རྗེ་བཙུན་བླ་མ་རྟོགས་ལྡན་བློ་གྲོས་རྒྱ་མཚོ་མཆོག་གི་རྣམ་ཐར་མདོར་བསྡུས།

༄༅།།རྗེ་བཙུན་བླ་མ་རིན་པོ་ཆེ་རྟོགས་ལྡན་བློ་གྲོས་རྒྱ་མཚོ་མཆོག་གི་རྣམ་ཐར་མདོར་བསྡུས་སུ་བཀོད་པ་དད་གསུམ་ཟླ་བ་འཛུམ་པའི་བདུད་རྩིའི་ཟེར་ཕྲེང་ཞེས་བྱ་བ་བཞུགས་སོ།།

1488853877239112.jpeg

རྩོད་ལྡན་འགྲོ་ལ་བརྩེ་བའི་ཐུགས་རྗེའི་སྤྱན། །གཟིགས་པ་རབ་ཡངས་ལྔ་བརྒྱའི་སྨོན་ལམ་སྟོབས། །འདྲེན་པ་སྟོང་རྩའི་དབུས་ན་ཟླ་བྲལ་པ། །མཉམ་མེད་ཤཱཀྱ་སེང་གེའི་ཞབས་ལ་འདུད། །འོད་མཚན་མགོན་དེའི་ཐུགས་ཀའི་ཧྲཱི༔ ཡིག་དམར། །སིནྡྷུའི་དྭངས་མཚོར་འཕོས་པའི་སྒྱུ་འཕྲུལ་གར། །འཛམ་གླིང་གྲུབ་བརྒྱའི་སྤྱི་མེས་ཧེ་རུ་ཀ །ཨོ་རྒྱན་སངས་གཉིས་པ་རྒྱལ་གྱུར་ཅིག །རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་མཁྱེན་པའི་དཔྱིད། །མཚན་དཔེ་ལི་ཁྲི་གསར་པའི་འཇོ་སྒེག་ཅན། །དྲན་པ་ཡིས་ཀྱང་ཀུན་རྨོངས་སྲིད་པའི་མུན། །མཐར་བྱེད་འཇམ་དཔལ་གཞོན་ནུས་དགེ་ལེགས་སྩོལ། །གང་གི་རང་བཞིན་སྤྲོས་ཀུན་ཉེར་ཞི་ཀ་དག་སྟོང་ཆེན་ཆོས་ཀྱི་སྐུ། །མཆོག་ཏུ་མི་འགྱུར་ཁ་སྦྱོར་བདུན་ལྡན་ལྷུན་གྲུབ་ལོངས་སྤྱོད་རྫོགས་པའི་གར། །རབ་འབྱམས་ཞིང་ན་སྒྱུ་འཕྲུལ་རོལ་མོ་ཟུང་འཇུག་སྤྲུལ་པའི་སྐུར་སྣང་བ། །སྐུ་གསུམ་འདུས་ཞལ་དཔལ་མགོན་བླ་མ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །སྒྲིབ་བྲལ་མཁྱེན་བརྩེའི་རྩེ་དགའ་རྒོད་པ་ལས། །རྨད་བྱུང་ལུང་རྟོགས་ཆོས་ཀྱི་བདུད་རྩིའི་ཆར། །ས་གསུམ་འགྲོ་བའི་སྙིང་ལ་སྦྱིན་མཁས་པ། །མཚུངས་མེད་བླ་མ་ཡུད་ཙམ་དབྱིངས་ནས་དགོངས། །འདི་ན་གང་གི་གསང་གསུམ་འཕྲིན་ལས་ཀྱི། །རྨད་བྱུང་རྟོགས་བརྗོད་དཔག་ཡས་རྒྱ་མཚོའི་གཏེར། །མཐའ་དག་བརྗོད་ལ་བློ་གྲོས་མཐུ་ཕྲ་ཡང་། །ཆ་ཤས་ཙམ་ཞིག་ཉུང་ངུའི་ངག་གིས་གླེང་། །ཞེས་ཐོག་མར་དགེ་བ་ཡུལ་དམ་པ་རྣམས་ལ་མཆོད་པར་བརྗོད་པའི་ཚིགས་སུ་བཅད་པའི་ཕྲེང་བ་ཚར་དུ་དངར་བས་སྒོ་ཡངས་པོར་ཕྱེས་ཏེ་གང་ཞིག་གླེང་བར་བྱ་བ་ནི། རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་རྗེ་བཙུན་བླ་མ་རིན་པོ་ཆེ་མཚན་བརྗོད་པར་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་པ་༧རྟོགས་ལྡན་བློ་གྲོས་རྒྱ་མཚོ་མཆོག་གི་མཐུན་སྣང་ཕྱིའི་རྣམ་པར་ཐར་བ་དད་གུས་འཕེལ་བའི་རྒྱུའི་ཡན་ལག་ཏུ་ཉུང་ངུའི་ངག་གིས་བཀོད་པ་ལ། དེ་ཡང་ཇི་སྐད་དུ། མདོ་སྡེ་པདྨ་དཀར་པོ་ལས། བསྐལ་པ་བྱེ་སྟོང་བསམ་གྱིས་མི་ཁྱབ་པ། །དེ་ཡི་ཚད་ནི་ནམ་ཡང་མེད་པ་ན། བྱང་ཆུབ་མཆོག་རབ་འདི་ནི་ངས་ཐོབ་སྟེ། ངས་ནི་རྟག་ཏུ་ཆོས་ཀྱང་རབ་འཆད་དོ། ཞེས་དང་། དབུ་མ་འཇུག་པ་ལས། གང་ཕྱིར་ནམ་མཁའ་དྲི་མ་མེད་ལ་ཟླ་སྣང་གསལ་བར་གྱུར་པའི་ཕྱིར། སྔོན་ཚེ་སྟོབས་བཅུ་བསྐྱེད་པའི་ས་ལ་ཁྱོད་ཀྱིས་སླར་ཡང་འབད་གྱུར་ཅིང་། །འོག་མིན་དུ་ནི་གང་གི་དོན་དུ་འབད་གྱུར་གོ་འཕང་མཆོག་ཞི་བ། ཡོན་ཏན་མཐའ་དག་མཐར་ཐུག་མཚུངས་པ་མེད་པ་དེ་ནི་ཁྱོད་ཀྱིས་བརྙེས། ཞེས་དང་། བདེ་བར་གཤེགས་པ་མ་ལུས་ཕྱོགས་ཤིང་སངས་རྒྱས་ཡུལ་དག་ན། །ཕྲ་རབ་རྡུལ་གྱི་རྡུལ་རྣམས་བདོག་པར་གྱུར་པ་ཇི་སྙེད་པ། །བྱང་ཆུབ་མཆོག་རབ་དམ་པར་གཤེགས་པའི་བསྐལ་བའང་དེ་སྙེད་དེ། འོན་ཀྱང་ཁྱེད་ཀྱི་གསང་བ་དེ་ནི་བསྙད་བགྱི་མ་ལགས་སོ། ཞེས་གསུངས་པ་ལྟར་ངེས་དོན་དོན་དམ་པའི་དབང་དུ་ན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་གཞི་དབྱིངས་ཁྱད་ཆོས་དྲུག་ལྡན་ཀ་དག་ཆོས་སྐུའི་ངོ་བོར་མངོན་པར་བྱང་ཆུབ་ཏུ་ཟིན་ཀྱང་། ཇི་སྐད་དུ། མངོན་རྟོགས་རྒྱན་ལས། གང་གིས་སྲིད་པ་ཇི་སྲིད་བར། འགྲོ་ལ་ཕན་པ་སྣ་ཚོགས་དགམཉམ་དུ་མཛད་པའི་སྐུ་དེ་ནི། ཐུབ་པའི་སྤྲུལ་སྐུ་རྒྱུན་མི་ཆད། ཅེས་དང་། རྒྱུད་བླ་མ་ལས། ཐུགས་རྗེ་ཆེན་པོས་འཇིག་རྟེན་མཁྱེན། འཇིག་རྟེན་ཀུན་ལ་གཟིགས་ནས་ནི། །ཆོས་ཀྱི་སྐུ་ལས་མ་གཡོས་པར། །སྤྲུལ་པའི་རང་བཞིན་སྣ་ཚོགས་ཀྱིས། ཞེས་དང་། སྤྱོད་འཇུག་ལས། ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །ཇི་ལྟར་རེ་བ་ཡོངས་སྐོང་བ། དེ་བཞིན་གདུལ་བྱར་སྨོན་ལམ་གྱིས། དབང་གི་རྒྱལ་པོའི་སྐུར་སྣང་ངོ་། ཞེས་དང་། འཇུག་པ་ལས། རྒྱལ་བ་ཇི་སྲིད་འཇིག་རྟེན་མཐའ་དག་མཆོག་ཏུ་རབ་ཞི་བ། འགྲོ་བ་མིན་ཞིང་ནམ་མཁའ་རྣམ་འཇིག་འགྱུར་མིན་དེ་སྲིད་དུ། ཤེས་རབ་ཡུམ་གྱིས་བསྐྱེད་པ་ཁྱོད་ལ་ཐུགས་བརྩེ་མ་མ་ཡིས། །ཚུལ་ལུགས་བྱེད་པས་རབ་ཏུ་ཞི་བར་འགྱུར་བ་ག་ལ་མངའ། ཞེས་པ་ལྟར་སེམས་ཅན་གྱི་ཁམས་ལ་རྗེས་སུ་ཆགས་པའི་དམིགས་པ་མེད་པའི་ཐུགས་སྙིང་རྗེ་ཆེན་པོས་དག་དང་མ་དག་པའི་འགྲོ་བའི་མོས་ཁམས་ལྟར་སྒྱུ་འཕྲུལ་གྱི་རོལ་གར་ཚད་མེད་པ་སྤྲོ་བ་ལས། །རེ་ཞིག་རང་ཅག་ཚུ་རོལ་མཐོང་བའི་གདུལ་བྱ་ཁ་ཅིག་གི་སྣང་ངོར་སྐུ་ཚེ་འདིར་འགྲོ་བའི་དོན་དུ་ཇི་ལྟར་བྱོན་པའི་ཚུལ་ནི། སྤྱི་ལོ་༡༩༣༠པ་བོད་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་རྟ་ཡི་ལོར་གངས་ཅན་བོད་ཀྱི་ཤར་ཕྱོགས་སྲིད་པའི་ཟོ་དོར་ཡུལ་ལྷ་རྨ་རྒྱལ་སྤོམ་རས་བདག་ཏུ་བཟུང་ཞིང་། རྨ་ཀླུང་དལ་འབབ་རིང་མོ་གཡུ་འབྲུག་གི་ཟོལ་གྱིས་འཁྱིལ་བའི་ཁུག་སོ་མགོ་ལོག་ཨ་སྐྱོང་གི་སའི་ཆ་སྟོང་སྐྱབས་ཞེས་པ་རུ། ཡབ་སྤེ་ནེ་རྒྱ་རྡོ་དང་སྐྱེད་ཡུམ་སྒར་གཟའ་ཨ་མཚོ་སྐྱིད་གཉིས་ཀྱི་སྲས་སུ་ནམ་མཁར་འཇའ་སྤྲིན་གྱིས་གང་ཞིང་མེ་ཏོག་གི་ཆར་བབས་པ་དང་། ཕྱག་གཉིས་ཐལ་མོ་སྦྱར་ཏེ་ཞལ་ནས་ན་མོ་བུདྡྷ་དྷརྨ་སངྒ་ཡ་ཞེས་ཀུན་གྱི་ཐོས་པར་ཞལ་འདོན་གནང་བཞིན་སྐུ་བལྟམས། ཟླ་བ་གཅིག་ཙམ་རྫོགས་པའི་དུས་ཨ་ར་པ་ཙ་རྒྱུན་མར་བགྲངས་པ་དང་། སྐུ་ན་ཆུང་ངུའི་དུས་སུ་དད་དང་སྙིང་རྗེ་ངེས་འབྱུང་གིས་ཐུགས་རྒྱུད་ཕྱུག་པ་སོགས་ཐེག་པ་ཆེན་པོའི་རིགས་ཀྱི་ཡོན་ཏན་མཐའ་དག་ལྷན་སྐྱེས་སུ་མངའ། དེ་ཡང་རྗེ་བཙུན་བླ་མ་རིན་པོ་ཆེ་འདི་ཉིད་ནི་ལོ་ཆེན་བཻ་རོ་ཙ་ན་དང་སློབ་དཔོན་བཱི་མ་ལ་ཟུང་དུ་འཇུག་པའི་རྣལ་རོལ་དུ་ངེས་ཤིང་། སྐུ་ཚེ་འདིའི་སྐྱེ་སྲིད་སྔ་མ་ནི་སྔ་འགྱུར་བསྟན་པའི་ཉི་མ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཏེ། རྡོ་གྲུབ་ཆེན་འཇིགས་མེད་ཕྲིན་ལས་འོད་ཟེར་གྱི་ལུང་བྱང་ལས། གཞན་ཕན་མཐའ་ཡས་གསུང་གི་སྤྲུལ་པ་ཞིགཿཨ་སྐྱོང་ནང་དུ་བདེ་བའི་མྱུ་གུ་བཞདཿཅེས་པ་ནས། འབྲེལ་ཚད་བདེ་ཆེན་གླིང་དུ་འདྲེན་པར་འགྱུརཿཞེས་གསུངས་ཤིང་། དེ་ཉིད་རྗེ་འདི་ཉིད་དུ་ངེས་པའི་ཚུལ་གུ་རུའི་ཞལ་གདམས་ཡིད་བཞིན་ནོར་བུ་ལས། བཻ་རོའི་སྤྲུལ་པ་བློ་གྲོས་མིངཿ འཆད་རྩོམ་མཐའ་ཡས་བཀའ་བབ་འབྱུངཿ ཞེས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་སྤྲུལ་གཞི་ལོ་ཆེན་བཻ་རོ་ཙ་ནར་ཡོངས་སུ་གྲགས་ཤིང་བློ་གྲོས་མིང་ཞེས་པས་རྗེ་བླ་མའི་མཚན་སྒྲ་གསལ་བར་གསུངས་པ་དང་། དེ་བཞིན་པདྨ་གླིང་པའི་ལུང་བྱང་ལས། ལྕགས་རྟ་ལོ་ལ་མཐའ་དམག་བོད་དུ་བརྡོལཿ ང་ཡི་སྤྲུལ་པ་དགེ་སློང་བློ་གྲོས་མིངཿ ཆུ་བོ་གསེར་ལྡན་འབབ་པའི་འགྲམ་དུ་འབྱུངཿ སྨོན་ལམ་དབང་གིས་དུས་ཀྱི་འཁྲུགས་པ་ཟློགཿ ལྕགས་ལུག་ལོ་ལ་སྐྱིད་པའི་ཉི་མ་ཤརཿ ཞེས་པས་དགུང་སྙིང་ལྕགས་རྟ་ཡིན་པ་དང་འཁྲུངས་གནས་རྨ་ཆུའི་འགྲམ་ཡིན་པ། བསླབ་རྟེན་དགེ་སློང་འདུལ་བ་འཛིན་པ་ཆེན་པོ་བློ་གྲོས་ཞེས་པའི་མཚན་སྒྲ་དང་བཅས་གསལ་བར་བསྟན། དེ་མཚུངས་རྗེ་ཉིད་ཀྱི་ཞལ་ནས་ཐུགས་སྲས་ཐུ་བོ་མགོ་ལོག་སྤྲུལ་སྐུ་བསྟན་པོའམ་བན་ནག་དབོན་སྤྲུལ་ལ་། ང་རང་བཻ་རོ་ཙ་ནའི་དུས་སུ་ཁྱོད་རྒྱལ་མོ་གཡུ་སྒྲ་སྙིང་པོ་དང་། རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་དུས་སུ་དབོན་ཨོ་རྒྱན་བསྟན་འཛིན་ནོར་བུ་ཡིན་པ་བཅས་རང་ཅག་སྐྱེ་བ་ཚེ་རབས་དུ་མར་བླ་སློབ་འབྲལ་མ་མྱོང་བ་ཡིན་པ་ཁྱོད་ཀྱིས་དྲན་གི་འདུག་གམ་ཅེས་ནང་འཕྲོས་སུ་གསུངས་པ་དང་། རྒྱལ་བསྟན་ཡང་དར་གྱི་ཕྱི་མའི་དུས་འདིར་རྗེ་གོང་མའི་གདན་ས་རུ་དམ་ཤྲཱི་སེང་ཆོས་གྲྭར་ཞབས་ཀྱིས་བཅགས་ཏེ་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་གཞིར་བཞེངས་སུ་བསླངས་པ་འདི་ཉིད་གཅིག་པུ་ཡང་། ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་གྲུབ་པའི་འཕྲིན་ལས་ཉག་གཅིག་ལས་བྱུང་བ་ལས་སྟབས་ལེགས་སྟེས་དབང་གིས་མིན་པ་བློ་གྲོས་ཀྱི་མིག་མ་ལྡོང་བ་ཀུན་ལ་གསལ་ལེར་ངེས་པས་མང་དུ་སྨྲ་མ་དགོས་ལ། མདོ་རིན་པོ་ཆེ་ཟིལ་གནོན་དགྱེས་པ་རྡོ་རྗེས་ཀྱང་བཻ་རོའི་སྤྲུལ་པ་ཡིན་ཚུལ་དབུགས་དབྱུང་གནང་ནས་སྤྲུལ་སྐུའི་མཚན་འདོགས་རྒྱུ་ཡོད་ཀྱང་ཚེ་གེགས་འདུག་པས་རེ་ཞིག་རྡོ་རྗེ་མགོན་པོ་བཏགས་ན་ཚེ་ཆོས་མཐར་ཕྱིན་པ་འོང་ཞེས་གསུངས། གཞན་ཡང་ཨོ་རྒྱན་མཁའ་སྤྱོད་གླིང་པའི་གཏེར་ལུང་ལས། རྨ་ཡི་སྟོད་དུ་བཱི་མའི་སྤྲུལ་པ་འབྱུང་། སྙིང་ཐིག་སྙིང་པོའི་བསྟན་པའི་གདུལ་བྱ་སྐྱོང་། ཞེས་གསུངས་ཤིང་ཤང་གི་རྩེ་མོར་ཨ་ཡིག་གི་རི་མོ་ཆེས་གསལ་བ་བཱི་མའི་རྒྱ་རྟགས་དང་ལྡན་པ་ཀུན་གྱིས་མ་འདྲེས་པར་མཇལ་ཞིང་། རིག་འཛིན་ཉི་མ་གྲགས་པའི་གཏེར་ལུང་ལས། ཡོན་ཏན་རིག་འཛིན་བཱི་མ་ལཿ ཤར་ཕྱོགས་མདོ་ཁམས་སྨད་ནས་འབྱུངཿ པདྨའི་མིང་ཅན་བརྟུལ་ཞུགས་ཅནཿ གླ་གཡས་སྨེ་བ་སྤྱན་འདྲས་མཚནཿ ཞེས་བཱི་མའི་རྣམ་རོལ་འཁྲུལ་མེད་དུ་ངེས་པའི་རྟགས་ཁྱད་པར་བ་བརླ་གཡས་སུ་སྨེ་བ་སྤྱན་དང་འདྲ་བས་མཚན་པ་གསུངས་པའང་རྗེ་འདི་ཉིད་ལ་མངོན་སུམ་དུ་བཞུགས་ཤིང་ཁོང་གི་སྐྱེ་བའི་རབས་ཐམས་ཅད་རྟགས་མཚན་དེ་དང་འབྲལ་མ་མྱོང་ཞེས་ཞལ་བཞེས་གནང་བ་སོགས། མདོར་ན་རིམ་དང་གཅིག་ཆར་གཅིག་དང་དུ་མའི་སྒྱུ་འཕྲུལ་གྱི་རོལ་གར་ཚད་མེད་པ་མངའ་བ་རྒྱལ་བ་རྣམས་ཀྱི་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་རང་བཞིན་ལས་མ་འདས་པ་སྤྱི་ལྟར་རོ། དགུང་གྲངས་བརྒྱད་ཀྱི་དུས་སུ་སུས་ཀྱང་བསྐུལ་བ་མེད་པར་རང་མོས་ཀྱིས་ཡི་གེ་འབྲི་ཀློག་སོགས་སློབ་སྦྱང་གནང་བས་ཚེགས་ལ་མ་ལྟོས་པར་མཁྱེན། དེ་ནས་འགྲོ་མགོན་ཞབས་དཀར་པ་ཚོགས་དྲུག་རང་གྲོལ་གྱིས་མཛད་པའི་བསྟན་བཅོས་ངོ་མཚར་སྤྲུལ་བའི་གླེགས་བམ་ཞིག་ཕྱག་སོན་བྱུང་བ་དབྱངས་རྟ་སྣ་ཚོགས་ཀྱིས་ཞལ་འདོན་མཛད་པས་ཐ་མལ་གྱི་སྣང་ཤེས་འགགས་ཤིང་བདེ་སྟོང་གི་ཡེ་ཤེས་དང་སྙིང་རྗེ་བཅོས་མིན་རྒྱུད་ལ་སྐྱེ་བ་བྱུང་། དགུང་ལོ་བཅོ་བརྒྱད་པར་འཁོར་བ་ལ་སྐྱོ་ཤས་གཏིང་ནས་འཁྲུངས་ཏེ་རི་དྭགས་རྙི་ནས་ཤོར་བ་ལྟར་ཉིན་ཞག་གཅིག་གི་ལྟོ་ཆས་དང་ཞལ་ཕོར་ཙམ་ཡང་མ་བསྣམ་པར་གནས་མཆོག་རྨ་རྒྱལ་སྤོམ་རའི་ལྷ་རི་གོ་མཚོན་ཕྱུག་མོའི་སྒྲུབ་གནས་ཤིག་ཏུ་ལོ་ངོ་གཅིག་ལྷག་རིང་སྐུ་མཚམས་ལ་བཞུགས། དེ་སྐབས་ཆུ་གྲང་ཁོ་ན་གསོལ་ནས་ཉིན་མཚན་ཁོར་ཡུག་ཏུ་གནས་ལུགས་ཀྱི་ལྟ་བའི་ངང་ལ་བཞུགས་པས་ཟས་གོས་ཀྱི་མཐུན་རྐྱེན་ཞན་ཡང་ཤིན་ཏུ་སྐྱིད་དར་ཞེས་གསུངས། འདི་དུས་སྣང་སེམས་ལ་མངའ་དབང་འབྱོར་བའི་རྟགས་སུ་སྒྲུབ་ཕུག་ཉེ་གམ་གྱི་བྲག་རྡོ་ཞིག་གི་ངོས་ལ་ཞབས་རྗེས་བཞག་པ་དེང་སང་ཡང་གསལ་པོར་མཇལ་དུ་ཡོད་པར་གྲགས། དགུང་གྲངས་ཉི་ཤུའི་དུས་གནས་བརྟན་འདུལ་འཛིན་ཆེན་པོ་འབྲོག་པ་མཁན་པོ་ལས་རབ་ཏུ་བྱུང་བས་མཚན་བློ་གྲོས་རྒྱ་མཚོ་ཞེས་གསོལ། མཁན་པོ་དེའི་དྲུང་ནས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་དྲན་པ་ཉེར་བཞག་དང་། ལག་ལེན་འདེབས་པ། སྤྱོད་འཇུག་རྩ་བ་བཅས་ཞུས་ཏེ་འབུམ་ལྔའི་བསགས་སྦྱང་ཁ་སྐོང་དང་བཅས་པ་གྲུབ་པ་མཛད། དེ་རྗེས་གླིང་དཔོན་རོང་ཚ་ཁྲ་རྒན་གྱི་ས་ཆར་གྲགས་པའི་ཁྲ་སྟོད་གནམ་རྫོང་ཕྱུག་མོའི་ཁྲ་ཆོག་ཕུག་པ་ཞེས་པ་རུ་སྒྲུབ་པ་ལ་བཞུགས་པའི་ཚེ་གཞན་སྣང་ཟིལ་གྱིས་གནོན་པའི་རྟགས་སུ་ལྷ་ཀླུ་མི་མིན་གྱིས་བཟའ་བཏུང་ཉེར་སྤྱོད་ཀྱི་འཚོ་བ་ཕུལ། བར་ལམ་དར་གྱི་སྙན་མོ་དགོན་དུ་བྱོན་ཏེ་མཁས་པའི་དབང་ཕྱུག་སྙན་དགོན་སྤྲུལ་སྐུ་གསུང་རབ་ཀྱི་མདུན་ནས་ཁྲིད་ཡིག་ཀུན་བཟང་བླ་མའི་ཞལ་ལུང་དང་། དྲན་པ་ཉེར་བཞག །ལག་ལེན་འདེབས་པ། ལམ་རིམ་ཉུང་ངུ་། ཉག་བླ་བསོད་རྒྱལ་གྱི་རྩ་གསུམ་གསང་བ་དྲིལ་སྒྲུབ་ཀྱི་དབང་ལུང་བཅས་ཞུས། དགུང་ལོ་ཉེར་གཉིས་དུས་སྔོན་སྨོན་ཐུགས་བསྐྱེད་ཀྱི་བག་ཆགས་ཟབ་མོས་ཉེ་བར་བསྐུལ་ཏེ་རུ་དམ་རྫོགས་ཆེན་ཕྱོགས་སུ་ཆོས་བྲོས་སུ་བྱོན། མར་ལམ་རྫ་ཆུ་ཁ་ནས་སྤྲུལ་སྐུ་ནམ་མཁའ་འཇིགས་མེད་མཇལ་བ་ལས་སངས་རྒྱས་སྟོང་དབང་དང་། སངས་རྒྱས་མཉམ་སྦྱོར་གྱི་འགྲེལ་པ། རོང་ཟོམ་གསུང་སྣང་བ་ལྷར་སྒྲུབ། འཇམ་དཔལ་མཚན་བརྗོད་དང་། མན་ངག་ལྟ་ཕྲེང་འགྲེལ་པ། དམ་ཚིག་འགྲེལ་པ་སོགས་ཟབ་ཆོས་ཅི་རིགས་གསན། རྫོགས་ཆེན་དུ་འབྱོར་སྐབས་མདོ་ཆེན་མཁན་པོ་བསོད་ནམས་རྡོ་རྗེ་སྐུ་ཡུལ་ཨ་སྐྱོང་ཕྱོགས་སུ་མཁན་བསྐོས་ཕེབས་སྐབས་དང་ཁེལ་ཞིང་། སྤྱན་འདྲེན་པ་ཧོར་རྒྱུད་བཀྲ་ཤིས་ཞེས་པ་རང་ཡུལ་གྱི་འགོ་དཔོན་ཞིག་སླེབ་འདུག་པ་དེས་ཨུ་ཚུགས་མཐའ་སྐྱེལ་བྱས་པ་ཟློག་ཐབས་བྲལ་ཏེ་ཕྱིར་ཨ་སྐྱོང་དུ་མ་ཕེབས་ཐབས་མེད་བྱུང་། འདི་སྐབས་གདན་ས་ཆེན་མོའི་མཁན་སྤྲུལ་སྐྱེས་ཆེན་རྣམས་ལས་ཆོས་འབྲེལ་ཙམ་ལས་གསན་པ་ཅི་ཡང་མ་གྲུབ་པས་མི་རིང་བར་གནས་འདིར་མ་སླེབ་ཐབས་མེད་ཡིན་པའི་ཐུགས་དམ་བཅས། མཁན་རིན་པོ་ཆེ་བསོད་ནམས་རྡོ་རྗེའི་དྲུང་ནས་སྤྱོད་འཇུག་མཆན་འགྲེལ། ཀུན་དཔལ་སྤྱོད་འགྲེལ། སྡོམ་གསུམ་མཆན་འགྲེལ། ཡིད་བཞིན་མཛོད། སྔགས་ཀྱི་སྤྱི་དོན་ཚངས་དབྱངས་འབྲུག་སྒྲ། སྙིང་ཐིག་ཡ་བཞིའི་ལུང་རྒྱུན། གནས་ལུགས་མཛོད་བཅས་ཞུས་ཏེ་ལོ་ཕྱེད་ལྷག་བཞུགས་སྐབས་ཁོང་གིས་གསར་བུ་གོ་བ་ཅན་ཞེས་བསྔགས་བརྗོད་མཛད། དེ་རྗེས་ཁྲོ་བའི་བླ་མའི་དྲུང་ནས་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ། དཔལ་སྤྲུལ་ཤེར་ཕྱིན་ཚིག་འགྲེལ་དང་། སྤྱི་དོན། དགེ་འདུན་ཉི་ཤུའི་ཟིན་བྲིས། གཏམ་པདྨའི་ཚལ་གྱི་ཟློས་གར། ཀློང་ཆེན་པའི་གཏམ་ཚོགས་བཅས་གསན་པ་དང་། སྟག་དགོན་སྤྲུལ་སྐུའི་དྲུང་ནས་སྐུ་གསུམ་ཆོ་གའི་དབང་ལུང་སོགས་ཕྱོགས་དེའི་བཤེས་གཉེན་རྣམས་ལས་ཆོས་འབྲེལ་ཅི་རིགས་གསན། དགུང་གྲངས་ཉེར་བཞི་པར་སླར་ཡང་མཚན་བྲོས་ཀྱིས་རུ་དམ་རྫོགས་ཆེན་དགོན་དུ་བྱོན། མཁན་པོ་བསོད་ནམས་རྡོ་རྗེས་རུ་དམ་ཡང་དབེན་ནས་ཡིད་བཞིན་མཛོད་འགྲེལ་གསུང་བཞིན་པ་གསན། དེ་རྗེས་ཁོང་གིས་གནས་ལྔ་རིག་པའི་པཎྜི་ཏ་ཨ་པན་ཚེ་དབང་ངམ་མཁན་ཆེན་པདྨ་ཚེ་དབང་རྒྱ་མཚོར་བཅོལ་གཏམ་མཛད་པ་བཞིན་རྗེ་དེ་ཉིད་ཀྱི་ཞབས་པད་མཉེས་པ་གསུམ་གྱིས་ཚུལ་བཞིན་བསྟེན་ཏེ་རུ་དམ་ཚེ་རིང་ལྗོངས་སུ་དཀའ་སྤྱད་ཆེན་པོས་ལོ་ངོ་དྲུག་ལྷག་བཞུགས། ཐོག་མར་མངོན་པ་མཆིམས་ཆེན་གསུང་བཞིན་པས་ཆོས་ཀྱི་སྒོ་དང་པོ་ཕྱེས་པ་ནས་བཟུང་འདུལ་བ་མདོ་རྩའི་མཆན་འགྲེལ། ཡོན་ཏན་མཛོད་ཡོན་དགའི་འགྲེལ་པ། ངལ་གསོ་སྐོར་གསུམ་གྱི་རྒྱས་ཁྲིད་བསྡུས་དོན་དང་བཅས་ཐོབ། དེའི་ཕྱི་ལོར་ཀཱ་རི་ཀ་ལྔ་བཅུ་པ། འདུལ་བ་མདོ་རྩ། སོར་མདོ། སྤྱོད་འཇུག དབུ་མ་འཇུག་པ། དབུ་མ་བཞི་བརྒྱ་པ། ཐལ་ཟློག རྩ་བ་ཤེས་རབ། སྟོང་ཉིད་བདུན་ཅུ་སོགས་རིགས་ཚོགས་གཞན་བཅས་ཀྱི་མཆན་འགྲེལ་དང་། དབུ་མ་རྒྱན་རང་འགྲེལ་དང་། ཀ་མ་ལ་ཤཱི་ལའི་འགྲེལ་བཤད། ཕར་ཕྱིན་འགྲེལ་མཆན། མངོན་མཛོད་འགྲེལ་མཆན། མངོན་མཛོད་མཆན་འགྲེལ། མངོན་པ་ཀུན་བཏུས་མཆན་འགྲེལ། མདོ་སྡེ་རྒྱན། རྒྱུད་བླ་མ། འབྱེད་རྣམ་གཉིས་བཅས་གཞུང་ཆེན་བཅུ་གསུམ་ཆ་དང་བཅས་པའི་མཆན་འགྲེལ་དང་། སྡོམ་གསུམ་རིག་འཛིན་འཇུག་ངོགས་དང་། དཔག་བསམ་སྙེ་མ། མི་ཕམ་རྣམ་འགྲེལ་འགྲེལ་ཆེན། ཡིད་བཞིན་མཛོད་འགྲེལ། གསང་སྙིང་འགྲེལ་བ་སྤར་ཁབ་དང་། ཉི་འོད་སེང་གེའི་རྒྱ་ཆེར་འགྲེལ། སངས་རྒྱས་གསང་བའི་སྒྱུ་འཕྲུལ་ལམ་རིམ་ཆེ་ཆུང་། གཞན་ཕན་སྣང་བའི་གསང་སྙིང་མཆན་འགྲེལ། གསང་སྙིང་ཕྱོགས་བཅུ་མུན་སེལ། སྤྱི་དོན་ཡིད་ཀྱི་མུན་སེལ། བསྡུས་དོན་མ་རིག་མུན་སེལ། རོང་ཟོམ་དཀོན་མཆོག་འགྲེལ། གསང་བདག་དགོངས་རྒྱན་དང་ཞལ་ལུང་། མི་ཕམ་སྤྱི་དོན་འོད་གསལ་སྙིང་པོ། རྡོ་གྲུབ་སྤྱི་དོན་མཛོད་ཀྱི་ལྡེའུ་མིག