1884------1958
ཇི་ལྟ་ཇི་སྙེད་ཤེས་བྱ་མཆོག་གི་གཟིགས་པ་ཤིན་ཏུ་རྣམ་དག་ཅིང་། །
ཐུགས་རྗེ་ཆེན་པོའི་རང་བཞིན་དག་པའི་གཟུངས་དང་ཏིང་འཛིན་བྱེ་བའི་མཛོད། །
བརྒྱུད་ཁྲི་བཞི་སྟོང་ཆོས་ཆར་མཆོག་གིས་མཐའ་ཡས་གདུལ་བྱ་སྨིན་མཛད་པ། །
རྐང་གཉིས་མཆོག་གྱུར་ལྷ་མིའི་འདྲེན་མཆོག་ཤཱཀྱའི་གཙོ་ལ་གུས་ཕྱག་འཚལ། །
ཐུབ་བསྟན་ཆོས་ཀུན་མཇལ་བའི་ཡེ་ཤེས་ཐུགས། །
སྐལ་བཟང་རྣ་བར་སྙན་པའི་ཟབ་རྒྱའི་གསུང་། །
གྲགས་པའི་དཔལ་གྱིས་ཡོངས་སུ་གཏམས་པའི་སྐུ། །
འཇམ་མགོན་བླ་མའི་ཞབས་ལ་གུས་ཕྱག་འཚལ། །
བཤད་སྒྲུབ་གཉིས་ཀྱིས་བསྟན་པའི་ཁུར་འདེགས་མཁས་བཙུན་བཟང་པོའི་རྣམ་ཐར་ཅན། །
སུམ་ལྡན་རྡོ་རྗེ་འཛིན་དབང་ཆེན་པོ་ཐུབ་བསྟན་སྙན་གྲགས་རྒྱ་མཚོ་ཡི། །
མཛད་པའི་རྣམ་ཐར་གསལ་བའི་སྒྲོན་མེ་འོད་ཀྱི་ཕུང་པོ་འབར་བ་ཅན། །
བདག་དང་བདག་འདྲའི་མོས་གུས་ཅན་ལ་དད་པའི་སྣང་བ་སྟེར་ཕྱིར་བྲི། །
དེ་ལ་འདིར་གྲུབ་དབང་རྫོགས་ཆེན་དགོན་པ་ཞེས་པའི་གདན་ས་ཁྱད་པར་ཅན་དེར་གྲུབ་པའི་དབང་ཕྱུག་པདྨ་རིག་འཛིན་ནས་བཟུང་རྣལ་འབྱོར་གྱི་དབང་ཕྱུག་དམ་པ་བར་མ་ཆད་དུ་བྱོན། ཁྱད་པར་དུ་སྔ་འགྱུར་རྙིང་མའི་རང་ལུགས་དྲི་མ་མེད་པའི་མདོ་སྔགས་རབ་འབྱམས་ཀྱི་ཆོས་ཚུལ་རྒྱ་མཚོ་ལྟ་བུ་ལ་མཁས་ཚུལ་གསུམ་གྱི་བྱ་བས་བསྟན་པ་རིན་པོ་ཆེ་སྒོ་ཀུན་ནས་ཕྱོགས་ཀུན་ཏུ་སྤེལ་བའི་ཕྲིན་ལས་བསམ་གྱིས་མི་ཁྱབ་པའི་མཁས་བཙུན་དམ་པའི་ཡོན་ཏན་གྱིས་བརྒྱན་པའི་མཁན་པོ་གསེར་གྱི་ཕྲེང་བ་ལྟར་མང་པོ་རིམ་པར་བྱོན་པ་ལས། སྐབས་འདིར་མཁན་ཆེན་ཐུབ་བསྟན་སྙན་གྲགས་སམ་ཐུབ་བསྟན་བཤད་སྒྲུབ་དར་རྒྱས་ཞེས་མདོ་སྔགས་རིག་གནས་དང་བཅས་པར་མཁས་ཤིང་བཙུན་པའི་ཚུགས་ཉམས་རྟོགས་ཀྱི་ཡོན་ཏན་སོགས་གང་ཅིའི་ཐད་ནས་ཕུལ་དུ་བྱུང་བ་དེའི་ཐུན་མོང་གི་ངོར་སྣང་བའི་མཛད་པ་རྣམས་མདོར་བསྡུས་ཤིག་བྲི་བ་ལ། དོན་གྱི་རྣམ་གྲངས་ལྔ་ལས།
དང་པོ་འཁྲུངས་ནས་བླ་མ་བསྟེན་ཚུལ་ནི།
རྫོགས་ཆེན་བ་ཁོག་ཟེར་བའི་ས་དེར་རྒྱལ་བའི་བསྟན་པ་དང་དེ་འཛིན་ཚོགས་ལ་དད་དམ་མི་འགྱུར་བའི་རིགས་རུས་གཙང་མ་སྨུག་པོ་ལྡོང་གི་རུས་ལས་ཆད་པར་གྲགས་པའི་གཡག་ཚའི་རུས་ལས་བ་ཁོག་ལྷ་ཁོ་དང་། ཡུམ་གཡག་བཟའ་བ་ཇ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་སྤྲེར་འཁྲུངས་༼སྤྱི་ལོ1884༽ ཆུང་དུས་ནས་སྐྱེས་ཐོབ་ཀྱི་ཤེས་རབ་དཔལ་འབར་བ་ཞིག་ཡིན་ལ་ཅུང་ཟད་ནར་སོན་ནས་སློབ་དཔོན་དང་བཤེས་གཉེན་ཁ་ཤས་བསྟེན་པས་ཤེས་རབ་ཅན་ཞིག་ཏུ་ཀུན་གྱིས་ཤེས་པར་གྱུར། དེ་ནས་རྫོགས་ཆེན་མཁན་པོ་རྒྱ་སྐོང་གཞན་དགའ་རིན་པོ་ཆེ་ཞེས་དམ་པའི་ཚུལ་དགུས་ཕྱུག་ཅིང་འགྲན་ཟླ་དང་བྲལ་བ་ཆེས་མཆོག་ཏུ་གྱུར་པའི་བཤེས་གཉེན་དམ་པ་དེ་བླ་མར་བསྟེན་ནས་སྤྱིར་མདོ་སྔགས་ཀྱི་ཆོས་མང་པོ་དང་། ཁྱད་པར་དུ་མཁན་ཆེན་གཞན་དགས་རྒྱ་གར་མཁས་པའི་ལུགས་ལྟར་མཛད་པའི་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་དང་། འགྲེལ་མཆན་སོགས་གསུང་མཐའ་དག་ལ་ཐོས་བསམ་མཐར་ཕྱིན་པར་མཛད། གཞན་ཡང་རེ་མདའ་བའི་དབུ་མའི་འགྲེལ་པ། ཤེར་ཕྱིན་གཡག་འགྲེལ། མངོན་པ་མཆིམས་ཆེ་ཆུང་། འདུལ་བ་མཚོ་ཆེ་ཆུང་། དགེ་འདུན་གྲུབ་ཀྱི་འདུལ་ཊཱིཀ་རིན་ཆེན་ཕྲེང་བ། འཇུག་འགྲེལ་དགོངས་པ་རབ་གསལ། རྩ་ཤེར་ཊཱིཀ་ཆེན་རིགས་པའི་མཚོ། རོང་སྟོན་ཤེར་ཕྱིན་འགྲེལ། གོགརམས་པའི་སྦས་དོན་རབ་གསལ། སྦས་དོན་ཟབ་མོ་གཏེར་གྱི་སྒོ་འབྱེད།རྒྱལ་ཚབ་རྗེའི་རྣམ་བཤད་སྙིང་རྒྱན། མཁས་གྲུབ་རྗེའི་རྟོགས་དཀའ་སྣང་བ། དབུ་མའི་སྟོང་ཐུན་སྐལ་བཟང་མིག་འབྱེད། རྗེའི་ལེགས་བཤད་གསེར་ཕྲེང་། ས་པཎ་གྱི་ཚད་མ་རིགས་གཏེར། མཁས་གྲུབ་རྗེའི་སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ་སོགས་མཁས་ཆེན་རྣམས་ཀྱིས་མཛད་པའི་འགྲེལ་ཆེན་རྣམས་ལའང་ཞིབ་གཟིགས་ལེགས་པར་མཛད་དེ། གོང་གི་བླ་མའི་གསུང་གཞུང་ཆེན་བཅུ་གསུམ་གྱི་དགོངས་དོན་མཐར་ཕྱིན་པར་ཐུགས་སུ་ཚུད་པར་བྱས་ཏེ། རྒྱུ་མཚན་ཉིད་ཀྱི་ཐེག་པའི་སྐབས་སུ་གྲུབ་མཐའ་རིས་མེད་ཀྱི་བླ་མ་མཁས་པའི་ཕུལ་དུ་ཕྱིན་པ་ཞིག་བྱུང་བ་རེད། དེར་མ་ཟད་རིག་པའི་གནས་སྣ་རེ་ཙམ་ལེགས་པོ་མཁྱེན་པ་ཡན་གང་ན་སུ་བཞུགས་པ་ལ་གཏུགས་ནས་བོད་ཀྱི་རིག་པའི་གནས་མཐའ་དག་ལ་མཁས་པའི་དབང་པོ་ཆེན་པོ་ཞིག་ཏུ་གྱུར་པ་རེད། གཞན་ཡང་རྫོགས་ཆེན་རིན་པོ་ཆེ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། སྐུ་ཞབས་དགེ་མང་རིན་པོ་ཆེ་གཞན་ཕན་ཆོས་ཀྱི་སྣང་བ། རྫོགས་ཆེན་མཁན་ཆེན་རཏྣ་ཀིརྟི། དགེ་མང་མཁན་པོ་ཡོན་དགའ། ཉག་བླ་བསོད་རྒྱལ་ལམ་གཏེར་ཆེན་ལས་རབ་གླིང་པ། རྫ་མུ་ར་རྡོ་རྗེ་འཆང་པདྨ་བདེ་ཆེན་བཟང་པོ། ཨ་འཛོམས་འབྲུག་པ་འགྲོ་འདུལ་དཔའ་བོ་རྡོ་རྗེ་སོགས་ཕྱི་ནང་གསང་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བའི་དམ་པའི་སྐྱེས་བུ་གསེར་གྱི་ལྷུན་པོ་ལྟ་བུ་མང་པོ་སྐུ་ཚེའི་བར་ཡན་ལ་སྔ་ཕྱི་ཅི་རིགས་པར་བསྟེན་ནས། གསང་སྔགས་ཕྱི་ནང་གི་ཟབ་ཆོས་མང་པོའི་དབང་དང་རྗེས་གནང་། ཁྲིད་དང་གདམས་ངག་བཅས་མ་ལུས་པ་ཉམས