ལྷ་གསོལ་བསང་འབོད།

640-1.jpeg

༄༅། །    ཀི    རིང་ལ་རྔམ་པ་གཅིག་དང་བཅས།   ལྷ་གསོལ་ལོ།    ལྷ་གསོལ་ལོ།   ལྷ་གསོལ་ལོ།   དབུགས་ཐེངས་གཅིག་གིས་འབོད།  ༈  ཀི      རྃ་ཡྃ་ཁྃ།   ཨོཾ་ཨཱཿཧཱུྃ།   དབུགས་ཐེངས་གཅིག་གིས་འབོད་པ་འདི་འོག་ཀུན་ལ་འགྲེས།   སྐྱབས་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ།   ཆོས་སྐུ་རྒྱལ་བ་ཀུན་ཏུ་བཟང་པོ།   ལོངས་སྐུ་རིགས་ལྔ་ཞི་ཁྲོའི་ལྷ་ཚོགས།    སྤྲུལ་སྐུ་འགྲོ་འདུལ་ཐུབ་དྲུག་གིས་མཚོན་པའི།    ཆོས་ལོངས་སྤྲུལ་སྐུའི་སངས་རྒྱས།    བླ་མ་ཡི་དམ་མཁའ་འགྲོ།    བཀའ་སྡོད་ཆོས་སྐྱོང་སྲུང་མ།    འཛམ་གླིང་སྲིད་པའི་ཟོ་དོར།   དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་དང་བཅས་པ་ཐམས་ཅད་ལ།   གསོལ་ལོ།    མཆོད་དོ།   ༈    ཀི       རྃ་ཡྃ་ཁྃ།    ཨོཾ་ཨཱཿཧཱུྃ།       ཁྱད་པར་དུ་བོད་ཁ་བ་ཅན་གྱི་ཞིང་ཁམས།   འབྲི་རྫ་ཟལ་མོའི་སྒང་གི   ས་མི་འགྱུར་རུ་དམ་གྱི་ལུང་པ།    ཆོས་མི་འགྱུར་རྫོགས་པ་ཆེན་པོ།   གནས་མི་འགྱུར་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་གདན་ས་འདིའི།   དགུ་ལྡན་བརྒྱུད་པའི་བླ་མ།   ཡི་དམ་བཀའ་དགོངས་ཕུར་གསུམ།   གནས་གསུམ་མཁའ་འགྲོའི་ལྷ་ཚོགས་དང་བཅས་པ་ལ།   གསོལ་ལོ། ། མཆོད་དོ།།   ༈    ཀི    རྃ་ཡྃ་ཁྃ།   ཨོྃ་ཨཱཿཧཱུྃ།  སྔོན་ཚེ་ཁྲག་འཐུང་དཔལ་ཆེན་ཧེ་རུ་ཀའི་སྤྱན་སྔར་ཁས་བླང་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་ཤིང་།   བསྟན་དགྲ་དམ་ཉམས་རྡུལ་དུ་བརླག་པར་བྱེད་པའི་འཕྲིན་ལས་ཅན།  ལས་དང་ཡེ་ཤེས་འཇིག་རྟེན་པའི་ཚུལ་འཛིན་གྱི་སྲུང་མ།  དཔལ་ཆེན་རྟ་མགྲིན་ནག་པོ།  དཔལ་མགོན་མ་ནིང་ཕྱག་བཞི།  