མཁན་ཆེན་པདྨ་ཚེ་དབང་ཉིད་ཀྱིས་མཛད་པའི་གཞི་བཅུ་བདུན་གྱི་འགྲེལ་བ་དང་ཐལ་ཟློག་འགྲེལ་བ། གཞན་ཡང་བཀའ་པོད་ལྔའི་བོད་འགྲེལ་ཆེན་མོ་ཁག་འགའ་སྤྱི་དོན་དང་བཅས་པའི་བཤད་ཁྲིད་རྒྱས་པ་གསན་ཞིང་། རྗེ་འདི་ཉིད་ཀྱིས་ལྟོ་གོས་ཆོས་གསུམ་གྱིས་དགྱེས་སྐྱོང་གནང་བས་བཀའ་དྲིན་སུམ་ལྡན་གྱི་བླ་མ་ཡིན་ཞེས་གསུངས། དུས་མཚུངས་མཁས་གྲུབ་ངག་དབང་ནོར་བུ་ལས། ཡོན་ཏན་མཛོད་ཀྱི་རྩ་བ། ཡིད་བཞིན་མཛོད་རང་འགྲེལ་དོན་ཁྲིད་དང་བཅས་པའི་བཤད་ཁྲིད། རྩ་རླུང་འཕྲུལ་འཁོར། ཞབས་དཀར་པའི་མཁའ་ལྡིང་གཤོགས་རླབས། གསང་སྙིང་རྒྱ་བོད་ཀྱི་འགྲེལ་པ་གལ་ཆེན་འགའི་བཤད་རྒྱུན་བཅས་བཞེས། མཁན་ལྷ་རྒྱལ་མདུན་ནས་རྫོགས་པ་ཆེན་པོའི་གཞི་ལམ་འབྲས་གསུམ་གྱི་སྨོན་ལམ་དང་། ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་གྱི་ཁྲིད་གསན། མཁས་དབང་ནང་ཆེན་ཀུན་དགའི་དྲུང་ནས་རྩིས་དཀར་ནག་དང་། སི་ཏུའི་སུམ་རྟགས་འགྲེལ་ཆེན་སོགས་ཐུན་མོང་རིག་གནས་དང་། བསྐང་བཤགས་རྡོ་རྗེའི་ཐོལ་གླུའི་འགྲེལ་པ། དཀོན་མཆོག་རྗེས་དྲན་གྱི་འགྲེལ་པ། རྒྱལ་སྲས་ལག་ལེན་གྱི་འགྲེལ་པ། བཤེས་སྤྲིངས། སྤྱོད་འཇུག་དངུལ་ཆུ་ཐོགས་འགྲེལ་སོགས་ཞུས། རྫོགས་ཆེན་གླིང་བླ་སྤྲུལ་སྐུའི་དྲུང་ནས་སྒྱུ་འཕྲུལ་ཞི་ཁྲོའི་དབང་། མཁན་པོ་ནོར་གཡང་མདུན་ནས་བར་དོ་དྲུག་ཁྲིད་དང་། ཐོས་གྲོལ་ཆེན་མོའི་ལུང་། འཇིགས་བྲལ་བྱང་ཆུབ་རྡོ་རྗེའི་མདུན་ནས་སྙིང་ཐིག་དུམ་གཉིས་དང་བླ་མ་ཡང་ཏིག་སོགས་ཡ་བཞིའི་དབང་། དཀོན་མཆོག་སྤྱི་འདུས་ཀྱི་དབང་། སྐུ་ཞབས་སྤྲུལ་སྐུའི་དྲུང་ནས་གཤིན་རྗེ་གཤེད་དམར་ནག་གི་དབང་གསན། རྫ་མུ་ར་སྤྲུལ་སྐུ་པདྨ་ནོར་བུའི་མདུན་ནས་འཛིན་གྲོལ་དབང་ལུང་དང་ཁྲིད་ཡིག་རྣམ་གསུམ། བོད་སྤྲུལ་མདོ་སྔགས་བསྟན་པའི་ཉི་མའི་དྲུང་ནས་ངེས་ཤེས་སྒྲོན་མེ་དང་ལྟ་གྲུབ་ཤན་འབྱེད་རྩ་འགྲེལ། ཉག་རོང་མཁན་པོ་ཚུལ་ཁྲིམས་མདུན་ནས་རོང་ཟོམ་གྱི་ཐེག་ཆེན་ཚུལ་འཇུག་དང་། ལྟ་བའི་བརྗེད་བྱང་། གྲུབ་མཐའི་བརྗེད་བྱང་སོགས་གསན་པ་བཅས་མདོར་ན་སྔ་རྗེས་རྣམས་སུ་མཁས་གྲུབ་སྐྱེས་ཆེན་དུ་མ་ཞིག་གི་དྲུང་ནས་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་ཕྱོགས་མེད་དུ་མཛད་པས་ཐོས་པ་རྒྱ་མཚོའི་ཕ་མཐར་ཕྱིན་ཅིང་། རང་གཞན་ཕྱི་ནང་གི་གྲུབ་པའི་མཐའ་ཀུན་ལ་ཆགས་ཐོགས་བྲལ་བའི་མཁས་དང་གྲུབ་པའི་རྩེ་མོར་སོན། གདོད་མའི་མགོན་པོ་མིའི་རྫུ་ལ་བྱོན་པ་ཐུན་མིན་རིགས་བདག་བླ་མ་ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོའི་ཞབས་དྲུང་ནས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས་པ་ནས་སྐུ་ཚེ་གང་པོར་ཉེས་ལྟུང་གི་ཆ་ཕྲ་མོས་ཀྱང་མ་གོས་པ་ཉེ་བ་འཁོར་གཉིས་པ་ལྟ་བུའི་རྣམ་ཐར་བསྐྱངས་ཤིང་། འཇམ་དཔལ་མཚན་བརྗོད་ཀྱི་འགྲེལ་པའི་རྗེས་གནང་གི་ཐོག་མའི་བཀའ་ཆོས་ཀྱི་སྒོ་ཕྱེས་པ་ནས། ཀློང་ཆེན་མཛོད་བདུན་གྱི་ཟབ་ཁྲིད། ངལ་གསོ་སྐོར་གསུམ་འགྲེལ་པ་དོན་ཁྲིད་དང་བཅས་པ། ཁྲིད་ཡིག་ཡེ་ཤེས་བླ་མ་རྒྱབ་ཆོས་དང་བཅས་སྙིང་ཐིག་གོང་འོག་གི་ཆོས་སྐོར་སྤྱི་དང་། ཁྱད་པར་ཀུན་མཁྱེན་ཆོས་རྗེས་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་ཞལ་གཟིགས་གནང་སྐབས་ཡང་ཏིག་ཡིད་བཞིན་ནོར་བུ་སྙན་བརྒྱུད་དམར་ཁྲིད་ཀྱི་ཚུལ་དུ་བསྩལ་པ། རྗེ་དེ་ཉིད་ལས་རྗེ་དབོན་མཁས་པ་ཆེན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ་དང་མཁན་ཆེན་གཞན་ཕན་ཆོས་ཀྱི་སྣང་བ་རྣམ་གཉིས་ཀྱིས་རིམ་པར་ཆིག་བརྒྱུད་དུ་གསན། མཁན་ཆེན་གཞན་ཕན་སྣང་བས་ཡོངས་འཛིན་མཁན་ཆེན་རིན་པོ་ཆེ་འཇིགས་མེད་རྟ་མགྲིན་ཡོན་ཏན་མགོན་པོ་ལ་བཀའ་ལུང་གཏད་རྒྱ་དང་བཅས་བསྩལ་པ། རྗེ་དེས་དམ་པ་འདི་ཉིད་ལ་ཐུགས་བརྩེ་ཆེན་པོས་སྔ་ཕྱིར་ལན་གྲངས་གཉིས་སུ་ཉེ་བར་བསྩལ་ཏེ་རྟོགས་པ་དོན་བརྒྱུད་ཀྱི་རྒྱལ་ཚབ་ཏུ་དབུགས་དབྱུང་། རྗེ་བླ་མའི་ཞལ་ནས་ཀྱང་། བདག་གི་ཕྱི་ནང་གསང་གསུམ་ལ་ཉམས་རྟོགས་ཀྱི་ཡོན་ཏན་ཅུང་ཟད་ཀྱང་མེད་པ་ཀུན་གྱིས་མཁྱེན་གསལ་ལགས་ཀྱང་གདོད་མའི་མགོན་པོ་མངོན་སུམ་དུ་བྱོན་པ་ལྟ་བུའི་བླ་མའི་ཞལ་རས་མཇལ་བ་མ་ཟད། ཐུགས་བརྩེ་བས་ཉེ་བར་རྗེས