བོད་ཤོག་བཟོ་བའི་ལག་ཤེས།

    ༡.ཤོག་བུ་བཟོ་བའི་རྒྱུ་ཆ་སྐོར་བཤད་པ། 

        ཤོག་བུ་བཟོ་བའི་རྒྱུ་ལ་རབ་འབྲིང་ཐ་གསུམ་ཡོད་པ་ལས་རབ་ནི།  ཤོག་ལྡུམ་དུང་ལོ་མ་དེ་ཡིན་ཞིང་། དེ་ཡང་ས་ནག་དང་ཤུག་ཁྲོད་སོགས་རྫ་དང་བྲག་མེད་པའི་སར་སྐྱེས་པ་དེ་བཟང་སྟེ། བྱེ་མ་དང་ས་དམར་གཡམ་པའི་ནང་དུ་སྐྱེས་པ་ནི་རྒྱུ་སྲ་ཞིང་ཚོས་དཀའ་བ་ཁ་དོག་སེར་བ་ཡིན་པས་འབྲིང་པོ་དང་། ཤུན་པ་མཐུག་ཅིང་འབུ་ཡོད་པ་ནི་དམན་པར་བཤད་དོ། ། 

        ལྡུམ་པུ་ལེགས་པར་བཏུས་ནས་ས་རྡུལ་བཀྲུ་བཤལ་དང་ཕྱི་ཤུན་བྲད་བརྡར་བྱས་ཏེ་སྙིང་པོ་བླངས། བྱ་རྡོ་བསྲེགས་པ་ཆུ་འཁྱག་ཏུ་འཕངས་ཏེ་དཀྲུགས་ལ་གར་སླ་དར་བ་ཙམ་བྱས་པ་དེ་ལྕེ་ཐོག་ཏུ་བླུགས་ནས་རྒྱ་ཚྭ་ལྟར་འབིགས་པ་ནི་ལེགས་པའི་རྟགས་ཏེ། ལམ་དུ་མ་སོང་ན་ངར་མི་འབྱུང་ངོ་། ། དེ་ཉིད་གྲུངས་གཞུག་སྙིགས་མ་མེད་པའི་ཁུ་བའི་ནང་དུ་ཤོག་ལྡུམ་བཙོའོ། ། དེ་ལྟར་མ་གྲུབ་ན་ཐལ་ཁུའི་ནང་དུ་བཙོས་ཀྱང་ཆོག་ལ། ཚོས་ནས་རྡོ་གཏུན་དུ་བརྡུང་ནས་ཟན་ལྟར་གྱུར་མཐར་ཆུ་དང་བཅས་མདོང་མོའི་ནང་བསྲུབས་པའི་སྐྱོམ་དེ་ཤོག་ཁ་རེའི་ཚད་ཆ་མཉམ་པར་བགོ ། དེ་ནས་རྫིང་སོགས་ཆུ་འཁྱིལ་གཙང་མའི་ནང་དུ། ཤོག་བྲེ་ཞེས་ཤོག་ཁ་ཆེ་ཆུང་གང་འདོད་པའི་ཚད་ཅན་གྱི་ཤིང་སྒམ་གྱི་ཁེབས་གཅོད་མཐིལ་མེད་པ་ལྟ་བུ་གྲུ་བཞི་སྤྲས་པའི་ཕྱོགས་གཅིག་ཏུ་སིང་རས་སམ་དར་སྲབ་ཞིང་འཇམ་པ་ཚགས་ལྟ་བུ་དེའི་ནང་དུ་བླུགས་ལ་མ་ཡོ་བ་རྫིང་ཆུའི་སྟེང་དུ་བཙག་དཀྲུག་བྱས་ཟིན་པ་དང་བླངས་ཏེ། སྐམ་དུ་བཅུག་ནས་གྲུབ་བོ། ། ཆུར་བཙག་དཀྲུག་བྱེད་པར་ཤོག་བྲེ་ཡོ་ན་ཤོག་བུར་སྲབ་མཐུག་འགྲོ་ཉེན་ཆེ་ཞིང་། ཆ་སྙོམས་པར་དཀྲུགས་ཤིང་ཆུ་ལས་བླང་དུས་མ་གཟབ་ན་བུག་རྡོལ་འབྱུང་ཉེན་དང་། ཤོག་ལྡུམ་མ་ཚོས་ན་དུལ་དཀའ་བ་དང་། གཏུན་བརྡུང་གིས་མ་དུལ་ན་འཇམ་པོ་མི་འོང་བ་དང་། རྡོ་གཏུན་སྲ་མཁྲེགས་དང་གཙང་མ་མིན་ན། ཤོག་མདོག་མི་གཙང་བ་སོགས་འབྱུང་བས་འདི་དག་གཟབ་གལ་ཆེ་བར་བཤད། དུང་ལོ་མ་ནི་ཤོག་བུ་སྲབ་མཐུག་གང་འདོད་བྱེད་པའི་རྒྱུ་ལས་མཆོག་ཏུ་བཤད་དོ། ། 

