༄༅། །རང་གི་གཅུང་སྐད་གཉིས་སྨྲ་བ་ངག་དབང་ཆོས་དཔལ་ལ་སྤྲིངས་པ།

微信图片_20260902004635_3_6.jpgངག་ལ་དབང་བའི་དགེ་མཚན་རི་བོང་འཛིན། །

ཆོས་ཀུན་དག་བྱེད་སྒྲ་རིག་མཚོ་ལས་སྐྱེས། །

སྨྲ་མཁས་ཟུར་ཕུད་དཔལ་དུ་ཉེར་འོས་པ། །

སྐད་གཉིས་སྨྲ་བའི་ཟླ་བ་དེ་ལ་དགེ །


ཚེ་རབས་དུ་མར་རྒྱལ་དབང་མཚོ་སྐྱེས་རྗེས། །

མི་འཁྲུལ་རྗེས་སུ་བཟུང་བའི་རིག་སྔགས་འཆང་། །

གསང་ཆེན་ཐེག་པའི་ཁང་བཟང་ཉམས་དགའ་བར། །

ལེགས་པར་ཞུགས་པའི་ཕྲིན་འདི་གསན་བྱའི་རིགས། །


ན་ཚོད་བུས་པའི་བརྟུལ་ཞུགས་ཉེར་འཛིན་ཡང་། །

བློ་གྲོས་རྒན་པོའི་ཁུར་གྱིས་རབ་བརྗིད་པའི། །

སྨྲ་མཁས་ཁྱོད་ནི་དཔྱོད་ལྡན་ཕུར་བུ་ཡི། །

མཚུངས་ཟླ་འོས་ཞེས་ཉིན་དང་མཚན་དུ་གླེང་། །


ཐུབ་བསྟན་གངས་རིའི་སྤོ་ལ་ཉེར་གནས་ཤིང་། །

མང་ཐོས་བསླབ་གསུམ་རལ་ཁུར་གྱིས་ལྕི་བ། །

སྐད་གཉིས་སྨྲ་བའི་གདོང་ལྔ་ཁྱོད་ཁོ་ནས། །

ཕས་རྒོལ་རི་དྭགས་མུན་མཐར་བྱེད་པར་ངེས། །


གང་གི་སྙན་ཚིག་ལྷ་ཡི་རྔ། །

གསང་མཐོར་སྒྲོག་པའི་སྒྲ་བརྒྱ་པ། །

ཐོས་ཚེ་དགའ་བདེའི་རོ་མངར་པོས། །

མྱོས་པའི་གར་གྱིས་འདི་ན་བྲེལ། །


གང་གི་བཞེད་འབྲས་ཤཱཀྱའི་སྲས། །

འདུལ་བ་འཛིན་པའི་ཉེར་སྤྱོད་རྫས་། །

མི་གཙང་དག་བྱེད་ཆུ་བོའི་སྣོད། །

བསྒྲུབ་པའི་ཆོ་ག་བདག་གིས་བགྱིད། །


གང་ཡང་ཐམས་ཅད་མཁྱེན་པའི་གོ་འཕང་ཉིད། །

སྒྲུབ་བྱེད་ཐོས་བསམ་ཆོ་ག་ལས་གཞན་ན། །

མེད་ཕྱིར་དེ་ལྟར་གནས་རྣམས་ཐམས་ཅད་ལ། །

བརྩོན་པའི་སྙིང་སྟོབས་ལྷུ་རུ་བླང་བ་འཚལ། །


དེ་ལྟའི་ཕྲིན་ཡིག་འདོད་པའི་བདེན་གཏམ་དབྱངས་ཅན་དགའ་མའི་གཟུགས་འཆང་བ། །

ཉམས་དང་འགྱུར་བ་སྟོང་གི་གར་རྩེ་ལྷ་རྫས་རེག་བདེའི་སྟོད་གཡོགས་ཅན། །

ཕུན་ཚོགས་བདེ་དགའི་བསམ་གཏན་སྤེལ་བའི་སྙན་འགྱུར་རྒྱུད་མང་བརྡུང་བཞིན་པར། །

གྲུབ་པའི་དགའ་ཚལ་ག་ལ་བ་དེར་ཁྱོད་ཀྱི་མགྲོན་དུ་བགྲོད་གྱུར་ཅིག །

ཅེས་ཆོ་འཕྲུལ་ཟླ་བའི་དཀར་པོའི་ཚེས་ལ་ཕུལ་བ་སྭ་སྟི།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།