གླིང་གེ་སར་རིག་གནས་དཔྱད་གླེང་འདུ་འཛོམས་ཆེན་མོའི་སྐབས་ཀྱི་གཏམ་བཤད།

༢༠༡༧/ ༡༢/ ༦ ཉིན། མཚོ་སྔོན་སེང་འབྲུག་སྟག་རྩེ་བོད་ཀྱི་རིག་གནས་ཁྱབ་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་གཙོ་སྒྲུབ་འོག་ཙོང་མཁར་ཟི་ལིང་དུ་ཞིང་ཆེན་ཕྱི་ནང་གི་མགོ་ཁྲིད་ཁག་དང་། མཁས་པ་མང་པོ་མཉམ་འཛོམས་ཀྱིས་གླིང་གེ་སར་རིག་གནས་དཔྱད་གླེང་འདུ་འཛོམས་ཆེན་མོ་བསྡུས། 

WechatIMG308.jpeg

རྫོགས་ཆེན་ཁྲི་ཟུར་ཨོ་རྒྱན་རིག་འཛིན།

རྣམ་པ་ཚོ་ལ་སྔ་དྲོ་བདེ་ལེགས་ཞུ། དེ་རིང་ངའི་གཏམ་བཤད་འདིའི་མིང་ལ་གྲུབ་དབང་རྫོགས་དགོན་དང་གླིང་གེ་སར་རིག་གནས་བར་གྱི་འབྲེལ་བ་གླེང་པ་ཞེས་བཏགས་ན་ཆོག  དེ་ཡང་གླིང་རྗེ་གེ་སར་རྒྱལ་བོ་སེང་ཆེན་ནོར་བུ་དགྲ་འདུལ་ནི། མི་ཡིན་ཀྱང་མི་ལས་འདས་པའི་སྤྱོད་པ་ཅན། ལྷ་མིན་ན་ཡང་ལྷ་དང་མཚུངས་པར་མངོན་ཤེས་རྫུ་འཕྲུལ་ཐོགས་པ་མེད་པ། བོད་སྤྱི་ལ་དབང་བའི་རྒྱལ་བོ་མིན་ན་ཡང་བོད་སྤྱིའི་རྒྱལ་བོ་དག་ལས་སྙན་གྲགས་ཆེ་བ།  འཛམ་གླིང་གི་རྒྱལ་ཁབས་ཆེ་གྲས་མང་པོ་ལ་དབང་བྱེད་པའི་བོད་ཀྱི་རྒྱལ་ཕྲན་གྲགས་པ་ཅན། མི་མིན་ཡུལ་ལྷ་དང་གཞི་བདག་མིན་ལ། ལྷ་སྒྲུང་ནང་གི་རྟོགས་བཏགས་ཀྱི་མི་སྣ་དེ་བས་ཀྱང་མིན་པ། སྙན་གྲགས་འཛམ་གླིང་ལ་ཁྱབ་པའི་བོད་ཀྱི་དཔའ་བོ། དེང་གི་དུས་རྒྱལ་ཕྱི་ནང་གི་ཞིབ་འཇུག་པ་ཆེས་མང་པོས་དཔྱད་གཞིར་གྱུར་བ། ཁོང་ཉིད་ནི་བདུད་འཇོམས་ཆོས་འབྱུང་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་སྒྲ་ལྟར་ན། སྤྱི་ལོ་   ༡༠༣༨ ལོ། རབ་བྱུང་དང་པོའི་བགྲང་བྱ་བཅུ་གཉིས་པ་ས་སྟག་ལོར། བོད་ཆེན་པོ་ཁམས་ཕྱོགས་སུ་སྡེ་དགེ་དང་གླིང་ཚང་ཞེས་རྒྱལ་ཕྲན་གཉིས་ཡོད་པ་ལས། གླིང་ཚང་རྒྱལ་ཁབས་ཀྱི་མངའ་ཞབས་ཨ་ཕྱུག་རྩ་ཐང་། ས་སྐྱིད་སོས་ཡག་གི་ཁ་མདོ་ན་སྐུ་འཁྲུངས་པ་སྟེ། ས་དེར་སྐུ་འཁྲུངས་པའི་རྒྱུ་མཚན་ནི། སྤང་གཉིས་བལ་སྟན་གཏིང་འདྲ།  