་འོག་ཏུ་ཚུད་པར་བྱས། ཁྱད་པར་དུ་སྒྱུ་འཕྲུལ་རྩ་རྒྱུད་གསང་བ་སྙིང་པོ་ལ། གསང་བདག་ཞལ་ལུང་། གསང་བདག་དགོངས་རྒྱན། གྲུབ་ཆེན་བསྟན་པའི་ཉི་མའི་དགོངས་རྒྱན་སྤྱི་དོན། ཀློང་ཆེན་པའི་ཕྱོགས་བཅུ་མུན་སེལ། མ་རིག་མུན་སེལ། ཡིད་ཀྱི་མུན་སེལ། མི་ཕམ་པའི་སྤྱི་དོན་འོད་གསལ་སྙིང་པོའི་དོན་ཁྲིད་བཅས་ལ་གསན་བསམ་མཐར་ཕྱིན་པར་མཛད། དེ་དག་ལས་གསང་བདག་དགོངས་རྒྱན་དང་། བསྟན་ཉིའི་སྤྱི་དོན་གཉིས་ཐུགས་འཛིན་མཛད་ཡོད་པ་རེད། ལྷག་པར་དུ་འོད་གསལ་སྙིང་ཐིག་གི་ཆོས་སྐོར་རྒྱུད་མན་ངག་བཅས་པར་གསན་བསམ་མཛད་ཅིང་། ཀུན་མཁྱེན་རྒྱལ་བ་ཀློང་ཆེན་པ་དང་འཇིགས་མེད་གླིང་པ་གཉིས་ཀྱི་གསུང་མཐའ་དག་ལ་མངའ་བརྙེས་པར་སྦྱོང་རྩོལ་མཐར་ཕྱིན་པར་བྱས་ཏེ། རྫོགས་པ་ཆེན་པོ་སེམས་ཀློང་མན་ངག་སྡེའི་དགོངས་དོན་མཐར་ཐུག་པའི་ཚིག་དོན་གཉིས་ཀ་ལ་མཁས་པར་མ་ཟད། ཉམས་རྟོགས་ཀྱི་ཡོན་ཏན་ཁྱད་པར་ཅན་རྒྱུད་ལ་འབྱོར་བའི་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཞིག་ཏུ་གྱུར་ཏེ་བསྟན་པ་ཡོངས་རྫོགས་ཀྱི་བདག་པོ་ཞིག་ཏུ་གྱུར་ཡོད་པ་རེད། ཁོང་གིས་བླ་མ་གལ་ཆེན་བསྟེན་པའི་རྗེས་མ་ནི། ཨ་འཛོམས་བླ་མ་འགྲོ་འདུལ་དཔའ་བོ་རྡོ་རྗེ་ཡིན། ཨ་འཛོམས་སྒར་ལ་བཞུགས་སྐབས་མཁན་རིན་པོ་ཆེ་ལ་གསང་བའི་སྙིང་པོ་ཟུར་ལུགས་ཀྱི་ཁྲིད་རྒྱུན་ཁྱད་པར་བ་ཞིག་བཞུགས་པས་དེ་གསུང་བར་བསྐུལ་པ་བཞིན་ཨ་འཛོམས་རིན་པོ་ཆེ་ལ་གསང་བདག་དགོངས་རྒྱན་གྱི་ཁྲིད་ཞིབ་རྒྱས་སུ་གསུངས་པ་རེད།
གཉིས་པ་མཛད་པ་ཕྲིན་ལས་ཀྱི་སྐོར་བཤད་པ།
ཁོང་དགུང་ལོ་ཉེར་ལྔའི་ཐོག་རྫོགས་ཆེན་དགོན་གྱི་མཁན་ཁྲིར་ཕེབས། དེ་ཡང་དེའི་ལོ་སྔོན་མའི་ནང་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་གཟིམ་ཁང་ཕྱི་མའི་ནང་བཞུགས་ཏེ་རབ་གསལ་ནས་གཟིགས་སྐབས། དབྱར་གནས་ལ་བཞུགས་པའི་ད་གི་འདུན་རྣམས་ཚོགས་པ་གྲོལ་ནས་ཚོགས་ཁང་དང་བླ་བྲང་གཉིས་ལ་གཡས་སྐོར་ཞིག་མཛད་དེ་སེར་ཕྲེང་གིས་འཆམ་རའི་སྟེང་ནས་ཕེབས་འོང་སྐབས།ཁོང་གིས་ཉེ་གནས་ལ་གསུངས་རྒྱུར། མ་གིའི་ཚ་སེར་ཕྲེང་གི་མཇུག་ཕྱོགས་ན་གྲྭ་གཞོན་ལུས་བོངས་ཅུང་ཆུང་བ་དེ་ཐུབ་བསྟན་རེད་དམ་གསུངས་པར།རེད་ཞུས་པས། འོ་ཁོང་གཞན་ལས་འཕགས་པ་ཞིག་ཡོད་པས་རྗེས་མར་མཁན་པོ་རེད་འགྲོ་བ་རེད་ཅེས་གསུངས་མྱོང་བ་ལས་དེ་འདྲའི་ལོ་ཆུང་ཞིག་མཁན་པོ་རེད་འགྲོ་བ་སུས་ཀྱང་ཡིད་ལ་མེད། ཁོང་ནི་དེ་སྐབས་དབྱར་གནས་ནང་མཁན་པོ་ལ་ཇ་འདྲེན་པའི་གསོལ་དཔོན་ཡིན་པ་དང་། ཤྲཱི་སེང་གི་དཔེ་ཆའི་ཟུར་ཁྲིད་པའི་སྐྱོར་དཔོན་ཞིག་ཡིན། དེའི་རྗེས་མཁན་ལྷ་རྒྱལ་ཤཱི་སེང་གི་མཁན་པོར་ཕེབས་ཤུལ་ལས་ཐོག་པ་མཁན་པོ་ཐུབ་བསྟན་སྙན་གྲགས་བསྐོས་བཞག་གནང་། དེ་ནས་བཟུང་བསྟན་པའི་ཁུར་ཆེན་བཞེས་ཏེ་དགོན་ཆེན་དུ་ལོ་བཞིའི་རིང་དབྱར་གནས་ཀྱི་མཁན་པོ་དང་། སྒྲུབ་ཆེན་བཀའ་བརྒྱད་ཀྱི་རྡོ་རྗེ་རྒྱལ་པོ། སློབ་རྒན་མའི་དཔེ་ཆའི་མཁན་པོ་བཅས་མཛད་དེ་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་ཆ་ཚང་བ་ཁྲིད་པ་སོགས་རྒྱལ་བསྟན་བཤད་སྒྲུབ་གཉིས་ཀྱིས་སྤེལ་བའི་ལས་མཛད། དེ་ནས་ཤྲཱི་སེང་གི་སློབ་གྲྭའི་མཁན་པོ་ལོ་བཞིར་བཞུགས་ཏེ། དངོས་ཞུགས་དང་ཟུར་ཞུགས་སློབ་མ་ཀུན་ལ་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་དང་། འགྲེལ་མཆན་རྣམས་ཀྱིས་གཙོས་༼བཅུ་གསུམ་ནི།
མདོ་དང་མདོ་རྩ་འདུལ་བའི་སྡེ་སྣོད་དང་། །
མཛོད་དང་ཀུན་བཏུས་མངོན་པའི་སྡེ་སྣོད་དང་། །
རྒྱན་རྣམ་གཉིས་དང་རྒྱུད་བླ་འབྱེད་རྣམ་གཉིས། །
རྩ་འཇུག་བཞི་སྤྱོད་ཟབ་མོ་དབུ་མའི་གཞུང་། །
ཆ་ལག་དང་བཅས་རྒྱ་གཞུང་པོད་བཅུ་གསུམ། །
ཞེས་པ་ལྟར་རོ། །༽པའི་དབུ་ཕར་འདུལ་མཛོད་ཚད་མ་བཅས་ཀྱི་གཞུང་འགྲེལ་གཞན་ཅི་རིགས་དང་བཅས་པ་འཆད་པའི་བྱ་བ་བྱས་པས་མཁས་པའི་སྙན་གྲགས་ཀྱང་ཆེས་ཆེར་རྒྱས་པར་གྱུར། དེ་ནས་ནགས་ཆུང་ཁ་དང་། དམ་ཅན་སྒང་། ཚེ་རིང་ལྗོངས་སོགས་དབེན་གནས་སུ་ལོ་ཤས་རེ་བཞུགས་ནས་སྒྲུབ་པ་ཉམས་ལེན་མཛད། ཕྱོགས་གཅིག་ནས་གཞིས་བྱེས་ཀྱི་གྲྭ་བཙུན་སློབ་མ་མང་པོ་ལ་མདོ་སྔགས་རིག་གནས་དང་བཅས་པའི་ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར་བར་མཛད། དེ་ཡང་རིག་གནས་སྐོར་སུམ་རྟགས་དག་གསུམ།སྙན་ངག །དབྱངས་ཅན་སྒྲ་མདོ། ནག་རྩིས། ས་རིས་ལ་ལྔ་བསྡུས་དང་གཟའ་ལྔ་དབྱངས་འཆར་བཅས་དང་། ཐ་ན་བྲིས་ཀྱི་ཐད་ལན་ཙ་ཝརྟུ་གཉིས་དང་། དབུ་ཅན། དབུ་མེད་ལ་ཡིག་ཆེན། ཡིག་འབྲིང་། དཔེ་འཁྱུག འབྲུ་ཚ། ཡིག་ཆུང། ཚུགས་མ། འཁྱུག་ཡིག་བཅས་གང་འདོད་འདོད་དུ་སློབ་པར་མཛད། མདོའི་སྐབས་གཞུང་ཆེན་བཅུ་གསུམ་མཆན་འགྲེལ་རྣམས་ཀྱིས་གཞི་བྱས་ནས་ཁྲིད་ལ། གོང་སྨོས་ཀྱི་འགྲེལ་ཆེན་རྣམས་ཀྱང་སྐབས་སྐབས་སུ་མི་ཉུང་ཙམ་གསུངས། སྔགས་ཕྱོགས་ནས་ཀྱང་། རྩ་རྒྱུད་གསང་བ་སྙིང་པོ། | ཡིད་བཞིན་མཛོད། གྲུབ་མཐའ་མཛོད། ཡོན་ཏན་མཛོད་སོགས་གསུངས། སྐབས་སྐབས་ན་ཡིད་བཞིན་ནོར་བུ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ཡས་མན་དུ་ཕེབས་པར་ཆོས་ཀྱི་བགྲོ་བ་ལྟ་བུའི་གནད་ཆེ་སྐབས་ཁོང་བླ་མཆན་པ་བྱས་ནས་ལན་མང་ཙམ་བྱོན་དགོས་པ་བྱུང་། དེ་ཡང་དཔེར་ན་མཁན་པོ་རང་གིས་ཞལ་ནས། ཟེ་ཆེན་རབ་འབྱམས་གདན་སར་བཀོད་དེ་ཁྲི་སྟོན་སྐབས་ཀྱི་ཉིན་གཅིག