་སུ་བཟུང་སྟེ་གསུང་གི་གདམས་ངག་ཟབ་མོ་ཐོབ་པའི་སྐལ་བ་བཟང་པོ་བྱུང་། རང་ངོས་ནས་ཐུགས་དགོངས་རྫོགས་པའི་ནུས་པ་ཆེན་པོ་མེད་ཀྱང་བླ་མའི་སྤྱན་ལོག་གིས་གཟིགས་པ་ཙམ་གྱི་ཐུགས་འགལ་འགྲོ་མ་མྱོང་བ་ངེས་ཅན་ཡིན་པས། བརྒྱུད་པ་གསེར་གྱི་ཉག་ལ་དམ་སེལ་གྱི་གཡའ་ཡི་དྲི་མས་གོས་མ་མྱོང་པ་འདི་ཉིད་ཁོ་ན་རྒྱུ་མཚན་དུ་བྱས་ཏེ་རྫོགས་ཆེན་སྐོར་གྱི་ཁྲིད་རྒྱུན་རེ་སྤེལ་བ་ཡིན་གསུངས་པ་དང་། ཕྱིས་སུ་རྗེ་ཉིད་བཙོན་ཁང་དུ་བཞུགས་སྐབས་ཀྱང་ཡོངས་འཛིན་མཁན་ཆེན་བླ་མས་དངོས་ཉམས་རྨི་ལམ་རྣམས་སུ་ཞལ་གཟིགས་འདས་རྗེས་ཡང་ཡང་བསྩལ་པ་བཅས་ཀྱིས་རིགས་བདག་མཚུངས་མེད་མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོ་མཆོག་ནི། ཐོག་མར་དབང་བཞིའི་ཡེ་ཤེས་ཀྱིས་རྒྱུད་སྨིན་པར་བྱེད་པ་པོ་དང་། བར་དུ་རྟོགས་པ་ངོ་སྤྲོད་ཀྱིས་མཉམ་བཞག་གི་བོགས་དབྱུང་བ་པོ་དང་། རྗེས་ཡེ་ཤེས་ཀྱི་སྐུས་ཡང་ཡང་རྗེས་སུ་བཟུང་ཞིང་བྱིན་གྱིས་བརླབས་པས་རྩ་བའི་རིགས་བདག་བླ་མ་གཅིག་ཆོག་ཏུ་འཛིན། དེ་ལྟར་ལོ་གྲངས་དུ་མའི་རིང་དབྱར་དུས་སྔོ་ལྡུམ་ཆུ་ནང་དུ་བཙོས་པ་ཁོ་ན་བཞེས་ཤིང་འབྲུ་ནས་ཅུང་ཟད་འབྱོར་ཚེ་དགུན་ཆོས་ཁར་གསོལ་རྒྱུ་ཉར་འཇོག་མཛད་པ་དང་། དབྱར་དགུན་གཉིས་ཀར་པགས་པའི་འགག་རིང་ཧྲལ་པོ་ཞིག་ལས་མནབ་གོས་ཅི་ཡང་མེད་ཅིང་། དགུན་དུས་ཁ་བའི་ནང་དུ་ཞབས་རྗེན་ཁོ་ནས་ཕེབས་པར་མཛད་ཅིང་། སྐབས་རེར་ཚེ་རིང་ལྗོངས་ནས་སྔ་མོའི་ཆོས་ཁྲིད་གྲོལ་མ་ཐག་ཏུ་ནགས་ལམ་གཟར་མོ་འཕྲེད་ཀྱིས་བཅད་དེ་དམ་ཅན་སྒང་དུ་མཁས་གྲུབ་ངག་དབང་ནོར་བུས་ཆོས་ཁྲིད་གསུང་སར་ཕེབས། དེ་ནས་ལམ་ཁ་ཞིག་ནས་རྩམ་པའི་ཕྱེ་མ་ཅུང་ཟད་བསྣམས་ཡོད་པ་ཆུ་གྲང་གིས་བརྫིས་ཏེ་གསོལ་རྗེས་རྫོགས་ཆེན་དགོན་ལྟེ་བའི་ཕོ་བྲང་ཡང་སྟེང་དུ་ཡོངས་འཛིན་འཇིགས་མེད་ཡོན་ཏན་མགོན་པོས་སྔགས་རྫོགས་ཀྱི་གདམས་ཁྲིད་གནང་བ་གསན། དགུང་མོ་མུན་རུབ་སྐབས་ད་གཟོད་རུ་དམ་ཡང་དབེན་ཚེ་རིང་ལྗོངས་ཀྱི་སྒྲུབ་ཕུག་ཏུ་ཕེབས་ཤིང་མཚན་མོ་ཐུན་གཅིག་ཁོ་ནར་གཟིམས་པ་སོགས་ཆོས་ཕྱིར་དཀའ་སྤྱད་ཀྱི་བཟོད་པ་ལྷུར་བཞེས་པའི་རྣམ་ཐར་བསམ་གྱིས་མི་ཁྱབ། དེ་དག་གི་ཚེ་དངོས་ཉམས་རྨི་ལམ་སྣ་ཚོགས་པར་ལྷག་པའི་ལྷ་དང་རྩ་བརྒྱུད་ཀྱི་བླ་མས་ཞལ་གཟིགས་ཏེ་བྱིན་བརླབས་རྗེས་གནང་བསྩལ་པ་སྟེ། མཁན་ཆེན་འཇིགས་མེད་ཡོན་ཏན་མགོན་པོའི་དྲུང་ནས་བླ་མ་ཡང་ཏིག་གསན་ནས་རུ་ཤན་བྱོན་སྐབས་ཤྲཱི་སེང་ཆོས་གྲྭའི་རྒྱབ་རིའི་ངོས་ཀྱི་མི་ཕམ་སྒྲུབ་ཕུག་གི་ཀླད་དེར་ཅུང་ཟད་གཟིམས་སོང་བ་ལྟ་བུའི་ཚེ། དགའ་རབ་རྡོ་རྗེ། འཇམ་དཔལ་གཤེས་གཉེན། ཤྲཱི་སིང་ཧ། ཛྙཱ་ན་སུ་ཏྲ། བཱི་མ་མི་ཏྲ་སོགས་གྲུབ་པའི་རིག་འཛིན་མང་པོ་ཞིག་ཡོད་སྣང་ལ་ཨ་བུ་མགོན་རིས་ཚང་ནམ་བྱོན་ན་སྙམ་པའི་ཚེ་གཉིད་ལས་སད་ཅིང་། ཛྙཱ་ན་སུ་ཏྲས་བུམ་ཆུ་བླུགས་ཀྱང་འཐུང་ཡོད་མེད་མ་དྲན། དེ་ཚུལ་བླ་མ་རིན་པོ་ཆེར་ཞུས་པས་རིག་འཛིན་བླ་མ་བརྒྱུད་པའི་དགོངས་བརྒྱུད་ཀྱི་བྱིན་རླབས་ཐོབ་པའི་རྟགས་ཡིན་པས་ཤིན་ཏུ་ལེགས་གནས་སྐབས་སུ་ལའང་མ་བཤད་གསུངས། ཡང་སྐབས་ཤིག་རྨི་ལམ་ལ་རུ་དམ་དབེན་ཁྲོད་སྒྲུབ་གྲྭའི་ཀླད་ནས་རྡོ་སྦྲ་གུར་ཙམ་ཞིག་འདྲིལ་བས་ལུས་གཏོར་ཏེ་འདིར་སྣང་གི་རྟོགས་ཚོགས་ཐམས་ཅད་འགགས་སོང་བས། ཕྱི་ཉིན་ལའང་བར་དོ་ཡིན་སྙམ་པ་མ་གཏོགས་མི་འདུག་གསུངས། ཡིད་བཞིན་རིན་པོ་ཆེའི་མཛོད་ཀྱི་དོན་ཁྲིད་ཁྲིད་སྦྱོང་སྐབས་རླུང་སེམས་དབུ་མར་ཚུད་དེ་དབུ་མའི་རྩ་མདུད་གྲོལ་བའི་རྟགས་ཁྱད་པར་བ་མཐའ་ཡས་པ་བྱུང་། དེ་ལྟར་བགྲང་བྱ་བཅུ་ཕྲག་གཅིག་ལྷག་རིང་གྲྭ་སར་བཞུགས་རྗེས་དུས་འགྱུར་གྱི་ཡོ་ལང་སྟོབས་སུ་བདོ་ལ་ཉེ་བ་བྱུང་བས། མཁན་ཆེན་པདྨ་ཚེ་དབང་མཆོག་གི་ཞལ་སྔ་ནས་ད་ལམ་རང་ཡུལ་དུ་ཕྱིར་ཕེབས་ན་དགའ་བའི་བཀའ་ནན་བསྩལ་པ་དང་། གྲུབ་དབང་དྲུག་པ་འཇིགས་བྲལ་བྱང་ཆུབ་རྡོ་རྗེ་དང་ཡོངས་འཛིན་མཁན་ཆེན་རྣམ་གཉིས་ནས་ཀྱང་ཐུགས་དགོངས་གཅིག་མཐུན་གྱིས་གསང་ལུང་གནང་ཞིང་ལྷུན་མཉམ་བྱ་བྲལ་ཞེས་