༄༅། །ཚེ་གཡང་འགུག་པ་འདོད་འབྱུང་དབང་གི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ།།

༢༠༡༧-༠༡-༡༦ ༢༠༠༢༠༨.jpg

《 ཁྱབ་བདག་བླ་མ་རིན་པོ་ཆེའི་ཞལ་འདོན་བྱིན་ཅན། 》

༄༅། །ཧཱུྃ་ཧྲཱིཿ ཆོས་དབྱིངས་ཀུན་ཁྱབ་རྒྱལ་བའི་ཞིང་ཁམས་ཀྱི། །སྐུ་གསུམ་རིགས་འདུས་རྩ་གསུམ་སྲུང་མའི་ཚོགས། །ཚེ་འཛིན་ལྷ་དང་གྲུབ་པའི་དྲང་སྲོང་གིས།།དེང་འདིར་ཚེ་དང་གཡང་གི་དཔལ་རྩོལ་ཅིག །སྣོད་བཅུད་སྲིད་ཞིའི་དྭངས་བཅུད་རྡོ་རྗེའི་ཁམས། །སྐྱེ་འཆིའི་འཇིགས་བྲལ་མི་ཤིགས་སྲོག་གི་མཁར། །འགྱུར་མེད་རྟག་བརྟན་གཡུང་དྲུང་དགའ་བ་འཁྱིལ། །འཕོ་མེད་ཚེ་ཡི་དངོས་གྲུབ་འདིར་སྩོལ་ཅིག །རང་བྱུང་ཡེ་ནས་ལྷུན་གྲུབ་འགྱུར་མེད་ཚེ། །མཁའ་མཉམ་འོད་དུ་འཁྱིལ་བ་ནོར་བུའི་སྤྲིན། །བཀྲག་མདངས་གཟི་བརྗིད་རབ་འབར་ལང་ཚོའི་དཔྱིད། །ངོ་མཚར་ཡིད་བཞིན་རྡོ་རྗེའི་ཚེ་མཆོག་སྩོལ། །རིགས་ལྔ་རྒྱལ་བ་འདུས་པའི་བྱིན་ནུས་ཀྱིས། །འབྱུང་ལྔའི་དྭངས་བཅུད་འོད་ལྔའི་ཐིག་ལེ་རུ། །སྲོག་ལུས་དབང་ཐང་རླུང་གི་རྟེན་ཕུར་དུ། །གཞོམ་བྲལ་རྡོ་རྗེ་ཚེ་ཡི་ཀ་བ་ཚུགས། །སྙིང་ག་རིན་ཆེན་དཔལ་གྱི་བེའུའི་དབུས། །མི་ནུབ་འོད་འབར་འཆི་མེད་ལང་ཚོ་ཅན། །མདངས་ལྡན་ཧྲི༔ཡིག་དམར་པོའི་བཀྲག་མདངས་ཀྱིས། །བཀྲ་ཤིས་འགྱུར་མེད་འཁོར་འདས་ཚེ་དཔལ་སྡུས། །ས་ཡི་སྙིང་པོ་ནོར་རྒྱུན་དཔལ་ལྷ་མོ། །ནོར་ལྷ་གཏེར་བདག་ཨརྱ་ཛམྦྷ་ལ། །རྣམ་མང་ཐོས་སྲས་གནོད་སྦྱིན་འཁོར་བཅས་ཀྱིས། །འཛད་མེད་བརྟན་གཡོའི་ཕྱྭ་གཡང་གནས་འདིར་ཁུག །འབྱུང་ལྔ་ཁམས་གསུམ་སྲིད་པའི་ཕུན་ཚོགས་དབྱིག །ལྷ་ཀླུ་འཁོར་བསྒྱུར་བྱེ་བའི་བསོད་ནམས་དཔལ། །མ་ལུས་དབང་དུ་བྱེད་པའི་དོན་ཡོད་ཞགས། །འདོད་འབྱུང་ཡིད་བཞིན་འཕྲུལ་གྱི་དངོས་གྲུབ་སྩོལ། །གང་འདོད་ཆར་འབེབས་དགོས་འདོད་མཚོ་བཞིན་རྒྱས། །ཟད་མེད་ལོངས་སྤྱོད་འཕྲུལ་དགའི་དཔལ་ལ་སྤྱོད། །ལྷ་གཡང་མི་ལ་འཕོས་པའི་རྫོགས་ལྡན་གྱི། །དགའ་སྟོན་གསར་པ་མི་ནུབ་རྟག་བརྟན་ཤོག །བསོད་ནམས་འོ་མའི་རྒྱ་མཚོ་གཏན་དུ་འཁྱིལ། །དངོས་གྲུབ་གཡང་གི་སྦྲང་ཆར་ཆད་མེད་འབེབས། །མི་ནོར་ཆོས་གསུམ་འཛོམས་པའི་དཔལ་གཡང་གི །དགེ་ལེགས་དཔལ་གྱིས་ཀུན་ནས་མཛེས་གྱུར་ཅིག །ཕན་དང་བདེ་བའི་འབྱུང་གནས་རྒྱལ་བའི་བསྟན། །མི་ནུབ་དར་རྒྱས་བསྟན་འཛིན་ཞབས་པད་བརྟན། །བཤད་སྒྲུབ་ལུང་དང་རྟོགས་པའི་མངའ་ཐང་གི །གདུགས་དཀར་ཡངས་པོས་ས་གསུམ་ཀུན་ཁྱབ་ཤོག །མི་མཐུན་འགལ་རྐྱེན་བར་ཆད་དབྱིངས་སུ་ཞི། །མཐུན་རྐྱེན་ཚེ་བསོད་ལོངས་སྤྱོད་འབྱོར་བ་རྒྱས། །སྣང་སྲིད་འཁོར་འདས་དཔལ་རྣམས་དབང་དུ་འདུས། །གནོད་བྱེད་དགྲ་བགེགས་མངོན་སྤྱོད་དྲག་པོས་སྒྲོལ། །ཚེ་རིང་དཔལ་འབྱོར་འཕེལ་ཞིང་ཆབ་སྲིད་བརྟན། །སྙན་པའི་བ་དན་དཀར་པོ་སྲིད་རྩེར་སྒྲེངས། །གྲགས་པའི་འབྲུག་སྒྲ་མཁའ་དང་མཉམ་པར་སྒྲོགས། །དོན་གཉིས་ལྷུན་གྱིས་འགྲུབ་པའི་མཆོག་སྩོལ་ཅིག །དགྲ་ལྷ་མི་དང་མི་འབྲལ་དབུ་འཕང་མཐོ། །ཕྲག་ལྷ་སྲོག་ལྷ་མི་ཉམས་ཁ་ལས་དར། །ཚོང་མགྲོན་ལམ་ལྷ་འབྲལ་མེད་གྲིབ་བཞིན་འགྲོགས། །དབང་ཐང་རླུང་རྟའི་རྟ་རྒོད་མཁའ་ལ་སྙེགས། །འདི་སྒྲུབ་སྐྱེ་བོ་དངོས་གྲུབ་གཏེར་དང་འཕྲད། །འདི་མཐོང་ཐམས་ཅད་དབུལ་བའི་སྡུག་བསྔལ་སེལ། །འདི་ཐོས་ཀུན་ཀྱང་དགའ་བདེའི་དཔལ་ལ་སྤྱོད། །འབྲེལ་ཚད་འགྲོ་བ་སྲིད་ལས་རྣམ་གྲོལ་ཤོག །མཆོག་གསུམ་དཔག་བསམ་ནོར་བུའི་སྐྱབས་ཀྱི་འོག །ལྷག་པའི་ལྷ་མཆོག་ཟླ་བའི་གཙུག་རྒྱན་འཆང་། །བྱིན་རླབས་ཡེ་ཤེས་ཉི་མས་རྒུད་མུན་སེལ། །ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག །

རང་ལོ་བརྒྱད་ཅུ་ལོན་པའི་རྟེན་འབྲེལ་མཛད་སྒོར། མཆོག་དམན་བར་མའི་མགྲོན་ལ་མི་འགྱུར་ཚེ་དང་གཡང་གི་སྐལ་བར་ཕུལ་བ་འདིས་ཀྱང་འགྲོ་ལ་བདེ་སྐྱིད་སྦྱིན་པའི་སྨོན་འདུན་བཅས་པདྨ་སྐལ་བཟང་དེས་སོ།།

WechatIMG2260.jpg

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།