ཕྱུག་མགོན་ཚོགས་བདག་དགྲ་ལྷ།   བཀའ་སྲུང་མ་གཟའ་རྡོར་གསུམ།  ཞིང་སྐྱོང་དུར་ཁྲོད་ཀྱི་ལྷ་མོ།  བཀྲ་ཤིས་ཚེ་རིང་མཆེད་ལྔ།  གཡུ་སྒྲོན་བསྟན་མ་བཅུ་གཉིས།  གནོད་སྦྱིན་ཤན་པ་དམར་ནག་ལ་སོགས་པ་བཀའ་དང་གཏེར་གྱི་སྲུང་མ་ཐམས་ཅད་ལ།  གསོལ་ལོ།།   མཆོད་དོ། །  ༈ ཀི   རྃ་ཡྃ་ཁྃ།  ཨོཾ་ཨཱཿཧཱུྃ།  དབང་ཆེན་དབང་གི་དཀྱིལ་འཁོར་ཆེན་པོ་ལ་གནས་ཤིང་།  དབང་དྲག་འཕྲིན་ལས་རབ་འབྱམས་ཐོགས་མེད་དུ་སྒྲུབ་མཛད།  དབང་མཆོག་པདྨ་རྒྱལ་པོའི་བཀའ་བསྒོའི་ཐ་ཚིག་ལ་གནས་པའི།  སྔ་འགྱུར་རིག་འཛིན་བརྒྱུད་པ་སྤྱི་དང་།  བྱེ་བྲག་བླ་མ་རྫོགས་ཆེན་ཚང་གི    ལྷ་སྡེ་མི་སྡེ་མཆོད་ཡོན་འཁོར་འདབ་དང་བཅས་པའི་རིགས་ལ་འགོ་ཞིང་།   དམ་ལ་གནས་པའི་སྲུང་མ་མྱུར་མགྱོགས་ཅན།   ལུས་གྲིབ་མ་བཞིན་དུ་འགྲོགས་པའི།   རྫུ་འཕྲུལ་གློག་ལྟར་མྱུར་བའི་རྩལ་ཤུགས་ཅན།  དམ་ལྡན་བུ་བཞིན་དུ་སྐྱོང་ཞིང་།  དམ་མེད་ཀྱི་སྙིང་ཁྲག་འཐུང་བའི།  ཆོས་སྐྱོང་ཡིད་བཞིན་ནོར་བུ།  གནོད་སྦྱིན་ཙིའུ་དམར་པོ།  བཙན་རྒོད་རོལ་བ་རྐྱ་བདུན།   དགྲ་ལྷའི་རྒྱལ་པོ་རྡོ་རྗེ་གྲགས་ལྡན།  རྒྱལ་ཆེན་སྐུ་ལྔ་བློན་འཁོར་དང་བཅས་པ་ལ།   གསོལ་ལོ། །    མཆོད་དོ། །     ༈   ཀི  རྃ་ཡྃ་ཁྃ།  ཨོཾ་ཨཱཿཧཱུྃ།  བདེ་གཤེགས་རིན་ཆེན་གཙུག་ཏོར་ཅན་མངོན་སུམ་མི་ཡི་རྣམ་རོལ་དུ་བྱོན་པ་གྲུབ་ཐོབ་པདྨ་རིག་འཛིན་དང་།   གཏེར་ཆེན་ཉི་མ་གྲགས་པ་ལ་སོགས་སློབ་བུ་ཉི་ཟླ་སྐར་གསུམ།  ཡབ་སྲས་བརྒྱུད་པ་རིམ་བྱོན་དང་བཅས་པའི་བཀའ་སྡོད་ལས་ཀྱི་སྲུང་མ།  མྱུར་མགྱོགས་མཐུ་སྟོབས་དང་དྲག་རྩལ་ཅན།  སྒྲོལ་བྱེད་བཙན་གྱི་དམག་དཔོན།  བཙན་དམར་པོ་འབུམ་གྱི་རུ་འདྲེན།   སྲིད་གསུམ་སྲོག་གི་བདག་པོ།   དགྲ་མགོ་བརྡུང་བའི་ཐོ་བ།  དངོས་གྲུབ་གཡང་གི་སྣ་འདྲེན།  