བྲག་གཉིས་མདའ་སྒྲོ་བཤིབ་འདྲ། ཆུ་གཉིས་ཆབ་མ་སྡེབ་འདྲ་སོགས་ངག་རྒྱུན་དང་གླིང་སྒྲུང་དུ་གསལ་བའི་དན་དཔང་འཁྲུལ་མེད་ཡོད་པ་ཡིན་ལ།    དེ་ཡང་གླིང་རྗེ་གེ་སར་འདི་ཉིད་དཔྱད་ཞིབ་པ་འགའ་ཞིག་གིས་མི་མ་ཡིན་པའི་འགྲོ་བ་ཡུལ་ལྷ་གཞི་བདག་དང་། འགའ་ཞིག་གིས་རྟོག་བཏགས་བྱས་པའི་ལྷ་སྒྲུང་ནང་གི་མི་སྣ་ཞིག་རེད་ཟེར་མཁན་ཡང་ཡོད། དེ་དག་གི་འཁྲུལ་གཞི་ནི་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་འདིའི་ལོ་རྒྱུས་རྒྱས་པར་མ་འཁོད་པ་དང་། ཁོང་གི་ལོ་རྒྱུས་ཐམས་ཅད་སྒྲུང་གི་རྣམ་པར་བྱས་པ་དང་། སྒྲུང་དེ་དག་ཀྱང་སྙན་ངག་རབ་བརྟག་གི་རྒྱན་གྱིས་བརྒྱན་ཆེས་པ་ལ་ཐུག །དེ་ལས་དང་པོ་བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་སུ་ལོ་རྒྱུས་རྒྱས་པར་མ་འཁོད་པའི་རྒྱུ་མཚན་ནི། བོད་ཀྱི་ལོ་རྒྱུས་དེབ་ཐེར་རྣམས་ཀྱི་བརྗོད་བྱ་གཙོ་བོ་ནི་བོད་དུ་ལོ་ཙཱ་བ་སྐྱེད་བསྲིང་བྱས་རབས་དང་། རྒྱ་གར་ནས་པནྜི་ཏ་སྤྱན་དྲངས་རབས། དེ་ལ་ལོ་ཙཱ་བས་བཏུག་སྟེ་ཆོས་སྒྱུར་རབས། དེ་དག་གི་ཡོན་བདག་བྱས་རབས་དང་ཡོན་བདག་དེ་དག་གིས་རྟེན་གཞི་གཙུག་ལག་ཁང་བཞེངས་རབས་སོགས་དང་།  མདོ་དང་རྒྱུད་སྡེའི་རྒྱུད་པའི་བླ་མ་རྣམས་ཀྱི་ལོ་རྒྱུས་སོགས་གཙོ་བོར་བསྟན་ཡོད་ན། གླིང་སེང་ཆེན་གྱི་མཛད་པ་གཙོ་བོ་ནི་དེ་དག་མ་ཡིན་པར། ཁོང་གིས་བོད་སྤྱི་དང་བྱེ་བྲག་ལ་འཚེ་བའི་མཐའ་བཞིའི་རྒྱལ་ཁབ་ཆམས་ལ་ཕབས་པ་དང་། དེ་དག་གི་རྫོང་ནོར་བོད་དུ་བླངས་ཚུལ་དེ་ཡིན་པས་བརྗོད་བྱ་གཙོ་བོ་དང་མ་འབྲེལ་བས་