ཀུན་གཟིགས་མ་ཧྭ་པཎྜི་ཏ་འཇམ་མགོན་བླ་མ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་རྒྱ་མཚོ་རྗེས་སུ་དྲན་པ།

微信图片_20251006061259_2_252.jpg

༄། །གཤིས་རིག༵་འོད་གསལ་ལྷུན་གྲུབ་འདུས་མ་བྱས། །

ཀ་དག་སྟོ༵ང་ཆེན་དབྱིངས་དང་མི་ཕྱེད་ཅིང་། །

སྒྲིབ་གཉིས་རྩུབ་རེག་གདོད་ནས་དག་པས་འཇ༵མ། །

རྒྱ་ཆེན་ཡོན་ཏན་ཚོགས་ཀྱི་དཔ༵ལ་དང་ལྡན། །


སྐྱེ་འཆི་བགྲེས་བྲལ་གཞོ༵ན་ནུ༵་བུམ་པའི་སྐུ། །

གནས་ལུགས་དོན་གྱི་འཇམ་དཔལ་དཔའ་བོའི་ཞལ། །

ཡེ་བབས་རང་སར་བཞག་པའི་འཕྲུལ་ཐབས་ཀྱིས། །

མ་སྒྲིབ་མངོན་སུམ་མཇལ་བའི་བྱི༵ན་རླབ༵ས་ལ༵ས། །


མ་བཅོས་རང་བྱུང་དགོ༵ངས་པ༵འི་ཀློ༵ང་ཆེན་པོར། །

གཟོད་ན༵ས་བཞུགས་པ་སྤོ༵བས་པ༵འི་གཏེ༵ར་ཆེན་བརྒྱ༵ད། །

མི་ཟད་མཛོད་སྒོ་གྲོ༵ལ་བའི་གཟི་བྱིན་གྱིས། །

ས་གསུམ་འཇིག་རྟེན་ཁྱོན་ཀུན་སྣང་བར་བྱས། །


ཟབ་རྒྱས་གསུང་རབ་ལུང༵་གི་ཡིད་བཞིན་ནོར། །

གཟུངས་སྤོབས་ཏིང་འཛིན་རྟོག༵ས་པའི་རིན་ཆེན་དབྱིག །

དཔག་ཡས་ཆོས༵་ཚུལ་ནོར་བུའི་མཛོད༵་ཆེན་པོ། །

སྔ་འགྱུར་བསྟན་པ་རྒྱ༵་མཚོའི༵་མངའ༵་བ༵དག་མཆོ༵ག །


རྒྱ་ཆེན་མི༵་ཕ༵མ་མགོན་པོའི་དགོངས་དོན་རྟོགས། །

ཡང་ཟབ་འཇ༵མ་དབྱ༵ངས་ལྟ་བ་མངོན་སུམ་གཟིགས། །

མཐའ་དག་རྒོལ་བའི་ཕྱོགས་ལས་རྣ༵མ་པར་རྒྱ༵ལ། །

སྨྲ་བའི་ཉི་མ་མཆོག་ལ༵་གསོ༵ལ་བ༵་འདེ༵བས། །


ཇི་ལྟ་ཇི་སྙེད་དངོས་ཀུན་མ་ནོར་མཁྱེན། །

བགྲང་ཡས་གདུལ་བྱའི་འགྲོ་བར་གཅིག་ཏུ་བརྩེ། །

བདུད་བཞིའི་གཡུལ་ངོ་གཞོམ་པའི་ནུས་མཐུ་ཅན། །

ཀུན་གཟིགས་འཇམ་མགོན་བླ་མ་རྗེས་སུ་དྲན། །


     ཀུན་གཟིགས་མ་ཧྭ་པཎྜི་ཏ་འཇམ་མགོན་བླ་མ་མི་ཕམ་ཕྱོགས་ལས་རྣམ་རྒྱལ་མཆོག་ཞིང་གཞན་དུ་ཕེབས་ནས་བགྲང་བྱ་བརྒྱ་དང་བཅུ་གསུམ་ལོན་པའི་རྗེས་དྲན་དུ་དགེ་ལེགས་སྙན་གྲགས་རྒྱ་མཚོའམ་ཡོངས་སུ་གྲགས་པའི་མིང་ཨོ་རྒྱན་རིག་འཛིན་དུ་འབོད་པས་བྲིས་པ་སྐྱེ་ཀུན་འཇམ་མགོན་ཆོས་ཀྱི་རྒྱལ་བོའི་གསུང་གི་སྣང་བ་དང་མི་འབྲལ་བའི་རྒྱུར་གྱུར་ཅིག །

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།