ཡིད་བཞིན་ནོར་བུས་ང་ལ་ཤོག་གསུངས་པའི་འཕྲིན་འབྱོར་བས་ང་སྐུ་མདུན་དུ་ཕྱིན། དེར་ཁོང་གིས་ང་ནི་རབ་འབྱམས་ཀྱི་ཁྲི་སྟོན་ཐོག་འགྲོ་དགོས་བྱུང་བས་ཉིད་ང་ཡི་བླ་མཆན་པ་བྱས་ཏེ་འགྲོ་དགོས་གསུངས་པར་ངས་ལེགས་སོ་ཞུས་ཏེ་སོང་བ་ན། རབ་འབྱམས་དང་། ཡིད་བཞིན་ནོར་བུ་གཉིས་ལ་ཁྲི་མཐོ་དམན་འདྲ་བ་གཉིས་འདུག ཁོང་གཉིས་ཁྲིར་ཕེབས་པ་དང་། ཡིད་བཞིན་ནོར་བུའི་གཡོན་ཕྱོགས་སུ་ཁྲི་ཅུང་ཟད་དམའ་བ་ཞིག་འདུག་པར་ང་ལ་སྡོད་གསུང་གི་འདུག །དེ་ནས་དགོན་པ་རང་གིས་མཎྚལ་གྱི་བཤད་པ་དང་ཕུན་སུམ་ཚོགས་པ་ལྔའི་འབེལ་གཏམ་སོགས་བྱས་སོང་། དེའི་སྐབས་ན་ཡིད་བཞིན་ནོར་བུས་སྐུ་ལུས་ང་ཡི་ཕྱོགས་སུ་ཡོ་བར་བྱས་ནས། བཤད་པ་འདི་ཚར་བ་ན་ཁྱོད་ཀྱིས་ཆོས་གཏམ་ཞིག་གསུང་མཛོད་ཅེས་གསུངས་བྱུང་བ་ན། ང་ལ་གྲ་སྒྲིག་གང་ཡང་མེད་པ་ལ་བསམས་ནས་ཚ་ལངས་པ་ཞིག་བྱུང་། འོན་ཀྱང་བསམ་མནོ་བྱས་པས་རྡོ་གྲུབ་ཀྱི་སྤྱི་དོན་བློ་ལ་ལེགས་པོ་ཞིག་ཡོད། དེ་སྔོན་སློབ་མ་འགའ་ལ་ཁྲིད་ནས་ཡུན་རིང་མ་སོང་བ་བླ་མས་མཁྱེན་པ་འདྲ་བསམས་ནས་ལེགས་སོ་ཞུས་ཏེ་སྤྱི་དོན་ཆ་ཚང་བ་ཞིག་བཤད་པ་ཡིན། ། ཞེས་གསུངས་མྱོང་། དེ་ནས་བཟུང་གསང་སྙིང་ལ་མཁས་པའི་གྲགས་པ་བྱུང་བ་རེད། ཡང་བར་སྐབས་ཤིག་ན་རྫོགས་ཆེན་སྒྲུབ་གྲྭ་ཕྱོགས་ཀྱི་ཀླད་ཆེས་མཐོ་བར་རྫ་ཁུག་ཅིག་ཏུ་བྲག་ཕུག་ལེགས་པོ་ཞིག་ཡོད་པར་ཆོས་མ་གསུངས་པར་གཅིག་པུར་རྫོགས་པ་ཆེན་པོ་ཀ་དག་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ལ་གཞོལ་ཏེ་བཞུགས། ལོ་ཕྱེད་གསུམ་ཙམ་སོང་བ་ན། ཉིན་གཅིག་ཡིད་བཞིན་ནོར་བུས་མི་བཏང་ཞིག་ལ་གསུང་ཤོག་ཅིག་བསྐུར་འབྱོར་བར། ང་ལ་འབྲུག་པ་རྒྱལ་པོའི་བཀའ་ཤོག་ཅིག་བྱུང་བའི་ནང་དུ་ཁོང་ལ་ཀུན་མཁྱེན་ཀློང་ཆེན་པའི་གསུང་སྐོར་ཆ་ཚང་གི་དབང་ལུང་ཁྲིད་གདམས་ངག་དང་བཅས་པ་གནང་སར་ཉིད་རིན་པོ་ཆེ་ལན་ཅིག་ཕེབས་རོགས། གལ་ཏེ་ཉིད་རིན་པོ་ཆེ་ཕེབས་སྟབས་མ་འགྲིག་ན་ཉིད་དང་འདྲ་བའི་བླ་མ་ཀུན་མཁྱེན་ཆེན་པོའི་གསུང་ལ་དབང་འབྱོར་བ་ཞིག་མངག་གཏོང་མ་བྱས་ཐབས་མེད་རེད་ཅེས་གསུངས་ཡོད་ཕྱིར་ང་རང་ནི་འགྲོ་ཐུབ་ཀྱི་མི་འདུག རང་བཞིན་གྱི་བླ་མ་ཞིག་མངགས་པས་ནི་མི་འོང་བས་ཉིད་མ་ཕེབས་ཐབས་མེད་པས་དེ་ལུགས་ཕེབས་གྲབས་མཛོད། ཅེས་ལྡོག་མེད་དུ་གསུངས་པར་བརྟེན་དཔོན་འཁོར་གསུམ་བྱས་ནས་འབྲུག་ཡུལ་དུ་ཕེབས་པ་རེད། དེ་སྐབས་ཨ་འཛོམས་བླ་མ་འགྲོ་འདུལ་དཔའ་བོ་རྡོ་རྗེས་འཁོར་སློབ་རྣམས་ལ་ཆོས་གསུང་བཞིན་པའི་སྐབས་སུ། ཨ་ཨ་མཁན་པོ་ཐུབ་སྙན་ལ་བར་ཆད་ཅུང་ཙམ་བྱུང་སོང་གསུངས། ཅི་འདྲ་རེད་ཞུས་པས། བར་ཆད་ཟེར་དགོས་སམ། ཁོང་བཞུགས་ས་དེར་ཡུན་རིང་ཙམ་བཞུགས་ན་ངེས་པར་འཇའ་ལུས་འགྲུབ་རྒྱུ་ཡིན། དེ་གྲུབ་ན་སེམས་ཅན་སུམ་སྟོང་ལ་རིག་པ་གཏད་པས་གདོད་མའི་སར་སྦྱོར་འགྲོ་བ་རེད་དེ། བཞུགས་རྒྱུ་རེད་མ་སོང་། འོན་ཀྱང་འགྲོ་དོན་གྱི་ངོས་ནས་བཤད་ན། སུམ་སྟོང་ལས་ལྷག་པའི་སེམས་ཅན་མང་པོ་ལ་ཕན་ཐོགས་འབྱུང་རྒྱུ་རེད་གསུངས། དེའི་རྗེས་རིང་ཙམ་ན་མཁན་པོ་འབྲུག་ཡུལ་ཕེབས་པའི་སྐད་ཐོས་ཞེས་གྲགས་པ་ལྟར་ཐུགས་རྗེས་གཞན་སྒྲོལ་བ་ལ་ཁྱད་མེད་ནའང་རྟོགས་པས་རང་རྒྱུད་གྲོལ་བའི་ངོས་ནས་མགྱོགས་བུལ་ལ་བསམས་ན་ཅུང་ཟད་བར་ཆད་དུ་སོང་བ་འདྲ་པོ་ཡོད། དེ་ནས་ཁོང་འབྲུག་ཡུལ་དུ་ཕེབས་ཏེ་རྒྱལ་ཁང་དུ་རྒྱལ་པོའི་དབུའི་བླ་མ་དང་མཆོད་གནས་བྱས། རྒྱལ་པོས་གཙོས་པའི་སྣོད་རུང་ཉུང་ཤས་ལ་ཐོག་མར་སྒྱུ་འཕྲུལ་ཞི་ཁྲོའི་དབང་གསུངས། དེ་ནས་རིམ་པར་དུམ་གཉིས་ཀྱི་དབང་དང། ཡ་བཞིའི་དབང་གསུངས། དེ་ནས་མུན་སེལ་སྐོར་གསུམ། ངལ་གསོ་སྐོར་གསུམ། རང་གྲོལ་སྐོར་གསུམ། མཛོད་ཆེན་བདུན། སྙིང་ཐིག་ཡ་བཞི། གསུང་ཐོར་བུའི་སྐོར་བཅས་གསུངས། རྗེས་སུ་བླ་མ་ཡང་ཏིག་དང་འཇིགས་མེད་གླིང་པའི་ཡེ་ཤེས་བླ་མ་གཉིས་ཡང་དུ་ཞིབ་རྒྱས་ཀྱི་སྒོ་ནས་ཁྲིད་སྦྱོང་དང་འབྲེལ་ནས་གསུངས་པར་གྲགས། པོད་དགུའི་ལུང་ཡང་གསུངས་པ་རེད། བར་སྐབས་ཤིག་ན་ཀུན་མཁྱེན་ཆེན་པོའི་གདན་ས་བུམ་ཐང་ཐར་པ་གླིང་དུ་ཕེབས། ཚོགས་མཆོད་རྒྱས་པ་ཕུལ། ཀུན་བཟང་བླ་མའི་ཞལ་ལུང་གསུངས། འཁོར་སློབ་ཀྱང་མང་པོ་འདུས་པར་བཤད་དོ། ། དེ་ལྟ་བུའི་སྒོ་ནས་ལོ་འཁོར་མོ་གཉིས་ལྷག་ཙམ་བཞུགས། རྒྱལ་བློན་འབངས་མི་སྐྱ་སེཪ་ཀུན་གྱིས་སྤྱི་བོར་བཀུར། འབྲུག་ཡུལ་ནས་ལོག་སྟེ་མར་རྫོགས་ཆེན་དུ་ཕེབས་ནས་ནགས་ཆུང་ཁའི་དབེན་ཁྲོད་དུ་བཞུགས། སློབ་མ་མང་པོ་ལ་མདོ་སྔགས་ཀྱི་ཆོས་མང་པོ་གསུངས། ལོ་གསུམ་ཙམ་ན་ཡང་དུ་འབྲུག་པ་རྒྱལ་པོས་ཕེབས་རོགས་མཛོད་གསུངས་པའི་བཀའ་ཤོག་འབྱོར་བས་སླར་ཡང་འབྲུག་ཡུལ་དུ་ཕེབས། རྒྱལ་པོའི་ཉམས་ལེན་སྐོར་ལ་དོགས་སེལ་མང་པོ་མཛད། སླར་ཡང་ཆོས་དབྱིངས་མཛོད་ཁྲིད་ནས་བཞུགས་ཤིང་ཁྲེགས་ཆོད་དང་ལྷུན་གྲུབ་ཐོད་རྒལ་གྱི་ཉམས་ལེན་ལ་གཞོལ་ཏེ་བཞུགས།