ན་དེ་དག་ཏུ་མ་འཁོད་པ་རེད་སྙམ། དེ་ལ་གེ་སར་གྱི་འཁྲུངས་ལོའི་ཐད་མདོ་སྨད་ཆོས་འབྱུང་དུ་སྤྱི་ལོ་(༡༠༠༠)ལོར་ཡིན་པར་བཤད་པ་དང་། བདུད་འཇོམས་ཆོས་འབྱུང་དུ་(ཕྱི་ལོ་༡༠༣༨)ལོར་ཡིན་པར་བཤད་ན་ཡང་། ཀ་དམ་པ་བདེ་གཤེགས་ཀྱི་གསུངས་ན། ཤར་ཀ་ཐོག་པའི་དུས་མཆོད་ཆེ་གྲས་ཀྱི་སྐབས་རྣམས་སུ་གླིང་སྤྱི་དཔོན་དང་ཁྲོ་ཐུང་དེ་ན་ཡོན་བདག་བྱས་སྟེ་འོང་བར་གསུངས་པ་དང་། གླིང་དགྲ་ལྷ་ཤི་བའི་བསྔོ་རྟེན་དུ་གྲི་ཡ་ཟི་སྐར་ཕྲན་ཁོང་སར་འབྱོར་བར་གསུངས་པ་དག་ཚད་ལྡན་དུ་འཛིན་དགོས་ཏེ། དེ་ནི་རྗེས་དཔག་དང་དཔྱད་རྩོམ་ཙམ་མ་ཡིན་པའི་ཕྱིར་རོ། དེ་ལྟར་ན་དམ་པ་བདེ་གཤེགས་ནས་ཕྱི་ལོ(༡༡༥༩)ལོར་ཀ་ཐོག་དགོན་ཕྱག་བཏབས་སྐབས་མདོ་སྨད་ཆོས་འབྱུང་ལྟར་ན་གེ་སར་དགུང་གྲངས་བརྒྱ་དྲུག་བཅུར་ལོན་དགོས་པ་དང་། བདུད་འཇོམས་ལྟར་ན་དགུངས་གྲངས་བརྒྱ་དང་ཉེར་གཉིས་ལོན་དགོས་ལ། གླིང་གི་ཕ་ཁུ་རྒན་རབས་གཉིས་ཤར་ཀ་ཐོག་ཏུ་འོང་སྐབས་ནི་དགུངས་གྲངས་ཉིས་བརྒྱ་ལྷག་རེ་ལོན་དགོས་ན་དེ་ཇི་ལྟར་འཐད། དེས་ན་ད་དུང་དཔྱད་པ་ནན་ཏན་བྱ་གལ་ཆེ། གེ་སར་གྱི་ལོ་རྒྱུས་རྗེས་ཤུལ་ནི་མདོ་སྟོད་སྡེ་དགེ་དང་གླིང་ཚང་ཕྱོགས་སུ་མང་ལ། གེ་སར་སྒྲུང་གི་རྗེས་ཤུལ་ནི་མདོ་སྨད་རྨ་ཁོག་དང་མགོ་ལོག་ཕྱོགས་སུ་མང་། སྤྱིར་གླིང་གི་རྗེས་ཤུལ་ནི་རྨ་ས་བཟུང་གི་སྔོན་གྱི་རྗེས་ཤུལ་དང་དེའི་རྗེས་ཀྱི་རྗེས་ཤུལ་ཏེ་གཉིས་ཡོད། དེ་ལས་དང་པོ་མདོ་སྟོད་དུ་ཁ་འཐོར་ཏེ་ཡོད་ལ། གཉིས་པ་ནི་མདོ་སྨད་རྨ་ཁོག་དང་དེའི་ཉེ་ཆར་དུ་སྤུངས་ཏེ་ཡོད། དེས་ན་གླིང་ཕུ་ནུའི་ཕོ་བྲང་དང་གླིང་རྒྱལ་གྱི་ཕོ་བྲང་སྲིད་སྐྱོང་ཁང་དང་། ཇ་མཁར་སོགས་ཀྱི་རྗེས་ཤུལ་མིག་མཐོང་ལག་ཟིན་ཏུ་གཉིས་རེར་ཡོད་པ། དཔེར་ན་གླིང་མགོ་གཟི་ན་གླིང་གི་རྒྱལ་ཁང་གི་ཤུལ་གཅིག་དང་རྨ་ཡུལ་དུ་གཅིག །འདན་མའི་ཤར་ལུང་རི་དྲུག་གི་མཁར་ཤུལ་འདན་ཕྱུག་རའི་མར་ནང་དང་ཀ་ཕུའི་ཡར་སྟེང་ན་གཅིག་ཡོད་པ་དང་མགོ་ལོག་ཁྲ་ལུང་དུ་ཡང་གཅིག་ཡོད་པས་མཚོན་དེ་ལྟར་ཕལ་ཆེ་བ་གཉིས་རེ་ཡོད་པ་ལ་འགལ་བ་གང་ཡང་མེད། སྒྲུང་གིས་ནི་དངོས་ཡོད་ལོ་རྒྱུས་མཚོན་མི་ཐུབ་ལ། ལོ་རྒྱུས་ཀྱིས་ཡིད་དབང་འཕྲོག་པའི་སྒྲུང་གི་ཁྱད་ཆོས་སྟོན་མི་ཐུབ། དེས་ན་རྗེས་མར་གླིང་སྒྲུང་དང་གླིང་གི་ལོ་རྒྱུས་ཐ་དད་དུ་ཕྱེས་ཏེ་གླིང་སྒྲུང་དང་མ་འདྲེས་པའི་གླིང་གི་དངོས་བྱུང་ལོ་རྒྱུས་རེ་མཁས་པ་ཚོས་བྲིས་ན་ལེགས་པར་སེམས།

WechatIMG318.jpeg

སྐབས་ཀྱི་བརྗོད་བྱ་གྲུབ་དབང་རྒྱལ་བ་རྫོགས་ཆེན་དགོན་དང་གེ་སར་རིག་གནས་བར་གྱི་འབྲེལ་བ། གྲུབ་དབང་རྫོགས་ཆེན་པ་པདྨ་རིག་འཛིན་མཆོག་གོང་ས་རྒྱལ་དབང་ལྔ་བའི་བཀས་སྐུལ་ཏེ་མདོ་ཁམས་སྡེ་དགེའི་ས་ཕྱོགས་སུ་ཞབས་སྐྱོད་སྐབས། ལམ་བར་དགེ་རྒྱས་རྫོགས་ཆེན་དགོན་ཕྱག་བཏབས་པ་ན། ས་དེའི་སྟག་གཟིག་ནོར་རྫོང་ཕབས་པའི་རྗེས་ཤུལ་ངོ་མཚར་ཅན་དང་བསྟུན་ཏེ། སྟག་གཟིག་གི་ཡུལ་དེ་ནས་བླངས་པའི་འབྲི་གཡང་ཁྱུང་གི་སྒོང་ང་དང་ཚངས་གཡང་འགུགས་པའི་ལྕགས་སྐྱུ་སོགས་སྲིད་ན་དཀོན་པའི་ནོར་སྣ་མང་པོ་གླིང་དཀར་ལྷ་སྡེའི་གཙོས་པའི་བོད་ཀྱི་མི་དང་། མི་མིན་དཀར་ཕྱོགས་སྐྱོངས་པའི་ཡུལ་ལྷ་སོགས་ལ་བགོ་བཤའ་བྱས་པའི་སྒྲུང་ཡིག་ངོ་མཚར་ཅན་སྟག་གཟིག་ནོར་འབྱེད་ཅེས་པ་དེ་བརྩམས་མཛད་པ་དང་། རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེས། ཤན་འདན་ནང་འཁྲུགས་ཅེས་པའི་དཔའ་བ་དང་དྲག་ཤུལ་དང་འཇིགས་རུང་དང་བརྗིད་ཉམས་ཀྱིས་ཕྱུག་པའི་སྙན་ངག་གི་གཞུང་ཁྱད་པར་ཅན་དེ་བརྩམས་མཛད་པ་གནའ་བོའི་ངག