གྲི་བཙན་ཆེན་པོ་རྡོ་རྗེ་དགྲ་འཇོམ་རྩལ།   སྤྲུལ་བ་ཡང་སྤྲུལ་ཕྱག་བརྙན་འཁོར་ཚོགས་དང་བཅས་པ་ལ།  གསོལ་ལོ།།  མཆོད་དོ། །   ༈  ཀི   རྃ་ཡྃ་ཁྃ།   ཨོཾ་ཨཱཿཧཱུྃ།  རིགས་གསུམ་མགོན་པོའི་རྣམ་འཕྲུལ།   ཨོ་རྒྱན་པདྨའི་ཐུགས་སྲས།   ནག་པོ་བདུད་ཀྱི་ཁ་གནོན།   སེར་པོ་ཧོར་གྱི་གཤེད་མ།  སྐུ་ལྷ་མོན་གྱི་སྲོག་བདག   ས་དམ་འཇང་གི་གཉའ་ཤིང་།   ཕྱོགས་བཞིའི་རྫོང་ཆེན་ཆེ་བཞི་དང་།  མཐའ་བཞིའི་རྫོང་ཕྲན་བཅོ་བརྒྱད་ཕབས་པའི།   དབུ་ནག་བོད་ཀྱི་དགྲ་ལྷ།   མི་ཐུབ་བཙན་པོའི་གོང་གནོན།   མ་ནུས་ཉམས་ཆུང་གི་ཕ་མ།  ཨ་ཀར་འོད་ཀྱི་ཝེར་མ།   སྐྱེས་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་ལ།   གསོལ་ལོ།།  མཆོད་དོ།།  ༈  ཀི   རྃ་ཡྃ་ཁྃ།   ཨོཾ་ཨཱཿཧཱུྃ།  གླིང་དཀར་པོའི་མགོན་སྐྱབས་ཀྱི་སྲུང་མ།   དཔའ་དགྲ་ལྷའི་གྲ་མ་མཆེད་དགུ།  མགྲོན་ཡག་དར་མ་བཅུ་གསུམ་སོགས་དང་།  ཕུ་བོ་རྒྱ་ཚ་ཞལ་དཀར།  ནུ་བོ་རོང་ཚ་དམར་ལེབ།  དགྲ་ལྷའི་ཁྲ་ཀླག་སྤྱང་གསུམ།  གཅེས་ཕྲུག་དར་མ་བཅུ་གསུམ་སོགས་ཕུ་ནུ་དཔའ་བརྟུལ་སུམ་ཅུ་དང་།  དཔའ་བདུད་བརྒྱད་ཅུའི་འཁོར་ཚོགས།  དང་སྨན་ཌཱཀྐིའི་ཚོགས་དང་བཅས་པ་ལ།   གསོལ་ལོ། །  མཆོད་དོ།།  ༈  ཀི   རྃ་ཡྃ་ཁྃ།   ཨྃ་ཨཱཿཧཱུྃ།   བོད་གངས་ཅན་གྱི་མགུར་ལྷ་བཅུ་གསུམ།   རྨ་ཆེན་སྲིད་པའི་ཟོ་དོར།   ཡང་སྒོས་སུ།   འབྲི་རྫ་ཟལ་མོ་སྒང་གི   གཡས་ལུང་ཟླ་ཡི་ལུང་པའི།  རྫ་རྒྱལ་རྡོ་རྗེ་འཕན་ཕྱུག་སོགས།   རྫ་རྒྱུད་ཕྱུག་མོའི་ཡུལ་ལྷ།  གཡོན་ལུང་འབྲི་ཡི་ལུང་པའི།  འབྲི་གསེར་ལྡན་སྔོན་མོས་གར་ཁྱབ་གི   དཀར་ཕྱོགས་སྐྱོང་བའི་ཡུལ་ལྷ་གཞི་བདག་འཁོར་དང་བཅས་པ་ལ།   གསོལ་ལོ། །   མཆོད་དོ།།  ༈   ཀི   རྃ་ཡྃ་ཁྃ།    ཨོཾ་ཨཱཿ  ཧཱུྃ།  