སྤྱིར་འབྲུག་པར་རྙིང་མ་བཀའ་བརྒྱུད་དར་ཆེ་ཡང་ལོགས་ཟུར་ཞིག་ན་དགེ་ལུགས་ཀྱི་དགོན་ཆུང་ཞིག་ཡོད་པ་རེད། དེའི་སྐབས་མི་ཉག་སྐྱོར་དཔོན་ཟེར་བའི་ལྷ་རམས་དགེ་བཤེས་ཆེན་པོ་ཞིག་ཡོད་པ་དེར་ཕེབས་ནས་སྐབས་གཅིག་བཞུགས། དེའི་སྐབས་རྒྱལ་བློན་འབངས་སྐྱ་སེར་ཀུན་གྱིས་མཁན་པོ་ལ་རིན་པོ་ཆེ་ཟེར་ཞིང་ཤིན་ཏུ་གཙིགས་ཆེན་བྱེད་ཀྱི་ཡོད་པས་དགེ་བཤེས་ཐུགས་ཅུང་མ་བདེ་བར་ཉམས་སད་དུ་མཁན་པོའི་མདུན་བཅར་ནས་དབུ་ཕར་གཉིས་ནང་ནས་དྲི་བ་ཁ་ཤས་བྱས་པས་མཁན་པོ་རིས་མེད་ཀྱི་བླ་མ་ཡིན་པས་རྙིང་མ་ལྟར་མ་གསུངས་པར་རྗེ་ཡབ་སྲས་ཀྱི་ལུགས་ལྟར་ལན་གསུངས་པས་དགེ་བཤེས་ཐུགས་མཉེས་ནས་རྙིང་མ་ལ་དེ་འདྲའི་མཁས་པ་ཡོད་སྲིད་པ་ལ་གསུངས་ནས་དགྱེས་དགྱེས་མཛད་དེ། །ཁྱེད་ནི་རིག་གནས་ལ་མཁས་པ་ཡོད་པ་རེད་ཟེར་བ་ཐོས་པས་ང་ལ་སྒྲ་རིག་པ་ཞིག་གསུང་རོགས་ཞུས། མཁན་པོས་ཀྱང་འགྲིག་པ་རེད། ང་ཡིས་རྒྱུས་ཆེ་ས་ནི་དབྱངས་ཅན་སྒྲ་མདོ་ཡིན། རྗེས་སུ་དེའི་ཡི་གེ་བསྣམས་ནས་ཕེབས་དང་ཆོག་ཅེས་ཞལ་བཞེས་མཛད་ཀྱང་ཉིན་གཉིས་ཙམ་ན་སྐྱོར་དཔོན་ཡང་དུ་ཕེབས་འོང་ནས་ང་ལ་བོད་ནས་ཡི་གེ་ཞིག་སླེབས། དགའ་ལྡན་བྱང་རྩེར་ཕེབས་གྲབས་དགོས་པས་མྱུར་དུ་སླེབས་པར་གྱིས། ཞེས་འཁོད་འདུག་པས་འགྲོ་དགོས་བྱུང་ཞེས་གསུངས་ནས་བོད་དུ་ལོག་སོང་བ་རེད། དེ་ནས་མཁན་པོའང་དེར་ཡུན་རིང་མ་བཞུགས་པར་མར་ཕེབས། འབྲུག་ཡུལ་དུ་ཕེབས་ཐེངས་སྔ་ཕྱིའི་ཡས་མས་ཀྱི་ལམ་བར་ལ་ཆབ་མདོ་དང་། ལྷ་ས། ལྷོ་ཁའི་ཕྱོགས་སོགས་སུ་སྐུ་དྲག་ཁག་ལས་སྦྱིན་བདག་དང་སློབ་མའང་མང་པོ་བྱུང་ཡོད་པ་རེད། མར་རྫོགས་ཆེན་དུ་ཕེབས་ནས་ནགས་ཆུང་ཁའི་དབེན་ཁྲོད་དུ་བཞུགས་ཏེ་སློབ་མའི་ཚོགས་མང་པོ་ལ་གང་ལ་གང་འདོད་ཀྱི་ཆོས་གསུངས། བར་སྐབས་ཤིག་ན་རྫོགས་ཆེན་དཔོན་སློབ་སྤྲུལ་སྐུའི་ཡོངས་འཛིན་ལ་ལོ་ཁ་ཤས་བཞུགས་ཀྱང་འཁོར་སློབ་རྣམས་ལ་ཆོས་གསུང་རྒྱུ་བར་མ་ཆད། དེ་ནས་མདོ་མཁྱེན་བརྩེའི་སྤྲུལ་སྐུ་ལྷ་སའི་སྐུ་དྲག་ཅིག་ལ་འཁྲུངས་པ་རྫོགས་ཆེན་ཚང་གིས་སྐུ་བདག་བྱས་པའི་བླ་མ་ཆེན་པོ་ཞིག་ཡོད་པ་དེའི་ཐུན་མོང་མ་ཡིན་པའི་གདམས་ངག་མཐའ་དག་གནང་མཁན་གྱི་བླ་མ་མཛད་ནས་ལོ་མང་པོ་བཞུགས། དེའི་སྐབས་སློབ་མའི་ཚོགས་སྔར་ལས་ཆེས་ཆེར་རྒྱས་པར་གྱུར། རིག་གནས་སློབ་པ་དང་སེམས་ཁྲིད་འཇོག་པ་མ་བརྩིས་པར་ཉིན་རེར་ཆོས་ཁྲིད་གསུམ་རེ་ཙམ་གསུངས་པ་རེད། དེའི་བར་སྐབས་ཤིག་ན་ཁམས་མི་ཉག་གི་སྟོད་ཕྱོགས་སྙན་ལམ་དགོན་དུ་ཕེབས། དེར་སློབ་གྲྭ་ཞིག་བཙུགས། གྲྭ་བཙུན་གཞོན་ནུ་ཉེར་ལྔ་ལ་རྒྱུན་དུ་གསོལ་ཕོགས་ཡོད་པར་མཛད། དེ་ལས་གཞན་པའི་སྤྲུལ་སྐུ་མཁན་པོ་བླ་མ་གྲྭ་བཙུན་རྒན་གཞོན་སོགས་ཤིན་ཏུ་མང་པོ་འདུས་པར། སྒྲ་སྙན་ངག་རྩིས་ས་རིས་ཐ་ན་བྲིས་ཀྱི་རིགས་དང་། མདོ་ཕྱོགས་ལ་རྒྱལ་སྲས་ལག་ལེན། སྤྱོད་འཇུག །མངོན་པ་མཛོད། དབུ་མ་འཇུག་པ། འདུལ་བ་མདོ་རྩ། ཀཱ་རི་ཀ་ལྔ་བཅུ་པ་དང་སུམ་བརྒྱ་པ་གཉིས། སྔགས་ཕྱོགས་ལ་སྒྱུ་འཕྲུལ་ཞི་ཁྲོའི་དབང། སྙིང་ཐིག་དུམ་གཉིས་ཀྱི་དབང་ལུང་། ཀར་གླིང་ཐོས་གྲོལ་གྱི་དབང་ལུང་། ཕུར་པ་རྒྱུད་ལུགས་ཀྱི་དབང་ལུང་། ཡང་དུ་སྙིང་ཐིག་རྩ་གསུམ་གྱི་དབང་། འཛིན་གྲོལ་གྱི་དབང་ལུང་། གསང་སྙིང་མུན་སེལ་སྐོར་གསུམ། གསང་བདག་དགོངས་རྒྱན། བསྟན་ཉིའི་སྤྱི་དོན། རྩ་རླུང་གི་ཁྲིད། སེམས་ཁྲིད་ཀྱང་ལན་གྲངས་མང་དུ་གསུངས། ཡེ་ཤེས་བླ་མ། བླ་མ་ཡང་ཐིག་སོགས་མདོ་སྔགས་རིག་གནས་བཅས་པའི་ཆོས་ཀྱི་ཆར་ཆེན་པོ་ཕབ་སྟེ་རེ་བ་ཡོངས་སུ་རྫོགས་པར་བྱས། གཞན་ཡང་དེར་བཞུགས་པའི་སྐབས་ཤིག་ན་སློབ་མ་ཨ་མདོ་ནས་འོངས་པའི་བློ་གྲོས་བསྟན་པ་ཟེར་བ་ཞིག་ཡོད་པ་དེ་དང་། རུ་སར་ཤོག་ཁའི་ནང་ཀུན་བཟང་ཟེར་བ་གཉིས་དར་མདོར་འགྲོ་རྩིས་ཀྱིས་ལྷ་སྒང་དུ་སོང་སྟེ་རླངས་འཁོར་བསྒུགས། རླངས་འཁོར་གཅིག་བྱུང་ཙ་ན་སྒུག་མི་གཞན་ཁ་ཤས་དེར་བསྡད། ཁོའི་རོགས་པ་ཀུན་བཟང་ཡང་དེའི་ནང་དུ་འགྲོ་གྲབས་བྱས་པ་ན་བློ་གྲོས་བསྟན་པས་མ་འགྲོ་ཟེར་ཞིང་བཤོལ། དེ་སོང་ཚར་རྗེས་ཀུན་བཟང་གིས། རླངས་འཁོར་རྙེད་བཞིན་དུ་མི་འགྲོ་བའི་རྒྱུ་མཚན་ཅི་ཡིན། ད་དེ་རིང་སྡོད་ས་མི་རྙེད་སྨྲས་པར། བློ་གྲོས་བསྟན་པས། རྙེད་འོང་། ང་ལ་བླ་མ་ཞིག་གིས་ཁྱེད་གཉིས་དེར་མ་སྡོད་གསུངས་ནས་སྡོད་མི་བཅུག་འདུག་ཟེར། བླ་མ་ཞིག་མ་བྱུང་བ་ལ་སྨྲས་པས། བྱུང་བྱུང་ཁྱོད་ཀྱིས་མི་མཐོང་བ་རེད་ཟེར། ཇི་འདྲ་ཞིག་འདུག་སྨྲས་པས། མཁན་རིན་པོ་ཆེའི་མདུན་དུ་ནམ་རྒྱུན་ཆོས་ཞུ་རུ་འོང་མཁན་ཞིག་རེད། ང་ཡིས་ངོ་ཤེས་ཟེར།ཡང་དུ་བསྒུགས་བསྡད་པས་ཡུད་ཙམ་ན་ཡང་རླངས་འཁོར་ཞིག་བྱུང་བ་བཀག་ཐུབ་པས་གཉིས་ཀ་དེར་བསྡད་ནས་ཕྱིན་པས་མར་ལེ་དབར་གཉིས་ཙམ་ཕྱིན་པ་ན་རླངས་འཁོར་སྔོན་མ་དེ་ལམ་འོག་ཏུ་ལྷུང་ནས་བསྒྱུར། མི་གསུམ་བསད། མི་གཞན་པ་མང་པོ་ལ་རྨས་སྐྱོན་ཕོག་ཡོད་པ་མཐོང་བས་ཀུན་བཟང་ཧ་ལས། རྗེས་སུ་ཞིབ་མོར་དྲིས་པས་བླ་མ་དེ་ནི་ན་བཟའ་ལེགས་པོ་དགུང་ལོ་ཆེ་མིན་ཆུང་མིན་སྐུ་ཉམས་བརྗིད་པོ་ཅན་ཞིག་འདུག །མཁན་རིན་པོ་ཆེས་ཆོས་ནམ་གསུང་དུས་སུ་སློབ་མ་ཐམས་ཅད་འཚོགས་ཟིན་པ་ན་འོངས་ནས་མཐའ་ཕྱོགས་མི་མེད་ས་ཞིག་ཏུ་བསྡད་དེ་ཆོས་ཞུ་མཁན་ཞིག་རེད། ང་ཡིས་དང་པོ་ཟླ་བ་བཞི་ལྔ་ཙམ་གྱི་བར་ཆོས་ཞུ་བའི་གྲྭ་པ་ཞིག་ཡིན་པར་བསམས། རྗེས་སུ་ཉམས་བཅད་པས་མི་གཞན་གྱིས་མཐོང་གི་མི་འདུག ཆོས་ཁྲིད་ཚར་ནས་དགོན་པའི་ཕྱོགས་སུ་འགྲོ་གི་འདུག་སྟེ། དགོན་པའི་ནང་དུ་སོང་ནས་བལྟས་ན་ནི་དེ་འདྲའི་བླ་མ་ཞིག་མི་འདུག །དེ་སྔོན་ངས་ཁོ་མཐོང་སྐབས་འཛུམ་ཙམ་རེ་ལས་ཞལ་གྲག་མ་མྱོང་། ད་རེས་ཞལ་གྲག་པ་རེད། མཐར་གཏུགས་ཏེ་བཤད་ན་ཁྱོད་ཚོའི་དགོན་པའི་སྲུང་མ་ཞིག་ཡིན་པ་འདྲ་ཞེས་བཤད་པ་རེད། དེ་ནི་དཀོར་བདག་གནོད་སྦྱིན་ཆེན་པོ་བྷི་ཧི་ཟེར་བ། ཆོས་རྒྱལ་གླིང་པའི་ཆོས་སྐོར་དང་། སྙིང་ཐིག་གི་ཆོས་ལ་དགའ་བའི་སྲུང་མ་ཞིག་ཡོད་པ་དེའི་སྤྲུལ་གཟུགས་ཤིག་ཡིན་པར་ངེས། དེ་ལྟར་འགྲོ་བ་མི་ཙམ་དུ་མ་ཟད་མི་མ་ཡིན་གྱིས་ཀྱང་གུས་པས་བསྟེན་ཏེ་ཆོས་ཞུ་བ་རེད། ཡང་སྐབས་ཤིག་ན་སྐུ་ནུབ་དགོན་དུ་གདན་ཞུས་ལྟར་ཕེབས་ནས་ཀར་གླིང་ཐོས་གྲོལ་དང་། སྨིན་གླིང་རྡོར་སེམས་ཀྱི་དབང་། སྙིང་ཐིག་སྔོན་འགྲོའི་ཁྲིད། བར་དོ་དྲུག་ཁྲིད། ཡེ་ཤེས་བླ་མ་རྣམས་གསུངས། སློབ་མ་ཤིན་ཏུ་མང་པོ་འདུས་སོ། དེ་མིན་དགོན་སྡེ་བདུན་ཙམ་གྱིས་གདན་ཞུས་ལྟར་ཕེབས་ནས་སོ་སོར་གང་ལ་གང་དགོས་ཀྱི་རེ་བ་བསྐངས། གང་དུ་བྱོན་པའི་ས་རུ་མཇལ་བའི་མིའི་ཁྲོམ་ཚོགས་དམར་ནག་ཏུ་རྒྱས་པ་ལ་རྒྱུ་འབྲས་ཀྱི་ཆོས་ཀྱིས་བློ་ཆོས་ཕྱོགས་སུ་འགྱུར་བར་བྱས། སྙན་ལམ་དགོན་གྱི་སློབ་གྲྭའི་ནང་དུ་ལོ་གཉིས་ལྷག་བཞུགས། ཡས་མས་སུ་བྱོན་སྐབས་སྐྱེལ་བསུ་སེར་ཕྲེང་སྤོས་རོལ་སོགས་ཡུལ་སྡེ་དང་བཅས་པས་རྒྱ་ཆེན་པོ་བྱས་པ་ནི་རེ་རེ་བཞིན་མ་བྲིས། སྙན་ལམ་དགོན་ནས་ཡར་ཕེབས། སྐྱ་མོའི་མདུན་ལུང་གི་དབེན་ཁྲོད་དུ་རྫོགས་ཆེན་བོད་པ་མཁྱེན་སྤྲུལ་ལ་གཟིམ་ཁང་ལེགས་པོ་ཅུང་ཆེ་བ་ཞིག་ཡོད་པ་དེ་ཁོང་ལ་ཕུལ་བའི་ནང་དུ་སྐུ་གཤེགས་ཁའི་བར་གཏན་བཞུགས་མཛད། དེར་ཡང་ཕྱོགས་སོ་སོ་ནས་སློབ་མ་མང་པོ་འདུས། དེ་དག་ལ་ལར་མདོ་ཕྱོགས་ཀྱི་ཆོས་གང་ལ་གང་འདོད་པ་དེ་གསུངས། ལ་ལར་མཛོད་ཆེན་བདུན་དང་། ཡོན་ཏན་མཛོད། གསང་སྙིང་ལ་གསང་བདག་དགོངས་རྒྱན། བསྟན་ཉིའི་སྤྱི་དོན། མུན་སེལ་སྐོར་གསུམ། སྒོམ་ཕྱོགས་དྲིས་ལན། མན་ངག་ལྟ་ཕྲེང་། ངལ་གསོ་སྐོར་གསུམ། གཞན་ཡང་ཁོང་ནི་རྩ་རླུང་གི་ཁུག་པའི་གྲངས་ཚད་དང་འབེབས་སོགས་ལ་གཞལ་ན་བུམ་པ་ཅན་གྱི་ཚད་ལ་སླེབས་ཡོད་ངེས་རེད་ཅེས་སློབ་མ་རྣམས་ལ་བཤད་སྲོལ་ཡོད་ཅིང་། རྩ་རླུང་གི་ཁྲིད་ཀྱང་གཅིག་གཉིས་མིན་པར་མང་པོ་གསུངས་མྱོང་། དགུང་ལོ་བདུན་ཅུ་རྩ་གཉིས་གསུམ་ནའང་རྩ་རླུང་གི་ཁྲིད་གསུངས་པ་རེད། སྔར་མི་ཉག་ཕྱོགས་སུ་ཕེབས་སྐབས་ཁོང་ལ་མདོ་སྒར་བས་ཕུལ་བའི་གསེབ་རྐྱང་དམར་ཟེར་བའི་རྟ་ཕོ་རྒོད་པོ་ཞིག་ཡོད་པ་བཅིབས་ནས་སྨིན་འཛི་གཤེས་ཟེར་བའི་ས་ནས་ཕེབས་སྐབས་ཡིད་ལ་མེད་པར་ཁུག་འདྲོགས་ཤིག་བྱས་པས་བླ་མ་རྟ་ཐོག་ནས་ཕར་ཙམ་དུ་འཕངས་པ་ན་ས་ཐོག་ཏུ་སྐྱིལ་ཀྲུང་བྱས་ནས་བབས། སྐུ་ལུས་ལ་ཅུང་ཟད་ཀྱང་བརྡབས་མེད་པ་དང་། ཡང་རྫོགས་ཆེན་ཙིག་རག་སུམ་མདོ་རུ་ང་ཚོ་སློབ་མ་བདུན་ཙམ་མདུན་ལུང་ཁར་ཡར་རྐང་ཐང་གིས་འགྲོ་སྐབས་མཁན་རིན་པོ་ཆེ་དཔོན་འཁོར་གསུམ་ང་ཚོའི་རྗེས་ནས་བྱུང་སྟེ་ཡར་ཕེབས་དུས་སྲེག་པ་འཕུར་རྐྱེན་གྱིས་ཆིབས་རྟ་ཁུག་མཆོང་བྱས་པས་བླ་མ་ཕར་ཙམ་དུ་འཕངས་ཀྱང་ས་ཐོག་ཏུ་སྐྱིལ་ཀྲུང་གིས་བབས་ཏེ་མཉམ་བཞག་མཛད་ནས་བཞུགས་འདུག་ཞབས་འབྲེང་བ་རབ་འཕེལ་ཟེར་བས་སྐད་ཆེན་པོས་འབོད་ཀྱིན་འདུག །ང་ཚོས་མ་འབོད་མཉམ་བཞག་ལ་བཞུགས་འདུག་སྨྲས་ཀྱང་ཁོས་འབོད་དགོས་པ་རེད་མ་གཏོགས་འདིའི་ང་གཤེགས་པའི་ཉེན་ཡོད་ཟེར་ཏེ་ན་བཟའ་ནས་འཐེན་པ་རེད། དེ་ནས་ཅུང་ཙམ་ན་ཧ་གསུངས་ནས་བཞེངས་བྱུང་། སྐུ་ལུས་ལ་གནོད་ཅི་ཡང་བྱུང་མི་འདུག དེ་དག་ལ་དཔྱད་ན་སྤྱོད་ལམ་རྒྱུན་གྱི་རྣལ་འབྱོར་གཞོལ་བཞིན་པའི་བྱིན་རླབས་སམ། ཡང་ན་རླུང་བུམ་པ་ཅན་དང་རྡོ་འབེབས་ཕོག་པ་སོགས་ཀྱི་མཐུས་ཡིན་པ་ལས་རང་བཞིན་གྱིས་སྐུ་ལུས་ཡང་ཟོར་ཇི་ལྟར་ཆེ་ཡང་སྐྱིལ་ཀྲུང་གིས་སར་འབབ་ཐུབ་སྲིད་པ་མ་རེད། གཞན་ཡང་རྫོགས་སྤྲུལ་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེས་ཀྱང་བླ་མར་བསྟེན་ཏེ་གསང་བདག་དགོངས་རྒྱན་དང་། རྡོ་གྲུབ་སྤྱི་དོན་སོགས་གསན། ཨ་ཕང་སྲས་མདོ་རིན་པོ་ཆེའི་སྤྲུལ་སྐུ་དང་། ཨ་ཕང་སྲས་ཨ་འཛོམ་སྤྲུལ་སྐུ། ཁྱུང་པོ་སྤྲུལ་སྐུ། འདན་ཤུགས་ར་དགོན་པའི་བླ་མ་ཀུན་དགའ་རྒྱལ་མཚན། ཇ་ཆུ་དགོན་པའི་སྤྲུལ་སྐུ་ཐུབ་བསྟན་རྒྱལ་མཚན་སོགས་བླ་སྤྲུལ་ཆེན་པོའི་རིགས་མང་པོས་བླ་མར་བསྟེན་ཏེ་མདོ་སྔགས་ཀྱི་ཆོས་མང་པོ་གསན། གཞན་ཡང་ཨ་འཛོམས་བླ་མ་ནས་བརྒྱུད་པའི་རྫོགས་པ་ཆེན་པོ་མན་ངག་དམར་ཁྲིད་ཀྱི་ཁྲིད་ཁ་ཆིག་བརྒྱུད་དང་སྙན་བརྒྱུད་མ་དེ་དགེ་འདུན་པ་མོས་གུས་ཅན་ལ་ལྟ་ཅི་སྨོས་མི་སྐྱ་ཕལ་པ་མོས་གུས་ཅན་ལའང་གནང་སྲོལ་ཡོད་པས་ཞུ་མི་མང་ཕྱིར་རྒྱུན་དུ་དེའི་དོན་གྱིས་མདུན་བཅར་བྱེད་མི་རེ་རེ་བ་མང་པོ་ཡོད། ཁྲིད་ཁ་དེ་ལེགས་པོ་རྫོགས་ནས་བླ་མ་ཡང་ཏིག་ཞིབ་རྒྱས་གནང་། དེ་ཡང་མི་བདུན་ཡན་ལ་མི་གསུང་། ཞུ་མི་མང་པོ་ལ་དང་པོ་མི་བདུན་རྫོགས་པ་ན་ཡང་དུ་བདུན་ལ་གསུང་པ་སོགས་མཛད་པ་རེད། ཉིད་ཀྱི་མདུན་ལ་ཁྲིད་ཁ་བཞག་མྱོང་བ་ལ་བླ་མ་ཡང་ཏིག་གནང་བའི་ཕྱག་སྲོལ་མེད། ཡེ་ཤེས་བླ་མ་ནི་འབུམ་ལྔ་སོང་བ་ཞིག་ཡིན་ཕྱིན་དུས་ནམ་ཡིན་ཀྱང་ཞུ་མི་ལ་མང་ཉུང་གི་དབྱེ་བ་མེད་པར་གསུང་། ཐ་ན་ལོ་རེ་ལན་རེ་མི་གསུང་བའི་དུས་མེད། དེའི་སྐབས་རང་ཉིད་ལ་དད་འབུལ་བྱུང་ངོ་ཅོག་མཇུག་གི་ཚོགས་མཆོད་ཀྱི་ཐེབས་སུ་འཇོག་པ་གནང་། གཞན་ཡང་ཁོང་གི་སྐུ་ཚེ་དེར་བསླབ་པ་ལ་གཅེས་སྤྲས་ཀྱིས་ཉེས་ལྟུང་ཕྲ་མོ་ཡང་མི་འབྱུང་བར་བརྩོན་ཅིང་བསླབ་སྡོམ་གྱི་རྒྱུན་ཡང་མང་ཙམ་སྤེལ་ཡོད། དེ་ཡང་ཁོང་གི་བསྙེན་རྫོགས་ཀྱི་སྡོམ་རྒྱུན་ནི་རྒྱལ་དབང་བཅུ་གསུམ་པ་ནས་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ལ་བརྒྱུད། དེ་ལས་མནོས་པ་ཡིན་པས་པཎ་ཆེན་ཤཱཀྱ་ཤྲཱི་ལས་དར་འོང་བའི་སྟོད་འདུལ་ཞེས་གྲགས་པ་དེ་ཡིན། སྡོམ་རྒྱུན་དེར་མོས་པའི་གང་ཟག་མང་པོ་ལ་གནང་སྟེ་དར་སྤེལ་བྱས། སྤྱིར་སྨིན་གླིང་ལོ་ཆེན་ནས་རིམ་པར་བརྒྱུད་དེ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་ཁམས་ཕྱོགས་སུ་དར་རྒྱས་ཆེན་པོར་སྤེལ་བའི་མཁན་ཆེན་ཞི་བ་འཚོ་ལས་བརྒྱུད་པའི་སྔ་འགྱུར་གྱི་སྡོམ་རྒྱུན་དེ་ལ་ཤིན་ཏུ་རྩིས་ཆེན་མཛད་པ་རེད། ཨ་འཛོམས་རྒྱལ་སྲས་འགྱུར་མེད་རྡོ་རྗེས། མཁན་པོ་ཐུབ་སྙན་ང་ཡིས་ནམ་མཇལ་ནའང་འདི་ཞི་བ་འཚོ་རེད་འདུག་སྙམ་པའི་སེམས་པ་ཞིག་སྐྱེས་ཀྱི་འདུག་པས། རྫོགས་ཆེན་དགོན་དུ་ལོ་བརྒྱ་རེའི་མཚམས་ན་མཁན་ཆེན་ཞི་འཚོའི་སྤྲུལ་པ་ཪེ་འབྱོན་པའི་ལུང་བསྟན་ཡོད་པས་ཁོང་ཞི་བ་འཚོའི་སྤྲུལ་པ་ཞིག་ངེས་པར་ཡིན་པ་འདྲ་ཞེས་ལན་མང་པོ་ཞིག་གསུངས་མྱོང་། ཁོང་གི་ཐུགས་དགོངས་ལ་དེ་ལྟ་བུ་ཡོད་པའི་དབང་གིས་ཕྱིས་སུ་ད་ལྟ་ཞལ་བཞུགས་པའི་མཁན་པོ་པད་ཚེ་རིན་པོ་ཆེ་ལའང་། ཉིད་ཀྱིས་བསྙེན་རྫོགས་ཞུ་ན་ཅི་ནས་ཀྱང་མཁན་ཐུབ་སྙན་མདུན་ནས་ཞུས། ་ཞུ་ས་གར་ཡང་ཡོད་ཀྱང་ཁོང་ནི་གཞན་དང་མི་འདྲ་ཞེས་གསུངས་པར་བརྟེན་མཁན་ཐུབ་སྙན་མདུན་ནས་ཞུས་པ་རེད། སྤྱིར་ཁོང་གིས་ཉམས་ལེན་མཛད་པའི་འོད་གསལ་རྫོགས་པ་ཆེན་པོའི་ལྟ་བ་དང་། རྒྱུན་གྱི་སྤྱོད་པ་བཙུན་པའི་ཚུགས་གཉིས་ལ་བལྟས་ན་ལྟ་སྤྱོད་ཡ་མ་བྲལ་བའི་བཤེས་གཉེན་དམ་པ་ཟེར་བ་དེ་ངེས་པར་ཡིན། དེར་མ་ཟད་ཚོགས་པ་བསྐྱངས་ཏེ་རྫོགས་པ་ཆེན་པོའི་ཡང་ཟབ་ཀྱི་གདམས་པ་རྣམས་ཁྱབ་བརྡལ་དུ་སྤེལ་བ་རེད་མ་གཏོགས། ཨ་འཛོམས་རིན་པོ་ཆེའི་གསུང་བཞིན་འཇའ་ལུས་གཤེགས་ངེས་ཅན་རེད། ཁོང་གི་རྒྱུན་གྱི་ཀུན་སྤྱོད་ནི། སྐུ་ཚེ་རིལ་པོར་སྐུ་ཆིངས་བཀྲོལ་ཏེ་མལ་དུ་གཟིམ་མ་མྱོང་ལ་ཉིན་པར་ཐུན་མཚམས་རྣམས་སུ་ཆོས་གསུངས་པ་སོགས་དམ་པའི་ཆོས་ཀྱི་སྤྱོད་པ་ཁོ་ནས་དུས་འདའ་བར་མཛད། མཚན་ཐོག་ཐག་ཉམས་ལེན་ལ་གཞོལ། ནམ་ལངས་ཁར་ཆུ་ཚོད་གཉིས་ཙམ་ཐུལ་པ་དབུ་ཐོག་ཏུ་འཐེན་ཏེ་སྐུ་རྒྱབ་ཏུ་བསྙེས་ནས་མནལ་ཙམ་བྱེད་པ་རེད། དེ་ཡང་འོད་གསལ་གྱི་ངང་དུ་མནལ་བ་སྟེ། ཁོང་ལ་སློབ་མ་དཔེ་རབ་ཐོར་ཅོག་ཟེར་བའི་མཁས་པ་ཆེན་པོ་ཞིག་ཡོད། དེ་མདུན་བཅར་གསོལ་ཐབ་པ་བྱས་ནས་གནས་སྐབས་ཙམ་སྡོད་མྱོང་བ་རེད། དེས་ང་ཡིས་བརྟག་དཔྱད་མང་པོ་བྱས་པ་ཡིན་ཏེ་མཁན་རིན་པོ་ཆེར་ཉིན་སྣང་དང་མཚན་སྣང་མཉམ་ཟིན་ངེས་རེད། ཅེས་གསུངས་མྱོང་། དེ་ནི་དོན་ལ་གནས་པའི་གསུང་ཡིན་ནོ། ཡང་དགུང་ལོ་དོན་ལྔའི་དབྱར་མཇུག་ན་ཁྲིད་ཡིག་ཡེ་ཤེས་བླ་མ་གསུངས། ཁྲིད་ཞུ་མི་སྔར་ལས་ལྷག་པར་མང་པོ་འདུས། གསུང་ཚུལ་ཡང་སྔར་དང་མི་འདྲ་བར་ཕྲ་ཞིབ་ཟབ་རྒྱས་སུ་མཛད། མཁན་པོའི་གཟིམ་ཁང་གི་ལྷོ་ཕྱོགས་ཐག་རིང་ཙམ་ན་རུ་ཤན་ཁུག་ཟེར་བའི་ས་དེར། སློབ་མའི་ཚོགས་ཀུན་གྱིས་ཉིན་ཉེར་ལྔ་ཙམ་གྱི་བར་འཁོར་འདས་རུ་ཤན་སྦྱོང་སྟེ་སྡོད་སྐབས། ཉིན་པར་མིས་སྦྱོང་མཚན་མོར་མི་མ་ཡིན་གྱིས་སྦྱངས་ནས་སྐད་ཅོར་འདོན་པ་ཤུལ་སྡོད་པ་རྣམས་ཀྱིས་ཐོས་ཀྱང་། ཁོ་ཚོས་མཚན་ལའང་སྦྱོང་གི་འདུག་སྙམ་པ་བྱུང་། སྦྱོང་མི་རྣམས་ཀྱིས་ཁོ་ཚོ་སྡོད་ས་དེ་ཉིད་དུ་མ་ཡིན་པར་རྒྱང་ཙམ་ན་སྦྱོང་གི་ཡོད་པ་ལྟ་བུ་ཐོས་པར་གྱུར། དེ་ནས་ཕྱིའི་རུ་ཤན་ཚར་ནས་ཁྲིད་སྤར་སྐབས། སྐུ་མདུན་དུ་དེའི་ཚུལ་ཞུས་པས། ཆོས་ལ་ཕངས་སེམས་སྐྱེས་ཏེ་མི་མ་ཡིན་གྱིས་ཀྱང་ཞུ་བཞིན་ཡོད་པ་མིན་ནམ་གསུངས། སློབ་མ་རྣམས་ལ་ཁྲིད་སྦྱོང་ལེགས་པར་མཛོད། ད་རེས་ཙམ་མ་གཏོགས་ཆོས་འདི་འདྲ་དང་འཕྲད་ཐུབ་རྒྱུ་མ་རེད། ཅེས་ཡང་ཡང་གསུངས་པར་མཛད། འདི་ཐམས་ཅད་ཁོང་རིང་པོར་མི་བཞུགས་པའི་བརྡར་སོང་ཡང་རྗེས་སུ་མ་གཏོགས་མ་གོ་བ་རེད།
གསུམ་པ་སློབ་མ་བསྐྱངས་པའི་སྐོར།