་རྒྱུན་ལ་གསལ་བར་མ་ཟད། ཁོང་གིས་བརྩམས་གནང་བའི་གཞོན་ནུ་བློ་ལྡན་གྱི་དྲིས་ལེན་དང་། དམོད་ངན་དུག་ལོ་སོགས་ཀྱི་རྩོམ་གཤིས་དང་ཆེས་མཐུན་པས་ན་དཔལ་སྤྲུལ་རིན་པོ་ཆེའི་རྩོམ་དུ་སོམ་ཉི་བྲལ་བ་དེ་དང་། དེ་བཞིན་འཇམ་མགོན་བླ་མ་མི་ཕམ་པས་གེ་སར་བསྟོད་ཚོགས་དང་། གསོལ་མཆོད། གླིང་བྲོ་སོགས་བརྩམས་མཛད་པ་དང་། ཁྱད་པར་ཁོང་གིས་བརྩམས་པའི་རྟ་རྒྱུག་གསོལ་འདེབས་བརྡ་གསང་ནོར་བུའི་མེ་ལོང་ལས་འཕྲོས་ཏེ་རྟ་རྒྱུགས་ནོར་བུ་ཆ་བདུན་ཁོང་གི་སློབ་མ་ཞིག་གིས་བརྩམསམཛད་པ་དང་། མཁན་ཆེན་པདྨ་བཛྲ་གྱིས་མངའ་རིས་གངས་དཀར་ཤེལ་རྫོང་དང་། གླིང་རིགས་པདྨ་བཛྲ་གྱིས་མདོ་རྗེ་རྐྱང་རྒོད་ཀྱི་རྔོག་དར་ལས་དཔེ་བཤུས་པ་ཞེས་པའི་ཚིགས་བཅད་ཤོ་ལོ་ཀ་ལྔ་ཅན་སོགས་བརྩམས་གནང་བ་དང་། དེ་ལས་ཀྱང་ཁྱད་པར་དུ་གྲུབ་དབང་ལྔ་བ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་གེ་སར་གསོལ་མཆོད་འཕྲིན་ལས་དོན་བརྒྱད་ཅེས་པ་དེ་མཛད། དེའི་ནང་གནའ་བོའི་དམངས་ཁྲོད་ཀྱི་ངག་རྒྱུན་ལས་གསལ་བའི་གེ་སར་གྱི་སྐུ་ཆས་ཡོ་བྱད་སྐོར།     སྐུ་ཁྲབ་རྡོ་རྗེའི་གོ་ཁྲབ་སིལ་མ་ཐོག་རྒྱུག སྐུ་ཆིངས་གྲུབ་པའི་རྒྱལ་མོའི་ཚེ་མདུད། དགྲ་ལྷའི་ལྷ་རྟེན་མདའ་མོ་སུམ་བཅུ། དགྲ་སྲོག་གཅོད་པའི་ལེབ་ཆེན་སུམ་བཅུ། ཤ་ཟ་ཁྲག་འཐུང་ལྕགས་མདའ་སུམ་བཅུ། མི་སྐད་གོ་བའི་ལྷ་མདའ་བདུན། རྒུ་རུའི་ལྷ་མདའ་སྒྲོ་དཀར། ཨ་འགའ་ཤེལ་གྱི་ལེབ་ཆེན། རལ་གྲི་གཏབ་པ་ལན་མེད། སྐེད་གྲི་འཇིག་རྟེན་ཆོས་སོད། རྩེད་གྲི་ཤེལ་གྱི་ཡུ་དཀར། འུར་རྡོ་ཕ་ཝང་སྟོང་འཁོར། ཀླུ་ཡི་བླ་ཞགས་སྦལ་སྦྲུལ་སྡོམ་དགུ། གསེར་སྒ་རི་མོ་དགུ་སྐོར། སྔ་རུ་སེར་བོ་གསེར་ལས་བྱས་པ། ཕྱི་རུ་ཁམ་པ་དངུལ་ལས་གྲུབ་པ། རྟ་སྟན་སྨེ་བ་དགུ་བརྩེགས། བལ་སྟན་ཡིད་བཞིན་ནོར་བུ། ཀོ་གཟར་མེ་རི་འཁྱིལ་ཆེན། ཨ་འཇོག་ཡིད་བཞིན་ནོར་བུ། གློ་ལེན་འབྲུག་གི་ཤ་འགུལ། ཡོབ་ཆེན་དཀར་མོ་རྒྱང་ཤག གོང་ཐག་ཁྱུང་གི་པ་ཊ། གསེར་སྲབ་ཉི་མ་རང་ཤར། གཡུ་མཐུར་གཡུ་འབྲུག་ཡར་འཁྱིལ། རྟ་སྨེད་གསེར་གྱི་རྒྱ་མདུད། སོགས་གསལ་བར་འཁོད་ཡོད་པ་ནི་གླིང་གེ་སར་གྱི་སྐུ་ཆས་ཡོ་བྱད་སྐོར་གྱི་དཔྱད་གཞི་ལ་མཁོ་གལ་ཆེ་བ་དང་། 

WechatIMG317.jpeg

ཁྱད་པར་ཁོང་གིས་གངས་ཅན་བོད་ལ་འཚེ་བའི་མཐའ་དམག་ཀླ་ཀློའི་རུ་མཚོན་ཟིལ་གྱིས་གནོན་པའི་ཆེད། གླིང་གེ་སར་དགྲ་ལྷ་རླུང་རྟ་དང་བཅས་པའི་གར་འཆམས་རྩ་ཆེན་འཛུགས་གནང་བ་སྟེ། འདི་ནི་འཛམ་གླིང་ཐོག་གི་གེ་སར་གར་འཆམ་ཐམས་ཅད་ཀྱི་ཐོག་མ་སྟེ། (ཕྱི་ལོ་༡༩༡༩)ལོར་ཐོག་མའི་དབུ་འཛུགས་པ་ནས་ད་ལོའི་བར་བགྲངས་བྱ་དགུ་བཅུ་གོ་བརྒྱད་ལོན་ཡོད་པ་ཡིན་ལ།  འདི་ནི་གླིང་སྒྲུང་རྣམ་ཐར་ལྟར་འཁྲབ་པའི་འཁྲབ་སྟོན་མ་ཡིན་པར། གླིང་སེང་ཆེན་སྐྱེས་བུ་བཀའ་སྡོད་ཕུ་ནུའི་འཁོར་ཚོགས་ཀྱི་ཞི་དང་དྲག་པོའི་ཕྲིན་ལས་ཀྱིས་གངས་ཅན་བསྟན་འགྲོའི་འགལ་རྐྱེན་ཞི་ཞིང་ཚར་བཅད་པ་དང་། དབང་དང་རྒྱས་པའི་ཕྲིན་ལས་ཀྱིས་གངས་ཅན་བསྟན་འགྲོའི་མཐུན་རྐྱེན་སྤེལ་བ་དང་། དབང་དུ་བྱེད་པའི་གསང་སྔགས་གྱི་དགོངས་དོན་དང་འབྲེལ་བའི་རྡོ་རྗེའི་གར་འཆམ་ཞིག་སྟེ། དེ་ཡང་ཕུ་ནུའི་སྐུ་མདོག་གདོང་དབྱིབས་ནི་གྲུབ་དབང་རྫོགས་ཆེན་ལྔ་བ་ཁོང་ཉིད་ཀྱི་དག་སྣང་གཞིར་བྱས། གར་གྱི་སྟངས་སྟབས་སྔ་འགྱུར་རྙིང་རྒྱུད་ཡེ་ཤེས་རྔམ་པ་གློག་གི་འཁོར་ལོའི་དགོངས་དོན་སྒྱུ་འཕྲུལ་ཁྲོ་བོའི་རྩ་འཆམ་ལྟར་འཁྲབ་པའི་འཆམ་ཚན་བདུན་གྱི་བདག་ཉིད་ཅན་ཞིག་སྟེ།  