༄༅། །ཧཱུྃ་ཧྲཱིཿ ཡུལ་འདིར་གནས་པའི་གཞི་བདག་གནས་བདག་རིགས། །མཐུ་སྟོབས་དབང་ཕྱུག་དྲེགས་པ་ཀུན་གྱི་གཙོ། །བདག་ཅག་དཔོན་སློབ་འཁོར་དང་བཅས་པ་ལ། །འགོ་ཞིང་སྡོང་གྲོགས་བྱེད་པའི་ལྷ་སྲུང་རྣམས། །བདག་གི་བསང་མཆོད་མགྲོན་ལ་སྤྱན་དྲངས་ཚེ། །སྣ་ཚོགས་དབང་པོའི་གཞུ་ལྟར་རབ་བཀྲ་བའི། །རྣམ་འགྱུར་སྣ་ཚོགས་དགྱེས་པའི་རྣམ་རོལ་གར། །བརྩེ་བའི་ཐུགས་རྗེས་གནས་འདིར་གཤེགས་སུ་གསོལ། །དགྱེས་པར་བཞུགས་ནས་གུས་པས་ཕྱག་འཚལ་འདུད། །རྃ་ལས་སྐྱེས་པའི་ཡེ་ཤེས་མེ་ནང་དུ། །ཕྱེ་མར་འོ་སྐོལ་དར་ཟབ་རིན་ཆེན་ལྔ། །དྲི་ཞིམ་ཤིང་སྣའི་ཚོགས་དང་ལྷན་ཅིག་ཏུ། །བསྲེགས་པའི་དུད་པ་ཕྱོགས་བཅུར་འཕྲོ་བ་འདིས། །ཁྱེད་རྣམས་དགྱེས་ཤིང་ཚིམ་པར་མཛད་དུ་གསོལ། །གཞན་ཡང་ཕྱི་ནང་གསང་བའི་མཆོད་པའི་རྫས། །ཀ་ཆ་དཀོར་ཆ་སྤྱན་གཟིགས་ཡོ་བྱད་ཚོགས། །མཁོ་དགུའི་དཔལ་འབྱོར་མ་ཚང་མེད་པ་ཀུན། །སོ་སོའི་གང་བཞེད་དེ་ལ་དེར་འཆར་བ། །རབ་འབྱམས་ནམ་མཁའི་ཁམས་ཀུན་ཡོངས་བཀང་སྟེ། །གུས་པའི་བློ་ཡིས་བླངས་ཏེ་འབུལ་ལགས་ན། །དྲི་ཞིམ་བསང་གི་དགྱེས་ཤིང་ཚིམ་གྱུར་ནས། །ཁྱེད་རྣམ་ཐུགས་དང་འགལ་བའི་ལས་རྣམ་ཀུན། །མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱི། །བདག་ཅག་དཔོན་སློབ་ནད་གདོན་ཀུན་ཞི་ཞིང་། །ཚེ་དཔལ་རྒྱས་ཤིང་ཁམས་གསུམ་དབང་དུ་སྡུད། །གནོད་པར་བྱེད་པའི་དགྲ་བགེགས་མཐའ་དག་ཀུན། །དམིགས་མེད་ཆོས་ཀྱི་དབྱིངས་སུ་ཞི་བར་མཛོད། །
ཅེས་ཀ་ཁོག་དང་ཨ་མོའི་ཕྱོགས་ཀྱི་གཞི་བདག་རྣམས་ཀྱི་བསང་མཆོད་མདོར་བསྡུས་འདི་ནི། མཁན་ཚེ་དབང་རིག་འཛིན་དང་། མཁན་བསོད་ནམས་མགོན་པོ། རྨེ་དཔོན་རྣམ་རྒྱལ་མཐུ་སྟོབས་སོགས་དོན་གཉེར་ཅན་འགའ་ཞིག་གིས་ཡང་ཡང་བསྐུལ་ངོར། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས་ལྕགས་ཕོ་རྟ་ཡི་ལོའི་ཟླ་བ་དགུ་པའི་ཡར་ཚེས་བཟང་པོ་ལ་ཀ་ཨ་མོའི་ཁོག་གསེར་ཁྲིའི་གད་ཐོག་ནས་བྲིས་པ་དགེའོ། །