ཁྱད་པར་དུ་རྒྱལ་དབང་མཚོ་སྐྱེས་རྡོ་རྗེས།   བྱིན་གྱིས་བརླབས་པའི་གནས་ཆེན།   གངས་ར་བ་ཉེར་ལྔའི་ནང་ཚན།   ཡོན་ཏན་གནས་ཀྱི་གཙོ་བོ།    རུ་དམ་གངས་ཀྱི་ར་བའི།   གཡང་ཆགས་ས་ཡི་དཀྱིལ་འཁོར་ན་བཞུགས་པའི།    ཁྲོ་ཟིལ་ཁྲོམ་རྡོ་རྗེ་གཡུང་དྲུང་།   བཙུན་མོ་རྒོད་ལྕམ་ཁ་རག   གནས་བདག་ནོར་བུ་གཡུལ་རྒྱལ།   གཏེར་སྲུང་ལྕམ་མོ་ཆེན་མོ།   དྲལ་པོ་ལྷ་ཡི་དགེ་བསྙེན་ལ་སོགས་པ།   སྟོད་གངས་རི་ཤེལ་དཀར་གྱི་ཕོ་བྲང་ལ་གནས་འཆའ་ཞིང་།  བར་རྫ་བྲག་མཆོང་སྨུག་གི་སྐུ་མཁར་ལ་བཙན་རྫོང་བཟུང་བ།   སྨད་སྤང་གཞུང་གཡུ་མཚོ་ཕྱུག་མོར་རྟེན་གཞི་བཟུང་བའི།  དཀར་པོ་ཆོས་ཀྱི་སྲུང་མ།  ཆོས་ལྡན་བུ་བཞིན་དུ་སྐྱོང་ནི།   ནག་པོ་བདུད་རིགས་ཀྱི་གཤེད་མ།   དགྲ་ནག་པོའི་སྲོག་གཅོད་ཀྱི་ཤན་པ།   དངོས་གྲུབ་གཡང་གི་རུ་མ།  ནོར་ལོངས་སྤྱོད་ཀྱི་ཆར་བ་འབེབ་ནི།   ལུས་གྲིབ་མ་བཞིན་དུ་མི་འབྲལ་འབྲོག་པའི།     བླ་མ་རྫོགས་ཆེན་ཚང་གི་ལས་ལྷ་མཁའ་འགྲོ་ཆོས་སྐྱོང་།   གནས་བདག་གཏེར་གྱི་སྲུང་མ།   ཡུལ་ལྷ་གཞི་བདག་དང་བཅས་པ་ལ།  གསོལ་ལོ།།  མཆོད་དོ།།  ༈ ཀི  རྃ་ཡྃ་ཁྃ།   ཨོཾ་ཨཱཿ  ཧཱུྃ།   བདུད་རྩི་བསང་གི་མཉེས་རྫས།   ཇ་ཆང་ཕུད་ཀྱི་མཆོད་པས།   ལྷ་ངོ་དཀར་པོ་དགུང་ལ་བསྟོད་ན།   སྤྱིར་སངས་རྒྱས་ཀྱི་བསྟན་པ་དར།   སེམས་ཅན་ལ་བདེ་སྐྱིད་འབྱུང་།    ནད་མུག་མཚོན་འཁྲུགས་ཞི།   ཡངས་བའི་རྒྱལ་ཁམས་ཐམས་ཅད་བདེ་ལ་འཁོད་པ་ནས།   ཁྱད་པར་དུ་ངེད་མཆོད་མཆོད་བསྟོད་བསྟོད་ཀྱི་སྒྲུབ་པ་པོ་འཁོར་དང་བཅས་པའི།   མི་ནོར་ཆོས་གསུམ་འཕེལ།  ཁ་ལས་རླུང་རྟ་དར།  དབང་ཐང་དཔལ་ཡོན་རྒྱས།    ལས་ཅི་བསམ་ལམ་ལ་འགྲོ་བའི་ཁ་མགོན་དང་རྒྱབ་རྟེན་ཁྱེད་ནམ་པས་མཛོད།   ཀི  རིང་ལ་སྙན་པ་ཞིག་དང་བཅས།  