ཁོང་སྐུ་ན་གཞོན་དུས་ནས་སྐུ་འདའ་ཁའི་བར་དུ་མདོ་སྔགས་རིག་གནས་དང་བཅས་གང་ལ་གང་འདོད་དུ་གནང་བའི་སློབ་མ་ནི། ཕྱི་རྒྱལ་འབྲུག་ཡུལ་དང་། བོད་དབུས་ལྷ་ས། ལྷོ་ཁ་ཕྱོགས། ཆབ་མདོ། ཚ་བ་རོང་། གོ་འཇོ། དགེ་རྒྱས། ཁྱུང་པོ། ནང་ཆེན། སྐྱེ་རྒུ། འདན་ཁོག སྡེ་དགེ། དཔལ་ཡུལ། སེར་ཤུལ། འགོ་ལོག མཚོ་སྔོན་ཕྱོགས། ཧོར་ཁོག ཉག་རོང། བྲག་འགོ། རྟའུ། རོང་བྲག ཉག་ཆུ་ཁའི་ཕྱོགས། དར་མདོ། རྒྱ་ཡུལ་བཅས་ཡུལ་གྲུ་དེ་དག་ནས་འོངས་པའི་སློབ་མ་ཁྲི་ཕྲག་མང་པོ་བསྐྱངས་ཡོད་པ་རེད། དེ་དག་ལས་མཁས་བཙུན་བཟང་པོའི་ཡོན་ཏན་མཆོག་དང་ལྡན་པའི་ཕུལ་བྱུང་གི་སློབ་མ་ནི། བོད་པ་སྤྲུལ་སྐུ་མདོ་སྔགས་བསྟན་པའི་ཉི་མ་ཞེས་ཧ་ཅང་མཁས་གྲགས་ཆེ་བ་ཞིག་ཡོད། ཁོང་ནི་དང་པོ་གཞོན་པའི་དུས་སུ་ཁམས་ཀྱི་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའི་སྙན་གྲགས་ཐོས་ནས་ཕེབས་པས། ཁམས་སུ་འབྱོར་དུས་མི་ཕམ་སྐུ་གཤེགས་ནས་རྗེས་མ་ཟིན་པ་ན་རྫོགས་ཆེན་དགོན་དུ་འོངས། མཁན་ཐུབ་སྙན་རིན་པོ་ཆེ་ཤྲཱི་སེང་གི་མཁན་པོ་ཡིན་སྐབས་ལ་ཁེལ། ཁོང་གི་མདུན་ལོ་བཞིའི་རིང་དཔེ་ཆ་གཟིགས། མཁན་པོ་དབེན་ཁྲོད་སོགས་སུ་ཕེབས་པ་ན་ཁོང་རང་རྫ་ཆུ་ཁའི་ཕྱོགས་སུ་ཡར་ཕེབས་ནས་བཤེས་གཉེན་མང་པོ་བསྟེན། རྗེས་སུ་ཡང་དུ་སྒྲ་རིག་པ་སོགས་རིག་གནས་ཕལ་ཆེ་བ་མཁན་པོ་འདིའི་མདུན་ནས་བསླབས་པ་རེད། ཡང་རྫོགས་ཆེན་གྱི་མཁན་པོ་འོད་ལི་ཞེས་ཤིན་ཏུ་མཁས་པ་ཕུལ་ཏུ་བྱུང་བ་ཞིག་ཡོད་པ་དེ་དང་། རྫོགས་ཆེན་མཁན་པོ་པདྨ་ཚེ་དབང་ཞུ་བའི་མཁས་ཁྱད་ངོ་མཚར་ཆེ་བ་ཞིག་བཞུགས་པ་དེ་གཉིས་ཀྱིས་མདོ་སྔགས་རིག་གནས་དང་བཅས་ཕལ་ཆེ་བ་མཁན་པོ་འདིའི་མདུན་གསན་པ་ཡིན། མཁན་པོས་ཀྱང་ཐུགས་རྩིས་ཤིན་ཏུ་ཆེན་པོ་ཡིན། དེ་མིན་མཁན་པོ་ཆོས་ཚ་ཞུ་བ་ཞིག་བཞུགས། ཁོང་གིས་སྤྱིར་མདོ་སྔགས་རིག་གནས་བཅས་སྤྱངས། ཁྱད་པར་ས་རིས་སྐར་རྩིས་དང་འདོན་རྟ་དབྱངས་རོལ་ལ་མཁས་པའི་ཁྱད་ཆོས་འབུར་དུ་ཐོན་པ་ཞིག་ཡོད། འདི་ཡང་མདོ་སྔགས་སྐར་རྩིས་སོགས་ཕྱོགས་མང་པོ་ནས་སློབ་མ་ཡིན་ལ་ཐུགས་ཀྱི་བུ་ཆེན་ཞིག་གོ། །གཞན་ཡང་སྦྲ་ནག་རབ་དགའ་ཞུ་བའི་མདོ་སྔགས་རིག་གནས་བཅས་ལ་མཁས་པའི་ཆེས་མཆོག་ཏུ་གྱུར་པའི་མཁས་ཆེན་ཞིག་བྱུང་ཡོད་པ་དང་། ཚ་བ་ཐུབ་བསྟན་ཞུ་བའི་གཞན་དང་མི་འདྲ་བའི་ཕྱོགས་ཡོངས་ལ་མཁས་པ་ཞིག་ཡོད་པ་དང་། གླིང་ཚང་ཧོ་ལི་བསོད་རྒྱལ་ཞུ་བའི་མཁས་ཆེན་ཞིག་ཡོད་པ་དང་། མཛངས་པ་རྡོ་རྗེ་ཞུ་བའི་ཤིན་ཏུ་མཁས་པ་ཆེན་པོ་རྫོགས་ཆེན་ཚང་གི་མཁན་པོར་བསྐོ་གྲབས་ཡོད་པ་ཞིག་དང་། དཔེ་རབ་ཐོར་ཅོག་ཞུ་བའིམཁས་ཆེན་ཞིག་ཡོད་པ་འདི་དགུ་ནི་ཤིན་ཏུ་མཁས་པར་གྲགས་པའི་ཐུགས་ཟིན་གྱི་བུ་དགུ་ཡིན། དེ་མིན་སྦྱིར་བཏང་གི་མཁས་པ་ཙམ་དུ་གྲགས་པའི་སློབ་མ་ནི་ཕྱོགས་སོ་སོར་མང་པོ་ཡོད་དེ་བྲིར་མ་ལང་ངོ་། །ཁོང་གི་རྩོམ་པ་དང་རྩོད་པ་ནི་ཞར་བྱུང་ཙམ་ལས་ལྷུར་ལེན་ཆེར་མ་མཛད་ལ་སློབ་མའི་ཚོགས་མང་པོ་བསྐྱངས་ཏེ་བཤད་པ་དང་སྒྲུབ་པ་ཁོ་ནས་འདའ་བར་བྱས་པ་ཡིན་ནོ། །
བཞི་པ་ཞལ་གསུང་སྐོར།
སྤྱོད་འཇུག་མཚན་དོན་གྱི་བཤད་པ་དང་། གཅོད་ཀྱི་བསྡུས་དོན་ཆོས་བརྒྱད་འཁྲུལ་པའི་སྦུབ་བཤིག་བསེ་རུ་ལྟ་བུའི་སྤྱོད་པ་ཞེས་བྱ་བ། ཤེར་ཕྱིན་གྱི་བསྡུས་དོན་པདྨ་དཀར་པོའི་ཕྲེང་བ། དག་ཡིག་ངག་སྒྲོན་གྱི་འགྲེལ་པ་ཨུཏྤལ་གཞོན་ནུའི་ཕྲེང་བ། ཤྲཱི་སེང་དུ་མཛོད་བདུན་པར་བསྐྲུན་བྱས་པའི་དཀར་ཆག །དབྱངས་ཅན་དཀར་མོར་བསྟོད་པ་པདྨ་གསར་བའི་ཕྲེང་བ། སློབ་དཔོན་དབྱིག་གཉེན་ལ་བསྟོད་པ། བླ་མ་རྒྱང་འབོད་བྱིན་རླབས་འགུགས་པའི་ལྕགས་ཀྱུ། ཚོགས་གླུ་རིག་འཛིན་མཁའ་འགྲོ་དགྱེས་པའི་རོལ་མོ། སྒྲོལ་མའི་སྒོ་ནས་རླུང་རྟ་བསྐྱེད་པ། ཞལ་གདམས་ཀྱི་སྐོར་དང་ལྟ་མགུར་གྱི་སྐོར་ཅུང་མང་ཙམ་ཡོད། མུ་ར་རྡོ་རྗེ་འཆང་པདྨ་བདེ་ཆེན་བཟང་པོའི་མདུན་དུ་རྟོགས་འབུལ་ཞུས་པའི་གསུང་། ཨ་འཛོམས་འབྲུག་པའི་མདུན་དུ་རྟོགས་འབུལ་ཞུས་པའི་གསུང་རྣམས་ཡོད་དོ། །
ལྔ་པ་སྐུ་འདའ་ཁའི་སྐོར།
ཁོང་གི་སྐུ་ཚེའི་སྨད་ཙམ་ན་དཔེ་ཆ་དང་མཆོད་ཆའི་སྐོར། མནབ་ཆས་དང་གསོལ་ཆས་སྐོར་ངལ་ཞིང་དུབ་པའི་མཐར་མ་ལྷུང་ཙམ་མ་གཏོགས་མ་ཉར་པར་ཤྲྰི་སེང་གི་ཚོགས་ཁང་ཉམས་གསོའི་ཆ་རྐྱེན་དུ་བཞག དགུང་ལོ་དོན་གསུམ་ཙམ་ན་ཡང་དུ་གསོལ་ཆས་མནབ་ཆས་ཕྲན་བུ་མ་གཏོགས་ཐམས་ཅད་ཤྲཱི་སེང་གི་མཁན་པོའི་གཟིམ་ཁང་སྤུས་ལེགས་ཤིག་བཞེངས་རྩ་ལ་བཞགབཞེངས་ཟིན་པ་ན་ཁོང་ལ་དཔེ་ཆའི་རིགས་ཧ་ཅང་མང་བ་བཞུགས་པ་ཐམས་ཅད་དང་། བྲིས་ཐང་གི་སྐོར་དང་། གསེར་དངུལ་གྱི་མཆོད་ཆས་སྐོར་ཆ་ཚང་སོགས་ཐམས་ཅད་དེར་བཞག་འཇོག་བྱས་པ་ཡིན། མཁན་རབས་རེ་རེ་བཞིན་རྩིས་སྤྲོད་བྱེད་རྒྱུ་བྱེད་དགོས་གསུངས་ཏེ་ཡང་དག་པར་སྤོང་དག་མཛད། རབ་རྒྱལ་ས་ཁྱི་སྟེ་དགུང་ལོ་བདུན་ཅུ་དོན་ལྔའི་མཇུག་ན་ཞི་བར་གཤེགས། (1958) དེ་ཡང་ན་ལུང་གྲུབ་ཆེན་ཞུ་བ་ཞིག་བཞུགས་པ་དེས།
དོན་ལྔ་པ་ལ་རིག་པའི་ཁྱེའུ་ཆུང་འཕུར། །
ཤམ་བྷ་ལ་རུ་ཆོས་ཀྱི་འཁོར་ལོ་བསྐོར། །
