་པ་སོང་ནས་སེང་ལྡེང་སྒོ་མོ་དང་འཁྱམས་ར་བརྒྱུད་ལྷ་སའི་བར་བསྐོར་དུ་ཕེབས་སྐབས་མི་མང་ཕོ་མོ་དང་བལ་འབྲུག་སོགས་ཚང་མས་སྙན་དར་ཕུལ། ལྷ་མོའི་སྐུ་རྒྱབ་ཏུ་རྨ་བྱའི་གདུགས་འཁྱེར་མཁན་གྲྭ་པ་ཕྲག་ཁེབས་གྱོན་པ་ཞིག་དང་། ལྷ་མའི་རྒྱབ་མདུན་གཉིས་སུ་གྲྭ་ཆུང་འཆམ་གོས་གྱོན་ཞིང་ཆུ་སྲིན་དང་སེང་གེའི་གདོང་འབག་གྱོན་པ་གཉིས། ཞྭ་ནག་གི་ཆས་གོས་གྱོན་པའི་གྲྭ་པ་རྔ་འཁྱེར་བ་བཞི་དང་། རོལ་མོ་བ་གཅིག་སྐུ་འབུམ་ཐང་གི་ཁྲལ་པ་འགའ་ཞིག་གིས་རྒས་པོ་རྒྱལ་ཞེས་རས་དཀར་པོའི་ཕྱུ་པ་དང་། ལྷམ་རྡོག་གཅིག་མ་གྱོན་པ། སྒལ་པར་དར་ཚོན་སྣ་ལྔའི་དར་འཕྱང་། ལག་གཡས་པར་རྒྱུག་རིལ་ཁྲ་བོ་གཅིག་དང་། གཡོན་དུ་ཕུབ་ཁྱེར། སྐྱེས་པ་རྒས་པོ་རྒྱ་བོ་འཛུམ་བསྙེར་དགོད་པ་རལ་བ་དཀར་པོ་ཐོར་ཅོག་ཅན་གྱི་གདོང་འབག་གཅིག་གྱོན་པའི་འཁོར་དུ་ཐོག་ཁོག་དཀར་རིལ་གཉིས་དང་། ཨ་ཙ་ར་གཉིས་སོགས། དཔལ་གསོལ་མ་བཅས་གཙུག་ལག་ཁང་ནས་ཐོན་ཏེ་ཐོག་མར་ཀླུ་སྦུག(དེང་སང་མང་ཚོགས་སྒྱུ་རྩལ་ཁང་ཡོད་ས)ཏུ་གཏོར་ཟོར་འཕང་། དེ་ནས་ཁྲོམ་གཟིགས་ཁང་གི་ཐང་སྡེར(དེང་སང་ཁྲོམ་གཟིགས་ཁང་གི་ཚོང་ར)བར་སྐོར་ཤར་གྱི་ལམ་དཀྱིལ་སྒེར་བཤད་སྒྲའི་ཁང་པའི་ལྷོ་ངོས་བཅས་སུ་གཏོར་ཟོར་རེ་འཕེན། དེ་ཉིན་ཀརྨ་ཤག་གི་ཆོས་རྗེར་ཆོས་སྐྱོང་བྱ་ཁྲི་བ་ཁོག་ཞུགས་ཀྱིས་ལྷ་མོའི་རྗེས་སུ་འབྲངས་ནས་དགའ་ལྡན་དར་སྨྱོན་གྱི་འགྲམ་ནས་ལྷ་མོར་གུས་བཏུད་དང་བཅས་ཕྱིར་ལོག ལྷ་མོ་ཕེབས་སའི་ལམ་འཁེལ་དུ་ཡོད་པའི་སྐུ་དྲག་ཚོ་དང་། མི་དྲག་ཁག་ཚོས་གསེར་སྐྱེམས་དང་སྙན་དར་སྒྲོན་འབུལ། ལམ་ཁའི་གཡས་གཡོན་ནས་མང་ཚོགས་ཚོས་མཇལ་ཁ་ཞུ་བ་དང་། སྙན་དར་ཕུལ། ཕྱིར་འཁོར་མཚམས་འཁྱམས་རའི་ཀ་རིང་ལྷོ་ངོས་སུ་ལྷ་མོའི་གོས་ཐང་ཆེན་པོ་ཞིག་བཀྲམས་པའི་མདུན་མཆོད་པ་སྒྲིག ལྷ་མོའི་སྐུ་གསོབ་ཞལ་ཇོ་ཁང་དུ་ཕྱོགས་ནས་བཞུགས། དེ་གར་མངའ་གསོལ་གྱི་ཞལ་འདོན་གྲུབ་བསྟུན་སྐུ་གསོབ་ལྷ་ཁང་དུ་གདན་ཞུ་བྱེད། ལྷ་ས་བའི་བུ་མོ་སྤ་ཕྲུག་ཐོག་མར་གཡོག་མཁན་ཕལ་ཆེ་བར་དེ་ཉིན་སྤ་ཕྲུག་གཡོག མང་ཚོགས་ཚོས་དེ་ཉིན་ནས་དགུན་ཆས་པགས་ཚག་གྱོན། དེ་ནུབ་དགོང་ཟས་སུ་ཤ་འབྲས་བཟའ་བ་དང་། པོ་ཏ་ལའི་ཞོལ་དུ་ཡོད་པའི་དགའ་ཉེ་ཚོར་ཡང་ཤ་འབྲས་སྐྱེལ་སྲོལ་ཡོད།
༄༅། །ལྷ་མོའི་བསྐང་བསྡུས་རྐྱེན་ངན་ཀུན་སེལ་བཞུགས་སོ།།
༄༅། ། ཧཱུྃ། འོག་མིན་གནས་ཡུལ་དུར་ཁྲོད་ནས། །བདེ་གཤེགས་རྩ་གསུམ་ཆོས་སྐྱོང་རྣམས། །བསྐང་བའི་གནས་འདིར་གཤེགས་སུ་གསོལ། །བྱང་ཤར་མཁའ་འགྲོའི་དུར་ཁྲོད་ནས། །དཔལ་ལྡན་ལྷ་མོ་འཁོར་དང་བཅས། །བསྐང་བའི་གནས་འདིར་གཤེགས་སུ་གསོལ། །དུར་ཁྲོད་འབར་བའི་ཕོ་བྲང་འདིར། །དཔལ་ལྡན་ལྷ་མོ་སྔགས་སྲུང་མ། །མ་ལུས་འཁོར་བཅས་བཞུགས་སུ་གསོལ། །གུས་པའི་ཡིད་ཀྱིས་ཕྱག་འཚལ་མཆོད། །རྒྱལ་བ་རྣམས་ཀྱིས་བསྔགས་པ་ལྟར། །ལྷ་མོ་ཁྱོད་ལ་བསྟོད་པར་བགྱི། ། ཧཱུྃ་བྷྱོཿ འཁོར་འདས་དབང་བསྒྱུར་མ་མོ་ཡོངས་ཀྱི་རྗེ། །བསྟན་སྲུང་ཆེན་མོ་དཔལ་ལྡན་རེ་མ་ཏི། །དྲེགས་པ་བདུན་དང་མ་མོ་བྱེ་བ་འབུམ། །སྔགས་སྲུང་རྒྱལ་མོ་འཁོར་བཅས་ཐུགས་དམ་བསྐང་། །ཐུགས་དམ་གཉེན་པོ་བསྐང་བའི་དམ་རྫས་ནི། །སྨན་རཀ་གཏོར་ཚོགས་མཆོད་པས་ཐུགས་དམ་བསྐང་། །བམ་ཆེན་རྒྱལ་མཚན་མང་པོས་ཐུགས་དམ་བསྐང་། །ནམ་མཁའ་ཉི་ཟླ་མང་པོས་ཐུགས་དམ་བསྐང་། །མདའ་དར་མདུང་དར་མང་པོས་ཐུགས་དམ་བསྐང་། །མཁའ་ལྡིང་འདབ་ཆགས་མང་པོས་ཐུགས་དམ་བསྐང་། །སྟག་སེང་གཅན་སྤྱང་མང་པོས་ཐུགས་དམ་བསྐང་། །རྟ་གླང་དུད་འགྲོ་མང་པོས་ཐུགས་དམ་བསྐང་། །རི་གནས་ཆུ་གནས་མང་པོས་ཐུགས་དམ་བསྐང་། །ཆུ་སྣ་རྒྱ་མཚོ་མང་པོས་ཐུགས་དམ་བསྐང་། །སྟོང་གསུམ་རི་རབ་གླིང་བཞིས་ཐུགས་དམ་བསྐང་། །ནང་བཅུད་སྐྱེ་འགྲོ་མང་པོས་ཐུགས་དམ་བསྐང་། །རིན་ཆེན་རྣམ་པ་མང་པོས་ཐུགས་དམ་བསྐང་། །བདག་ཏུ་བཟུང་བའི་ཀ་ཆས་ཐུགས་དམ་བསྐང་། །ཚུལ་བཞིན་སྒྲུབ་པའི་དཀོར