         རྒྱུ་འབྲིང་པོ་ནི་ཨ་ག་རུའི་ཤུན་པ་སྟེ་སྔོ་བཤུས་བྱས་པའི་ཤུན་པའི་ནང་གི་བར་ཤུན་དེ་ཐོག་མར་ཡུད་ཙམ་བཙོས་ནས་ཁུ་བ་ཕོ། གཞན་གྱི་བཙོ་བརྡུང་དཀྲུགས་བླུག་ཐམས་ཅད་གོང་ལྟར་བྱ་ལ། འདིའི་ཁྱད་ཆོས་ནི་མཐུག་པོར་ལེགས་པས་གླེགས་བམ་འབྲི་གཞིར་མཆོག་ཏུ་བཤད་དོ། ། 

        ཐ་མ་ནི་རེ་ལྕག་གི་རྩ་བ་སྟེ།  འདི་ལས་བཟང་བ་བྱེ་མ་ས་འབོལ་དང་ས་ནག་སོགས་སྙི་སར་སྐྱེས་པའི་རེ་ལྕག་གི་རྩ་བ་བརྐོས་ནས་སྐོགས་དང་ནང་སྙིང་གཉིས་དོར་བའི་བར་ཤུན་རྒྱུས་པ་ལྟ་བུ་དེ་ཐལ་ཁུའི་ནང་དུ་བཙོས་པས་བལ་ལྟར་ལྷོད་པར་འོང་། དེ་ལ་དུག་ཡོད་པས་དུག་འདོན་ཨ་རུ་ར་ཐུམ་གཅིག་འདེབས། བརྡུང་དཀྲུགས་བླུགས་ཐམས་ཅད་གོང་ལྟར་ལ་འདི་གོང་གཉིས་ལྟར་རྒྱུ་བཟང་པོ་མི་འོང་ཡང་། དུག་ཡོད་པས་འབུ་སྲིན་གྱིས་གནོད་པ་མི་ཚུགས་པས་ཡུན་དུ་གནས་པར་མཆོག་ཏུ་བཤད་དོ། ། 

ཤོག་བུ་ལེགས་པའི་ཚད་ནི། སྲབ་མཐུག་དང་བུག་རྡོལ་མེད་པ། ནག་དྲེགས་དང་འཛར་འཛོར་མེད་པ། དབུར་རྡོས་བརྡར་ནས་ས་རྡོ་བའི་ར་རི་མེད་པ། འབོལ་ཞིང་དཀར་ཞད་ཆེ་ལ་ཁམས་འཛིན་པ་དེའོ། ། 

        ཤོག་བུ་སྤུ་གཅོད་དང་སྦག་འདོན་ཕྱེད་ཐབས་ནི།   ཤོག་བུ་བཟོས་ཟིན་ནས་ཐོག་མར་སྤུ་གཅོད་མ་བྱས་ན་དབུར་བ་ཙམ་གྱིས་ངོས་འཇམ་པོ་འོང་དཀའ་བས་སྦག་འདོན་མ་བྱས་སྔོན་དུ། རྡོ་དཀར་དཀར་སོབ་ཀྱིས་བྲད་རྡོལ་མི་ཤོར་བར་དྲུད་བརྡར་ཅུང་ཟད་བྱ། དེ་ནས་གྲོ་ཕྱེ་བཙགས་མ་ཆུ་ནང་འོ་མ་ལྟར་དཀྲུགས། སྦུ་བ་བྱུང་བ་རྣམས་བཅུས་ནས་དོར་དེ་ཅུང་ཟད་གྲུངས་སུ་བཅུག་པའི་དྭངས་མ་ཆ་གཉིས་སུ་བགོས་པའི་ཆ་གཅིག་མེ་ལ་ཚོས་པར་བསྐོལ་ནས་ཐབས་ལས་བླངས་པ་ལ། མ་བསྐོལ་བའི་ཆ་གཅིག་པོ་དེ་བསྲེས། རླུང་དང་རྡུལ་མི་འབྱུང་ཞིང་ཉི་མ་ཚ་ཞིང་རླན་ཅུང་ཡོད་པའི་སར་ཤོག་བུ་གོང་གི་བག་ཆུར་དྲངས་ནས་སྐམ་དུ་གཞུག་གོ ། གྲོ་ཕྱེ་ཞག་ཉི་ཤུ་ཡན་སོང་བའི་རྙིང་པ་དམ་རྩི་ལྷོད་པས་མི་རུང་ཞིང་། གྲོ་ཕྱེ་ཆུར་འོ་མ་ལྟར་གྱུར་པ་དེ་གྲུངས་ཡུན་རིང་ན་སླ་ཉེན་ཡོད་པས་གཟབ་བོ། ། 