ཡག་དང་སྤྲོད།   ཉེས་དང་བཟུར།   ཁ་ལག་པ་བཞིན་དུ་སྡོང་གྲོགས་གྱིས།   དྲིན་ཕ་མ་བཞིན་དུ་མགོན་སྐྱབས་གྱིས།   བཙན་པོའི་དབང་འོག་ལ་མ་མངགས།    རྣོན་པོའི་སོ་འོག་ལ་མ་མངགས།  མགྱོགས་པའི་བང་འོག་ལ་མ་མངགས།  མཁས་པའི་ལྕེ་འོག་ལ་མ་མངགས།   དམག་ལ་འགྲོ་ན་དམག་གི་དགྲ་ལྷ་གྱིས། ཚོང་ལ་འགྲོ་ན་ཚོང་གི་མགྲོན་ལྷ་གྱིས།   ཁྱིམ་ལ་བསྡད་ན་གཞིས་ཀྱི་སྲུང་མ་གྱིས།   དགྲའི་དམུ་གབ་ནག་པོ་མགོ་ནས་བཤུས།  ཐབས་ཤེས་རབ་གི་བློ་རྒྱ་ཁོག་ནས་ཕྱེས།     ཀི   གཡུལ་རྒྱལ་ལྷ་ཡི་བ་དན་དགུང་ལ་ཕྱོར།   ཕུན་ཚོགས་སྡེ་བཞི་མ་བོས་མགྲོན་དུ་ཁུག    དབུ་འཕང་རི་རྒྱལ་ལྷུན་པོ་རྟག་ཏུ་བརྟན།   ཆོས་སྲིད་བསྟན་པ་མཐའ་རྒྱས་བཀྲ་ཤིས་ཤོག     ཀི་     ལྷ་རྒྱལ་ལོ།།   

ཞེས་པ་འདི་བསང་ཆོག་གི་དགྲ་བླའི་དཔང་བསྟོད་རྒྱས་འབྲིང་བསྡུས་པ་གང་འོས་ཀྱི་སྐབས་སུ་བུ་རྟ་གང་ཧྲག་ཚོགས་ནས་རྐྱ་ཚོགས་ཀྱིས་བསང་ཁྲིའི་ཕྱོགས་ཐམས་ཅད་འཁོར་བར་བྱས་ཏེ་མདའ་དར་བཟུང་།   མདུང་དར་གཡོབ།   མཚོན་ཆ་ཕྱར་བཞིན་འཁོད་པའི་དགྲ་ལྷའི་དཔང་བསྟོད་མཇུག་དང་བསྟུན་ཏེ། གཙོ་བོ་ཞིག་གིས་ཕུད་སྐྱེམས་དང་བཅས་འདི་ཉིད་སྐད་གསང་མཐོན་པོས་བསྒྲགས་རྗེས་ཀུན་གྱིས་ལྷ་རྒྱལ་དང་བཅས་བསང་བསྐོར་ལན་གསུམ་བྱ་བ་དང་།   གཞན་ཡང་ཕྱོགས་བསྐྱོད་ཀྱི་ལ་བཙས་བསྟོད་སྐབས་སོགས་གང་ལའང་ཁྱེར་བདེ།  ཁྱིམ་པ་ཕོ་གཞོན་ཚོའི་དགོས་མཁོར་ཁོང་ཚོའི་ཁམས་དབང་དང་མཐུན་པར་འབྲུག་ཚང་སྡེ་བས་བསྐུལ་ངོར་ཡུལ་སྐད་ཀྱིས་འདོན་རྒྱུར་མེ་སྤྲེལ་ལོའི་ས་ཟླར་པདྨ་ཐང་གི་གཞིས་སྒར་དུ་འབྱོར་བའི་ཉིན་གཉིས་པའི་སྔ་དྲོའི་འབྲུག་ཆར་འབབ་པའི་གུང་གསེང་སྐབས་པདྨ་སྐལ་བཟང་དེས་བྲིས། ། ། །

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།