་ཆས་ཐུགས་དམ་བསྐང་། །བདག་མེད་གྲུབ་པའི་ནོར་གྱིས་ཐུགས་དམ་བསྐང་། །དར་ཟབ་རས་གོས་ཤིང་བལ་ཐུགས་དམ་བསྐང་། །ཤིང་ཐོག་སྨན་སྣ་མང་པོས་ཐུགས་དམ་བསྐང་། །འབྲས་སྲན་འབྲུ་སྣ་མང་པོས་ཐུགས་དམ་བསྐང་། །ཤ་ཆང་བཟའ་བཏུང་མང་པོས་ཐུགས་དམ་བསྐང་། །སྒྲ་སྐད་རོལ་མོ་མང་པོས་ཐུགས་དམ་བསྐང་། །གོ་མཚོན་སྤྱན་གཟིགས་མང་པོས་ཐུགས་དམ་བསྐང་། །རྐང་གླིང་བཤུད་པ་མང་པོས་ཐུགས་དམ་བསྐང་། །འདབ་ལྡན་མེ་ཏོག་མང་པོས་ཐུགས་དམ་བསྐང་། །སྤོས་གསུར་དུད་སྤྲིན་མང་པོས་ཐུགས་དམ་བསྐང་། །རྣམ་ལྔའི་དབང་པོ་ལྔ་ཡིས་ཐུགས་དམ་བསྐང་། །ཤ་ལྔ་བདུད་རྩི་ལྔ་ཡིས་ཐུགས་དམ་བསྐང་། །ཕྱར་དར་གཡབ་དར་མང་པོས་ཐུགས་དམ་བསྐང་། །དུག་ལྔ་དུག་གསུམ་རྣམས་ཀྱིས་ཐུགས་དམ་བསྐང་། །མཁའ་ལྟར་ཁྱབ་པ་ལྟ་བུའི་ཐུགས་དམ་བསྐང་། །ཉི་ལྟར་གསལ་བར་སྒོམ་པས་ཐུགས་དམ་བསྐང་། །བླང་དོར་བྲལ་བར་སྤྱོད་པས་ཐུགས་དམ་བསྐང་། །རེ་དོགས་མེད་པའི་འབྲས་བུས་ཐུགས་དམ་བསྐང་། །ཁྱད་པར་མཐུན་རྫས་རྣམས་ཀྱིས་ཐུགས་དམ་བསྐང་། །བསྐང་རྟེན་ཡོ་བྱེད་དངོས་འབྱོར་ཡིད་སྤྲུལ་གྱིས། །ཐུགས་དམ་བརྙན་བསྐང་མངའ་གསོལ་དབུ་འཕང་བསྟོད། །ཉམས་ཆགས་བཤགས་སྦྱངས་དགྱེས་དགོངས་འཕྲིན་ལས་མཛོད། །
རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་མཛད་པའོ། །
ལྷ་མོའི་འཁྲུགས་བསྐང་བསྡུས་པ།
བྷྱོཿ དཔལ་ལྡན་ལྷ་མོ་འཁོར་བཅས་བདག་ལ་དགོངས། །བདག་ནི་ཉོན་མོངས་དུག་ལྔའི་དབང་གྱུར་པས། །བག་མེད་ལེ་ལོའི་དབང་དུ་གྱུར་པ་ཡིས། །ཁྱེད་རྣམས་ཐུགས་དང་འགལ་བ་ཅི་མཆིས་པ། །ཡེ་ཤེས་སྤྱན་ལྡན་རྣམས་ལ་བཟོད་པར་གསོལ། །ནད་གདོན་བར་ཆད་རྐྱེན་ངན་ཀུན་སེལ་ལ། །མཐུན་རྐྱེན་ལེགས་ཚོགས་དངོས་གྲུབ་སྩལ་ད་གསོལ། །
འཁྲུགས་བསྐང་གྲངས་བསོགས་སྐབས་ཉུང་ངུར་བྲིས་པ་འདི་ནི་རྫོགས་སྤྲུལ་ལྔ་པས་སོ། ། དགེའོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།