         བྱ་ཐབས་གཞན་ནི།   གྲོ་ཕྱེ་བཙག་མའི་བག་ཆུ་དྭངས་མའི་ནང་དུ་དར་བ་སྣུམ་བྲལ་བག་ཆུའི་བཞི་ཆ་ཙམ་དང་སྤྱིན་ཆུ་ཅུང་ཟད་བསྲེས་ནས་དྲོ་འཇམ་བག་འདོན་བྱེད་པ་ལ། ཚ་ཆེས་ན་ཤོག་བུ་འཚིག་གྲང་ན་བག་ཆུ་མི་འགོ་བས་ཤོག་བུ་སྲ་འཐིང་མི་འོང་མོད། དྲོ་ཚད་རན་པ་བྱ། གོང་གི་རྫས་རྣམས་ཀྱི་དགོས་པ་ནི། དར་བས་དཀར་ཞིང་དྭངས་པར་བྱེད། བག་ཆུས་སྲ་ལ་འབོལ་བ་འབྱུང་། སྤྱིན་ཆུས་སྣག་མི་འབྱམས་ཤིང་མཁྲེགས་ལ་མདངས་དང་ལྡན་པ་འོང་ངོ་། ། དེ་ལ་ཤོག་མདོག་དཀར་བར་འདོད་ན། དམ་མེད་པའི་དཀར་ཅུང་ཟད་བསྲེས་པས་ལེགས་པ་འབྱུང་ཡང་མང་ཆེས་ན་ལྗིད་པོར་འགྱུར། བག་ཆུ་མང་ན་ཤོག་བུ་འཚིག་ཅིང་ཐིག་མི་དོད། སྤྱིན་ཆུ་གར་ཆེ་ན་ཤོག་བུ་གྱོང་ཞིང་སྣག་མི་ལེན་པ་འོང་བས་ཚོད་ཟིན་པར་བྱ། ཚོད་ཟིན་དཀའ་ན་ཤོག་ལྷེ་འགའ་ཞིག་ལ་ཐོག་མར་ཚོད་ལྟ་བྱ། སྦག་འདོན་བྱས་རྗེས་བཅོས་ཐབས་དཀའ་ཞིང་བཅོས་ཀྱང་ལེགས་པོ་མི་འོང་བས་ཐོག་མ་ཉིད་ནས་གཟབ་གལ་ཆེ། བག་ཆུར་དྲངས་པའི་ཤོག་བུ་སྐམ་ཐག་ཆོད་པ་རྣམས་ས་རྡུལ་བསལ་ཏེ། སྐམ་པོ་ཤོག་ཁ་བཅུ་རེའི་བར་རློན་པ་རེ་རེ་བཞག་ནས་མནན་ཏེ་རིང་ན་ཞག་གཅིག་ཙམ་བཞག་ཐུང་ནའང་ཇ་སྦྱོར་ཡུན་ཙམ་རེ་བཞག་ནས་སྐམ་རློན་སྙོམས་ཤིང་ཡང་བསྡམ་བྱ། དེ་ནས་རྡོ་མཆིན་པ་ལྟ་བུ་མཁྲེགས་ཤིང་འཇམ་པོའི་སྟེང་དུ་གཡག་རྭ་སྣུམ་དྲེག་མེད་པས་བརྡུང་། མ་འཛོམས་ན་སྲ་ཤིང་གི་བེར་ག་འཇམ་པོས་དལ་བུ་བརྡུང་ནའང་སྐྱོན་མི་འབྱུང་བས་ཆོག ། སྐམ་ཐག་ཆོད་ནས་དབུར་དཀའ་བས། བངས་རླན་གྱི་ནེམ་མངོན་ཅམ་ཞིག་སླ་ལ་ལེགས་པོ་འོང་བར་བཤད་དོ། ། 