དང་པོ་གླིང་རྗེའི་བཙུན་མོ་སྐྱ་ལོའི་སེང་ལྕམ་འབྲུག་མོའི་འཆམ་དཔོན་བྱས་པའི་དྭངས་སྨན་བདུན་གྱིས་འཇམ་མགོན་མི་ཕམ་པས་བརྩམས་གནང་བའི་གླིང་བྲོའི་མགོའི་ཚིགས་བཅད་དག་གླུར་བླངས་ཏེ་སྐུ་རྗེ་སེང་ཆེན་སྐྱེས་བུའི་ཐུགས་རྒྱུད་སྐུལ་བའི་འཆམ་དང་། དེ་ནས་གླིང་གེ་སར་ཕུ་ནུ་འཁོར་ཚོགས་ཡོངས་རྫོགས་ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་ཀྱི་བྱེད་པོ་ལྔར་ཕྱེས་པ་ལས། འཆམ་ཚན་གཉིས་པ་འཛམ་གླིང་གེ་སར་རྒྱལ་བོར་དགྲ་ལྷ་ཝེར་མ་བཅུ་གསུམ་གྱིས་སྐོར་བ་མཆོག་གི་ཕྲིན་ལས་ཀྱི་འཆམ་ཚན་དང་། འཆམ་ཚན་གསུམ་པ་ལྷ་ཆེན་ཚངས་པ་དཀར་བོའི་འཆམ་དཔོན་དང་དགྲ་ལྷའི་གཉེན་སྟག་དམར་པོས་འཆམ་རྟིང་བྱས་པ་གླིང་གི་ལྷ་སྲུང་སྐོར་གྱི་འཆམ་ཚན་དང་།  འཆམ་ཚན་བཞི་བ་གསེར་བའི་ཉི་འབུམ་དར་ཡག་ལ་གླིང་ཕུ་ནུ་བཅུ་ཡིས་སྐོར་བ་ཞི་བའི་ཕྲིན་ལས་ཀྱི་འཆམ་ཚན་དང་། འཆམ་ཚན་ལྔ་བ་སྤྱི་དཔོན་རོང་ཚ་ཁྲ་རྒན་ལ་གླིང་ཕུ་ནུ་བཅུ་གསུམ་གྱིས་སྐོར་བ་རྒྱས་པའི་ཕྲིན་ལས་ཀྱི་འཆམ་ཚན་དང་། འཆམ་ཚན་དྲུག་པ་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ལ་གླིང་ཕུ་ནུ་བཅུ་གཅིག་གིས་སྐོར་བ་དབང་གི་ཕྲིན་ལས་ཀྱི་འཆམ་ཚན་དང་། འཆམ་ཚན་བདུན་པ་ཕུ་བོ་རྒྱ་ཚ་ཞལ་དཀར་ལ་གླིང་ཕུ་ནུ་བཅོ་ལྔས་སྐོར་བ་དྲག་པོའི་ཕྲིན་ལས་ཀྱི་འཆམ་ཚན་བཅས་ཡིན། འདིའི་འཆམ་གོས་ཁྲབ་ཀྱི་ཕྱི་དབྱིབས་སམ་སྤྱིི་དབྱིབས་ནི་སྔོན་གྱི་བྲིས་རིས་རྙིང་བའི་རྒྱལ་ཆེན་སྡེ་བཞི་སོགས་ཀྱི་གོ་ཁྲབ་དག་དང་ཚུལ་མཚུངས་པ་ཞིག་རེད། ད་དེ་རིང་དུས་ཚོད་ཚང་སོང་བས་དེ་ཙམ་གྱིས་ཆོག་པ་བྱ་རྒྱུ་ཡིན། 

རྣམ་པ་ཚོ་ལ་སྐུ་ཚེ་བརྟན་ཅིང་བཞེད་དོན་འགྲུབ་པའི་སྨོན་ལམ་ཡོད། བཀྲ་ཤིས་བདེ་ལེགས།


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།