ཞེས་པའི་ལུང་བསྟན་ཡོད་པ་རེད། དེ་ལ་ཁོང་ཉིད་ཀྱིས་གསུངས་རྒྱུར། ངས་མི་ཚེ་དེར་རྫོགས་པ་ཆེན་པོ་ཉམས་ལེན་བྱས་ན་ཤམ་བྷ་ལར་འགྲོ་མི་འགྲོ་ངེས་པ་མེད། ཅེས་ང་ཚོ་སློབ་མ་མང་པོ་འཚོགས་པའི་ནང་དུ་གསུངས་མྱོང་བས། ལོ་གྲངས་དེར་ཁེལ་ཡོད་ཀྱང་གཤེགས་ས་ནི་ཆོས་ཉིད་ཞི་བ་ཆེན་པོ་ཀ་དག་གི་དབྱིངས་སུ་གཤེགས་པ་ཡིན། དེར་གཤེགས་ནས་དེའི་རྩལ་ལས་སྤྲུལ་པ་ཅིར་ཡང་འབྱུང་བ་ནི་ཆོས་ཉིད་ཡིན་པས་ཤམ་བྷ་ལར་ཆོས་འཁོར་མི་བསྐོར་བའི་ངེས་པའང་ག་ལ་ཡོད། དངོས་སུ་གཤེགས་སྐབས་ནི་ཁོང་གིས་སུ་ལའང་ཞལ་གྲག་རོགས་མ་བྱས་པར་བཞུགས་ས་རུ་མནབ་ཐུལ་སྟོད་འཐེན། སྐྱིལ་ཀྲུང་མཉམམ་བཞག་མཛད་དེ་ཐུགས་དམ་ལ་བཞུགས། ཉིན་གཅིག་དང་ཞག་གཅིག་སོང་སྐབས་བཞུགས་ཚུལ་དེ་ལས་མ་གཡོས་བཞིན་གཤེགས་ཚར་ཡོད་ཀྱང་ཞལ་གྱི་མདངས་མ་ཡལ་བ་སོགས་ལས་གཞིའི་འོད་གསལ་གྱི་སྟེང་དུ་བཞུགས་ཡོད་པར་ཤེས་ཏེ། གམ་གནས་རྣམས་ཀྱིས་མནབ་ཐུལ་དབུ་ཐོག་ཏུ་འཐེན། སྐུ་གདུང་ཧ་ཅང་ཆུང་ཆུང་རེད་ཡོད་ལ་ཚང་མས་དེ་འདྲའི་རོ་ལེགས་པོ་ཞིག་ཅི་ཡིན་ན་ཟེར་བ་ཞིག་བྱུང་བ་རེད། སྤྱིཪ་རྫོགས་ཆེན་གྱི་མཁན་པོ་རྣམས་ནི་མཁས་བཙུན་བཟང་གསུམ་དང་ས་ལམ་གྱི་རྟོགས་པ་མཆོག་ལྡན་ཤ་སྟག་ཡིན་པས་སའི་བཅུད་དང་ཡུལ་གྱི་རྟེན་དུ་ས་རུ་སྦ་བ་ལས་མེ་དང་ཆུ་དང་རི་ལ་སྐྱེལ་བ་ལྟ་བུའི་གདུང་སྦྱང་བྱེད་སྲོལ་མེད་པས་རྗེས་སུ་ཁོང་གི་སློབ་མ་ཇ་ཐོག་ཆེ་བར་རོགས་དང་བཅས་པས་སུས་ཀྱང་མི་གོ་བར་བྱས་ནས་མཚན་ལ་ཤིང་སྒམ་དུ་བཅུག་ཅིང་གདན་དྲངས་ཏེ་གཤིན་རྗེ་སྒྲུབ་ཕུག་གི་ཡང་ཕུག་ཏུ་མཁན་པོ་ལྷ་རྒྱལ་རིན་པོ་ཆེའི་སྐུ་གདུང་དང་མཉམ་དུ་བཞག དེའི་རྗེས་རིང་ཙམ་ན་མི་ངན་མ་རུངས་པ་ཞིག་གིས་རྒྱུ་རྩ་ཡོད་པར་བསམས་ནས་སྐུ་གདུང་གཉིས་ཕྱིར་ཕུད་དེ་འཕངས། གནས་ཚུལ་དེ་གོ་རྗེས་ཡང་དུ་སོང་ནས་བལྟས་པས་མཁན་ཐུབ་སྙན་རིན་པོ་ཆེའི་དབུ་ཐོད་དཔྲལ་བའི་དབུས་སུ་ཨ་ཆེན་པོ་ཞིག་འབུར་དོད་དུ་གསལ་པོར་བྱུང་འདུག་པ་མངོན་སུམ་མཐོང་། དེ་ནས་ཡང་དུ་སྐུ་གདུང་གཉིས་ཡང་ཕུག་ཏུ་བཞུགས་སུ་གསོལ་མོད་དབུ་ཐོད་གཉིས་རྐུ་ལ་ཤོར་སོང་བར་གྲགས། ལྷག་མ་རྣམས་ད་ལྟའང་དེར་བཞུགས་པ་རེད། དེ་ལྟ་བུའི་དམ་པའི་བཤེས་གཉེན་ཆེན་པོ་ཁོང་ནི།
ཆུ་སྐྱར་ལས་ནི་ཆུར་ཤེས་དང་། །
དུ་བ་ལས་ནི་མེར་ཤེས་ལྟར། །
གང་དུ་བྱང་ཆུབ་སེམས་དཔའ་ནི། །
རིགས་དང་མཚན་མ་དག་ལས་ཤེས། །
གསུངས་པ་ལྟར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་ཀྱི་སྤྲུལ་པ་ཞིག་ཡིན་པར་དམན་པ་བདག་གིས་ཀྱང་དཔོག་ནུས་པ་ཞིག་ཡོད་པར་མ་ཟད། དུས་གསུམ་སྒྲིབ་མེད་དུ་གཟིགས་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེས། འདི་གཞན་ལས་འཕགས་པ་ཞིག་ཡོད་གསུངས་པ་དང་། རྒྱལ་སྲས་འགྱུར་མེད་རྡོ་རྗེས། ཐུབ་སྙན་ཁོང་ཞི་བ་འཚོ་དངོས་ཡིན་སྙམ་སོགས་གོང་དུ་དྲངས་པ་ལྟར་དང་། མཁན་ཆེན་པདྨ་ཚེ་དབང་གིས།
རབ་འབྱམས་སྲས་བཅས་རྒྱལ་བའི་མཁྱེན་རབ་འབུམ། །
སྒྱུ་འཕྲུལ་རྡོ་རྗེའི་གར་བསྒྱུར་འཇམ་དཔལ་དབྱངས། །
ངུར་སྨྲིག་འཆང་བའི་རྣམ་རོལ་བླ་མ་རྗེ། །
ཐུབ་བསྟན་སྙན་གྲགས་རྒྱ་མཚོར་གསོལ་བ་འདེབས། །
ཞེས་དང་། ཡབ་རྗེ་ངག་དབང་ནོར་བུ་མཆོག་གིས།
གང་ཁྱོད་སྔོན་ཚེ་སུ་མ་ཏིའི་ཐུགས་སྲས། །
དགེ་བའི་བཤེས་གཉེན་ལེགས་དགུའི་དཔལ་བཟང་པོ། །
རྣམ་པར་འཕྲུལ་ནས་དགའ་བ་བརྒྱད་ལྡན་ཁྲིར། །
འཇམ་མགོན་གཉིས་པར་བཞུགས་ལ་ཅིས་མི་འདུད། །
ཅེས་དང་། སྦྲ་ནག་རབ་དགའ་ནས།
མཐའ་དག་རིག་པའི་གནས་ལ་མཁས་པ་དང་། །
འོད་གསལ་སྙིང་པོའི་བསྟན་པའི་སྲོག་འཛིན་ཕྱིར། །
བི་མ་མི་ཏྲ་མི་ཡི་ཟོལ་སྣང་ལ། །
སོམ་ཉིའི་མདུད་པ་ཕྲ་མོའང་མ་མཆིས་སོ། །
ཞེས་སོགས་དམ་པའི་སྐྱེས་ཆེན་དེ་དག་གིས་ཀྱང་དེ་ལྟར་གསུངས་ཕྱིར་ངེས་པར་དུ་གཞན་ལས་ཆེས་འཕགས་པ་ཞིག་ཡིན་ནོ། །
སླར་སྨྲས་པ། །
སྟོབས་བཅུའི་མངའ་བདག་འདྲེན་པ་ཇི་སྙེད་ཅིག །
སེམས་ཅན་དོན་དུ་བྱོན་ཏེ་འདས་གྱུར་ཀྱང་། །
ཐུལ་བར་མ་གྱུར་ལས་ངན་བདག་འདྲ་བ། །
རྗེས་སུ་འཛིན་པའི་ཐུགས་རྗེ་ཅན་དེ་དྲན། །
ཕུལ་བྱུང་བསོད་ནམས་བརྒྱ་ལས་གྲུབ་པའི་སྐུ། །
ཟབ་རྒྱས་ཆོས་ཚུལ་རྒྱ་མཚོ་འབྱུང་བའི་གསུང་། །
མཐའ་ཡས་ཤེས་བྱའི་དེ་ཉིད་གཟིགས་པའི་ཐུགས། །
དཔལ་དང་ལྡན་པའི་བླ་མར་ཡང་ཡང་འདུད། །
རིམ་དགུའི་ཐེག་པའི་གསལ་བྱེད་སྲིད་པའི་མིག །
ཁྱད་པར་རྒྱུད་རྒྱལ་གསང་བ་སྙིང་པོའི་དོན། །
མཐའ་དྲུག་ཚུལ་བཞིའི་ལམ་ནས་འཆད་པ་ལ། །
སངས་རྒྱས་གསང་བ་དངོས་སྙམ་སླར་ཡང་གུས། །
ཆོས་ཚུལ་འདི་ནི་དཀར་ཕྱོགས་དང་པོ་ཡི། །
ཟླ་བ་ཇི་བཞིན་ཉག་མ་ཕྲ་ན་ཡང་། །
བདེ་འབྱུང་རལ་པའི་རྒྱན་དུ་མཛེས་པ་བཞིན། །
བསྟན་འགྲོར་ཕན་བདེའི་སྣང་བའི་གསོས་སུ་ཤོག །
ཅེས་རྗེ་བཙུན་བླ་མ་མཆོག་གི་རྣམ་ཐར་ཆེ་ལོང་ཙམ་བཀོད་པ་འདི་ནི་ཁམས་པའི་སློབ་གྲྭ་ཆེན་མོའི་དགེ་རྒན་མོ་པོ་ཞེས་པའི་མཁས་པ་དེས་མཁན་པོ་ཐུབ་སྙན་ཞུ་བའི་མཁས་གྲགས་ཅན་ཞིག་བྱུང་བ་དེའི་རྣམ་ཐར་ཁམས་ཀྱི་མཁས་པའི་རྣམ་ཐར་ཁྲོད་དུ་འཇོག་རྒྱུ་ཞིག་རྩོམས་ཤིག་ཅེས་བསྐུལ་བར་བརྟེན། རང་ཉིད་ལོ་བརྒྱད་ཀྱི་བར་དུ་བླ་མར་བསྟེན་ནས་བསྡད་པས་གང་ཤེས་པ་དང་། དེ་མིན་བླ་མ་རང་གི་ཞལ་གསུང་དང་། སློབ་མ་རྒན་པ་དང་། སྐུ་ཚ་སོགས་རྒྱུན་དུ་མདུན་སྡོད་པ་དང་། ཞབས་འབྲེང་བ་རྣམས་ཀྱིས་བཤད་པའི་བདེན་དོན་རྣམས་ཕྱོགས་བསྒྲིགས་བྱས་པ་ལས་གཅམ་བུའི་ངག་དང་སྒྲོ་བཏགས་པའི་ཚིག་གིས་མ་བསླད་པར་སྐུ་ནུབ་འོད་ཟེར་གྱིས་བྲིས་པའོ། །དགེའོ། །དགེའོ། ། དགེའོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།