        ཤོག་བུའི་ལག་ལེན་བྱེད་ཐབས་འདི་དག་གཙོ་བོར་སྔོན་གྱི་བོད་ཤོག་ས་མདོག་ཅན་དག་ཡིན་མོད། དེ་དག་ལ་རྒྱུ་མཉེན་ཞིང་སྲོག་སྲ་བ་འབོལ་ལ་སྣག་ལེགས་པར་འཛིན་པ། ཡུན་དུ་བལྟས་ཀྱང་མིག་ལ་གནོད་པ་མེད་པ། འབུ་སྲིན་གྱིས་གནོད་པ་ཆུང་ཞིང་མཐུག་པ་སོགས་གླེགས་བམ་འབྲི་གཞིའི་ཁྱད་ཆོས་མང་ལ། དེང་དུས་སུ་གོང་གི་ཤོག་བུའི་བཟོ་རྒྱུན་ཕལ་ཆེར་མེད་པ་དང་། རྒྱ་ནག་དང་ཕྱི་རྒྱལ་ནས་འབྱུང་བའི་ཤོག་བུའི་རིགས་མང་བས་ལག་ལེན་ཀྱང་ཤོག་བུ་སོ་སོའི་རྒྱུ་དང་ཁྱད་ཆོས་ལ་གཞིགས་ནས་གང་ལ་གང་འཚམས་སུ་བྱ་དགོས་པས་དཔྱད་གཞི་ཙམ་མོ། །

        ཤོག་བུ་སྦག་འདོན།   དབུར་རྒྱག་དྲས་རྒྱག་སོགས་ལེགས་གྲུབ་ཟིན་པ་དང་། ཙན་དན་ལ་སོགས་ཀྱི་ཐིག་ཤིང་དྲང་ལ་སྙོམས་པ་བརྒྱུད་སྐྱེར་ཤུན་གྱི་ཁུ་བར་ཡུང་བ་དང་དྲི་བཟང་སྦྱོར་མས་གླེགས་བམ་ཆེ་ཆུང་། ཡིག་ཕྲེང་མང་ཉུང་སོགས་དང་ལེགས་པར་བསྟུན་པའི་བྱང་ཆུབ་རྒྱུན་ལམ་སོགས་ཀྱི་ཐིག་གདབ། མཐའ་སྐོར་དུ་མཚལ་གྱིས་རིམ་པར་གདབ། དབུ་ལྡེབ་ལ་ཐིག་རྒྱད་བསྡུས་མང་བས་མཁས་པའི་ལག་རྒྱུན་བཞིན་བྱ། ཟུབ་པ་དང་ཡང་ན་ཐིག་ཁོག་དང་སྦོམ་ཕྲ་མི་སྙོམས་པ་དང་། འཁྱོགས་པ་སོགས་ནི་ཐིག་གི་སྐྱོན་ཏེ་སྤང་བར་བྱའོ། ། 

     ༢.མཐིང་ཤོག་བཟོ་བའི་ལག་ཤེས།
       གསེར་བྲིས་དངུལ་བྲིས་ཀྱི་གཞི་མཐིང་ཤོག་བྱ་ཐབས་ལ། ནག་མཚུར་བགྲུངས་སུ་བཅུང་ནས་ས་རྡུལ་མ་སོང་བར་དྭངས་བསིང་བྱ། ཐར་ནུའི་རླངས་པ་མིག་ཏུ་མ་སོང་བར་གདུས་པར་ཚ་ལ་བསྲེས་ཏེ་རས་ཚགས་ལ་བཙགས། དེ་གྲོ་ཆང་སྐྱུར་མོ་དང་བསྲེས་ཏེ་སྐོལ་བར། ཚ་ལ་དང་ནག་མཚུར་ཉུང་ཞིང་། གྲོ་ཆང་དང་ཐར་ནུ་མང་དགོས་ཏེ་ཚོད་ཟིན་པར་བྱ། ཤོག་སྐྱ་ལ་བྱུག་ནས་ཚོད་ལྟ་བྱེད་པར། ཤོག་བུ་ནག་ལོག་གེར་སོང་ན་ཚོས་པའི་ཚད་ཡིན་པས་ཐབ་ལས་བླངས་ཏེ་ཅུང་ཞིག་གྲང་ནས་དྲོ་འཇམ་ཙམ་སོང་བའི་ནང་དུ། དེང་གི་ཤོག་གུ་སྣ་ཐུང་རིགས་མ་ཡིན་པའི་བོད་ཤོག་སྤུས་ལེགས་པར་དྲངས་ཏེ་སྐམ་དུ་བཅུག །དེ་ནས་ཨ་རུ་ར་འགའ་ཞིག་བརྡུངས་ཏེ་བཙོས་ནས་ཁུ་བ་རས་ཚགས་ལ་བཙགས་པར་ཤོག་བུ་དྲངས་པས་མཐིང་ཤོག་གྲུབ་ཅིང་། འདུལ་ཐབས་ཤོག་བུ་དཀྱུས་མའི་ལག་ལེན་ལྟར་བྱའོ། །

       ཡང་རྒྱ་ནག་གི་ལུགས་སུ།    མགྲོན་བུ་བསྲེགས་པ་ཞིབ་བཏགས་བྱས་པ་ལ། གྲོ་ཆང་དང་ཛཱ་ཏི་བཏབས་ཏེ་གདུས་པའི་ཁུ་བར་ཤོག་བཟང་དྲངས་པས་མཐིང་ཤོག་འབྱུང་ཞིང་། སྐམ་ནས་ཆགས་བྱས་ལ། ཨ་རུ་རའི་ཆུ་གོང་ལྟར་ལས་བཏོན་པར་བྱའོ། ། སོགས་མཐིང་ཤོག་བཟོ་བའི་ལག་ཤེས་མང་དུ་འབྱུང་ཡང་ལག་ལེན་སྟབས་བདེ་གཉིས་ཙམ་བྲིས་པའོ། ། 

      ༣.དབུར་རྡོ་དང་དབུར་གདན་གྱི་ཤེས་བྱ། 
       ཤོག་བུའི་དབུར་རྡོ་ནི།    བྲིས་པའི་ཉམས་མྱོང་ལ་ཤོག་བུའི་དབུར་རྡོ་དུང་ལས་བྱས་ནས་དབུར་ན་འཇམ་པོར་འོང་ཡང་མདོག་སྔོན་པོར་འགྲོ། རྡོས་དབུར་ན་རྙེད་པ་སླ་ཡང་ཤོག་བུ་ཚིག་ནས་སྣ་ཐུང་བ་འོང་། མཆོང་གིས་དབུར་ན་རི་མོ་དོད། ཟངས་དང་ལྕགས་སོགས་ཀྱི་དབུར་ན་གཡའ་འབྱུང་། དེས་ན་དབུར་རྡོ་ཐམས་ཅད་ཀྱི་མཆོག་ཏུ་གྱུར་པ་ནི་གཟི་སེར་ཁྲ་དེ་ཡིན་ལ། དེས་དབུར་ན་མདོག་ལེགས་ཤིང་ངོས་འཇམ་པ་ཤོག་བུ་འབོལ་བ་འོང་བ་ཡིན་ཡང་། དེ་ལྟར་རྙེད་པ་དཀའ་མོད། མ་རྙེད་ན་རྭ་དང་དཀར་ཡོལ་སོགས་ཀྱིས་རུང་ཙམ་དང་། རིན་པོ་ཆེ་རྟའི་ཀླད་པའམ་མ་ན་ཧོ་སོགས་རིན་ཆེན་རིགས་ཀྱི་རྡོ་འཇམ་ཞིང་སྲ་མཁྲེགས་ཅན་རྣམས་བཟང་བར་བཤད་དོ། ། 

         དབུར་གདན་ཤིང་ལེབ་ནི།   འཛེར་མ་དང་གས་ཆག་སོགས་མེད་པའི་སྲ་ཤིང་ལས་བྱས་པའི་ཤིང་ལེབ་རྒྱ་ཆེ་ཞིང་ངོས་འཇམ་པ། བརྟན་ཅིང་དྲི་མ་དང་བྲལ་བ་དེ་ནི་ཡིན་ལ། ཤོག་བུ་དབུར་བར་མཐའ་དབུས་ཐམས་ཅད་དུ་མ་ཁྱབ་པ་མེད་པར་ཤེད་རན་པར་ཕྱུང་ནས། ཡུན་དུ་དབུར་ན་ལེགས་ལ། དབུར་ངན་དབུར་དང་མཉེད་ངན་གྱི། ། དཀྱིལ་ནས་འདུལ་བཞིན་མཐའ་ནས་གྱོང་། ། ཟེར་བ་ཡོད་པས། དེ་ལྟར་མི་ཤོར་བ་གལ་ཆེ། གོང་གི་དབུར་རྡོ་དང་དབུར་གདན་ཐང་གའི་རས་གཞི་བཟོ་བ་ལའང་འཚམས་སོ། །  

 རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།