པའི་མཚན་གསོལ་དབུགས་དབྱུང་གནང་། དེ་ནས་རིགས་བདག་བླ་མ་དམ་པ་རྣམས་དང་ཆེས་འབྲལ་བར་དཀའ་བའི་ངང་ཚུལ་བཅས་སྐུ་ཡུལ་མགོ་ལོག་ཕྱོགས་སུ་ཕེབས་ཤིང་། ལམ་དུ་བསྐྱོད་སྐབས་བླ་མ་རྣམས་དྲན་པའི་གདུང་བས་ཕྱིར་ལོག་མི་དགོས་སམ་སྙམ་པ་ཐེངས་འགའ་བྱུང་གསུངས། དེ་ནས་རང་ཡུལ་དུ་འབྱོར་རྗེས་ཡུན་རིང་མ་སོང་བར་རྨ་སྟོད་རྫོང་གི་ཁྲིམས་ཁང་དུ་བཙུད་ཅིང་ཉིན་ཞིག་སྒོ་སྲུང་མེ་མདའ་ཐོགས་པ་གཉིས་ཀྱི་བར་ནས་ཨོ་རྒྱན་ཆེན་པོ་ལ་གསོལ་འདེབས་བྱེད་བཞིན་ལུག་རྒྱུག་པ་བཞིན་བྲོས་པས་མེ་མདའ་འགའ་འཕང་བྱུང་ཡང་མ་ཕོག་པར་ཐར། བཙོན་གྲོགས་ཞིག་དང་ལྷན་དུ་ཉིན་གྲངས་མང་པོར་མི་མེད་ཀྱི་བྱང་སྟོང་ཁོ་ན་འགྲིམ་ནས་གསོལ་ཆས་ཅུང་ཟད་ཀྱང་མ་འབྱོར་བས་སྐུ་ལུས་ཤིན་ཏུ་རིད་དེ་བྱོན་མི་ཐུབ་པ་ཙམ་བྱུང་། བཙོན་གྲོགས་མི་སྐྱ་དེས་ལམ་ཁར་ཕྱུགས་ཟོག་ཡོད་པ་ལ་གནོད་པ་རྩོམ་གྲབས་བྱེད་སྐབས་ཐུགས་སྙིང་རྗེ་ཆེན་པོས་སེམས་ཅན་གྱི་སྲོག་ལ་གནོད་པ་ལས་རང་ཉིད་ལན་གྲངས་དུ་མར་ཤི་ཡང་སླ་གསུངས་ཏེ་གཏན་ནས་མ་གནང་། དེ་དུས་ཁོ་རང་ཁོང་ཁྲོ་ལངས་ནས་བླ་མ་རིན་པོ་ཆེ་ལ་ཁ་ལན་བྱིན་ཡང་ཕྱིས་སུ་བདག་བས་གཞན་གཅེས་གོམས་པའི་བྱང་ཆུབ་སེམས་དཔའ་ཞེས་པ་ངོ་མ་ཡིན་དར་ཞེས་དད་པའི་མིག་ཆུ་འདོན། སླར་ཡང་བཙོན་ཁང་དུ་ཚུད་ནས་ཐང་དཀར་མོ་སོགས་སུ་ལོ་གྲངས་ཉི་ཤུ་ཙམ་བཞུགས་དགོས་བྱུང་ཞིང་། སྐབས་དེའི་ཕྱི་ནང་གསང་བའི་རྣམ་ཐར་ཐུགས་སྲས་དབོན་སྤྲུལ་བསྟན་པོ་རིན་པོ་ཆེར་ཐུགས་མངའ་ཆེ་ཕྱིར་ཁོང་གི་ཕྱག་བྲིས་དཀྱུས་སུ་འགོད་པ་ནི། ང་རང་སྤྱི་ལོ་༡༩༦༩ལོར་ཐང་དཀར་མའི་ཁྲིམས་ཁང་དུ་འབྱོར་ཞིང་དེ་དུས་བཙོན་པ་རྣམས་ཀྱི་ངག་ལམ་ནས་ཐོས་པ་ནི། སྔར་ཨ་ཁུ་རྟོགས་ལྡན་རིན་པོ་ཆེ་དང་ཐུགས་རྗེ་གཉིས་ཉིན་གཅིག་བཙོན་པ་རྣམས་ཀྱིས་ལས་ཀ་ལས་བཞིན་པའི་སྐབས་དམག་གི་མགོ་ལ་རྒྱུག་ནས་བྲོས་ཤིང་། བཙོན་སྲུང་དམག་གིས་རྗེས་འདེད་བྱས་ནས་མེ་མདའ་མང་པོ་འཕངས་ཀྱང་ཤོར་སོང་། དགུང་མོ་ཨ་ཁུ་རིན་པོ་ཆེས་སྐུ་ཆིངས་བཤིགས་སྐབས་རུམ་ནས་མདའ་མགོ་མང་པོ་ལྷུང་བྱུང་ཡང་སྐུ་ལུས་ལ་མེ་མདས་གཏན་ནས་ཆོད་མི་འདུག་ཟེར། ཡང་ཁོང་གིས་ཐང་དཀར་མོའི་ཁྲིམས་ཁང་དུ་བཙོན་གྲོགས་མང་པོ་ལ་དག་ཡིག་དང་སྙན་ངག་སོགས་རིག་གནས་ཀྱི་སྐོར་སློབ་ཁྲིད་མཛད། རྐྱེན་དེས་རྗེས་སོར་རིག་གནས་གསར་བརྗེའི་སྐབས་འཐབ་རྩོད་གཅར་རྡུང་ཐེངས་མང་བྱས་ཀྱང་ས་རྡོ་ལ་རྡུང་རྡེག་བྱེད་པ་ལྟ་བུ་ལས་སྐུ་གཟུགས་ལ་སྡུག་བསྔལ་གྱི་ཚོར་བ་སྤུ་ཙམ་ཡང་མེད་ཁར། རྐྱེན་ངན་ཐོག་བརྫིས་སྡུག་བསྔལ་དང་ལེན་གྱི་སྒོ་ནས་སྨྱོན་པ་འུར་ལང་བ་བཞིན་ཐུགས་སྤྲོ་ཉམས་ཀྱིས་ཁེངས་ཏེ། བཙོན་གྲོགས་གཞན་རྣམས་ལ་ཞལ་གདམས་སུ། འུ་ཅག་ལ་ཁྲིམས་བདག་རྣམས་ཀྱིས་ཆེ་བ་རྡུང་རྡེག་དང་བཀྱིག་བསྡམ། འབྲིང་བ་མུ་གེ་དང་སྒྲིག་ཁྲིམས་ཀྱིས་གདུང་བ་དང་། ཆུང་བ་མཚང་འབྲུ་དང་སྐྱོན་བརྗོད་ཅི་བྱས་ཀྱང་ཁོང་ཁྲོ་བར་མ་བྱེད་པར་སྙིང་རྗེ་སྒོམ་དགོས། སྔར་འུ་ཅག་གིས་སྐྱེ་བ་སྔོན་མ་རྣམས་སུ་འདི་དག་ལ་ཕར་གནོད་པ་བྱས་པའི་ལས་ཀྱི་ལན་ཆགས་ད་ལྟ་རང་གི་མགོ་ཐོག་ཏུ་ཚུར་འཁོར་བ་ཡིན་པས་དགའ་བས་རྗེས་སུ་ཡི་རང་བའི་སྒོ་ནས་དུས་གསུམ་གྱི་དགེ་རྩ་ཁོང་ཚོ་ལ་བསྔོ་བར་མཛོད་དང་། རང་ཅག་གི་ཐོག་མེད་ནས་བསགས་པའི་ལས་ངན་བག་ཆགས་ཐམས་ཅད་དག་ངེས་ཡིན། དེ་ཡང་སྒྲིབ་པ་དག་པ་ལ་མྱོང་སྟོབས་ཀྱིས་དག་ཚུལ་དང་། སྦྱངས་སྟོབས་ཀྱིས་དག་ཚུལ་གཉིས་ཡོད། སྔ་མ་ནི་འུ་ཅག་གི་ལས་ཀ་བྱེད་ཚེ་སྐྱོ་བ་སྐྱེ་བཞིན་དུ་སྡུག་བསྔལ་མྱོང་ནས་རྣམ་སྨིན་སྦྱོང་བ་དེ་ཡིན། ཕྱི་མ་ནི་སྔོན་གྱི་ལས་ངན་གྱི་འབྲས་བུ་ཡིན་པར་ཤེས་བཞིན་དགའ་བའི་ངང་ངལ་རྩོལ་ལ་ཞུགས་པ་དེ་ཡིན། མདོར་ན་དགེ་བ་སྟོབས་ཆེ་ཞིང་སྒྲིབ་པ་སྦྱང་སླ་བ་ཡིན་པས་ཀུན་སློང་བཅོས་པ་གལ་ཆེ་ཞེས་ཡང་ཡང་གསུངས། འདི་དུས་རིག་གནས་གསར་བརྗེ་ཆེན་པོའི་སྐབས་ཡིན་པས་ཆོས་ལུགས་ལ་ཧ་ཅང་གུ་དོག་ཕྱིར། ཞྭ་ཐུམ་བརྒྱབ་ནའང་ཁྱོད་ཀྱི་ལྐོག་མ་འགུལ་ནས་ཆོས་འདོན་བཞིན་འདུག་ཅེས་ཕན་ཚུན་སྐྱོན་འདོགས་བྱེད་ཀྱང་། ཆོས་རྗེ་རིན་པོ་ཆེ་འདིས་ནི་ལོ་ལོན་རྒས་པ་རྣམས་ལ་ལྐོག་ནས་སྐྱབས་འགྲོ་དང་། སེམས་བསྐྱེད། རྡོར་སེམས་སྒོམ་བཟླས། ལས་འབྲས་བསླུ་མེད་ཀྱི་ཚུལ་སོགས་གསུངས་ནས་ཐམས་ཅད་ཀྱི་བློ་ཁ་ཆོས་ལ་བསྒྱུར་བའི་འགྲོ་དོན་བསམ་གྱིས་མི་ཁྱབ་པ་བསྐྱངས། དེའི་ཚེ་བཙོན་པ་རྣམས་ཀྱི་ནང་ནས་ཆོས་རྗེ་རིན་པོ་ཆེ་ལ་བསམ་པ་དཀར་བའི་མི་འགའ་རེས་ཁྱེད་ཀྱིས་དེ་ལྟར་མི་མཛད་པར་ཞུ། ལས་བྱེད་པ་རྣམས་ཀྱིས་ཐོས་ཚེ་ཁྱེད་ལ་འོ་བརྒྱལ་ཆེན་པོ་བྱེད་འོང་ཞུས་ཚེ། ཁོང་རིན་པོ་ཆེའི་ཞལ་ནས། ལས་ངན་པའི་སེམས་ཅན་འདི་དག་གི་བློ་སྣ་ཆོས་ལ་བསྒྱུར་ཐབས་རེ་བྱུང་ན་ང་ཡི་མགོ་ལ་འཇིགས་པ་ཅི་འདྲ་ཞིག་བྱུང་ཡང་འགྱོད་པ་མེད་གསུངས། ཆོས་རྗེ་རིན་པོ་ཆེ་ཁོང་ནི་དུས་ནམ་ཡང་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལས་སྐད་ཅིག་ཀྱང་འདའ་མི་སྲིད་པ་དང་། སྤྱོད་ལམ་རྣམ་བཞི་གང་གི་དུས་ཡིན་ཀྱང་ལྟ་བ་ཁྱབ་གདལ་ཀློང་ཡངས་ནམ་མཁའ་ལྟ་བུའི་ངང་ལས་ནམ་ཡང་མི་གཡོ་བ་ནི། དཔེར་ན་ཉིན་གཅིག་ངེད་ཅག་ལྷན་དུ་ས་ཞིང་བདེ་ཐང་སྙོམས་པའི་ལས་ཀ་བྱེད་སྐབས་ཐམས་ཅད་ཀྱིས་ས་མཐོ་ས་ནས་དམའ་ས་རུ་སྙོམས་བཞིན་པ་ལ། ཁོང་གིས་དམའ་ས་ནས་མཐོ་སར་འཕངས་ཚེ་བཙོན་སྲུང་དམག་གིས་ལོ་ཝན་ཀུའུ་ཁྱོད་ཀྱི་མིག་ལོང་སོང་བ་མ་ཡིན་ནམ་ཞེས་བཀྱོན་བྱུང་། ལོ་ཝན་ཀུའུ་ཞེས་པ་ནི་རྒྱ་སྐད་དུ་ཀླད་པ་བྲག་རྡོ་ལྟ་བུ་བརྗེ་རྒྱུ་མེད་པ་ཞིག་གི་དོན་ཡིན་འདུག །དུས་དང་རྣམ་པ་ཀུན་ཏུ་ཉིན་མོར་དཀའ་ངལ་ཅི་བྱུང་ཡང་། བྱང་ཆུབ་ཀྱི་སེམས་དང་། སྟོང་ཉིད་སྙིང་རྗེའི་ལྟ་བ་ལས་སྐད་ཅིག་ཙམ་ཡང་འདའ་མི་སྲིད་པ་དང་། མཚན་མོ་ནི་ལོ་དེ་ཙམ་གྱི་རིང་ལ་ནུབ་གཅིག་ཀྱང་སྐུ་ཆིངས་བཤིགས་མ་མྱོང་བར་སྒོ་གསུམ་བཞག་ཐབས་ཀྱི་ངང་ན་ཀྲོང་ངེར་བཞུགས་པར་མཛད། ཉིན་ཞིག་ཆོས་རྗེ་རིན་པོ་ཆེ་མཚན་མོ་མི་གཟིམས་པའི་ཚུལ་དེ་བཙོན་གྲོགས་ཞིག་གིས་གོང་རིམ་ལ་སྙན་ཞུ་བྱས། གོང་རིམ་ལས་བྱེད་པས་ཆོས་རྗེ་རིན་པོ་ཆེ་ཁོང་ལ་འདྲི་རྩད་བྱས་ཚེ། ཁོང་གི་ཞལ་ནས། ང་རང་ཆུང་ངུའི་དུས་ནས་ལུག་རྫི་ཡིན་པས་ནུབ་མོ་འཕར་སྤྱང་གི་འཇིགས་པ་སྐྱོབ་ཕྱིར་སྐེད་རགས་མི་བཀྲོལ་བར་ལུག་གི་མཐའ་ནས་ཙོག་པུར་འདུག་རྒྱུ་གོམས་ཆ་སོང་བས་ཙོག་པུར་གཉིད་རྒྱུ་ལས། མར་ཉལ་ན་གཉིད་མི་འོང་བར་འདུག་གསུངས། ཁོ་ཚོ་རྒྱ་མི་དག་མ་ཡིན་ཕྱིར་བདེན་པར་འདུག་སྙམ་ནས་ཨ་མཚར་པོ་ཟེར། ཐང་དཀར་མོའི་ཁྲིམས་ཁང་དེར་བླ་སྤྲུལ་གྱི་མིང་ཐོག་པ་ལྔ་བཅུ་ལྷག་ཡོད་ཅིང་། དེ་དག་གི་ནང་ནས་སྐྱ་བླ་མ་དཀར་དབང་དང་། རྟོགས་ལྡན་མགོན་ནེ་རྒྱལ། རྒྱ་ཟའི་སྐུ་ལོ་ཚང་། མགར་ལུང་སྤྲུལ་སྐུ་དང་། སིདྡྷི་བླ་མ། རྒྱ་སྤྲུལ་སྐུ་བྱང་ཆུབ་དཔལ་དང་། རྫོགས་ཆེན་རས་པ་སོགས་ཀྱིས་ཀྱང་ཆོས་རྗེ་རིན་པོ་ཆེ་ཁོང་གཙུག་ཏུ་བཀུར་ཞིང་ཕལ་ཆེར་ཁོང་གི་སློབ་མར་གྱུར། ཁྱད་པར་དུ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཨ་ལག་ཡོངས་འཛིན་རིན་པོ་ཆེ་ཞེས་དགའ་ལྡན་བསྟན་པའི་བདག་པོ་བྱང་ཆུབ་སེམས་ཀྱི་མངའ་བདག་ཞིག་ཡོད་པ་དེ་དང་ཆོས་རྗེ་རིན་པོ་ཆེ་ཁོང་གཉིས་ཐུགས་ནང་ཤིན་ཏུ་གཤིན་པོར་གྱུར། ཡོངས་འཛིན་དགེ་བཤེས་ནས་ཞལ་མཚར་གྱི་ཚུལ་དུ་ང་རང་ལ་འདི་སྐད་གསུངས། འདིར་ཁྱོད་ཚོ་རྙིང་རྒན་མང་པོ་ཡོད་ཀྱང་། ཨ་ཁུ་བློ་གྲོས་འདྲ་བའི་མན་ངག་ཁྱད་པར་ཅན་ཡོད་པ་གཅིག་ཀྱང་མཐོང་མ་བྱུང་། ཁྱེད་ཅག་འདི་དང་ལྷན་དུ་འདུག་རྒྱུའི་སྐལ་བ་ལྡན་པ་ནི་ཁྱོད་རྙིང་རྒན་རྣམས་ཀྱིས་ཚོགས་བསགས་སྔོན་དུ་སོང་བའི་འབྲས་བུ་ཡིན་སྙམ་ཞེས་གསུངས། དེ་རྗེས་༡༩༧༢ལོའི་སྟོན་མཇུག་ཏུ་ངེད་ཅག་བཙོན་པ་ཁག་གཅིག་ཚ་འདམ་ཁྲིམས་ཁང་དུ་སྤོ་རྒྱུའི་བཀའ་བཀོད་བྱུང་། ས་ཆ་དེ་རང་ཡུལ་ཕྱོགས་དང་ཐག་ཇེ་རིང་དུ་འགྲོ་བས་ན་བཙོན་གྲོགས་རྣམས་སྡུག་བསྔལ་བར་གྱུར། ཆོས་རྗེ་རིན་པོ་ཆེ་ཁོང་འགྲོ་རྒྱུའི་མིང་བྱང་ནང་དུ་འདུག་པས་ང་རང་སེམས་ཧ་ཅང་སྐྱིད་པོ་བྱུང་། དེ་དུས་ཁོང་རིན་པོ་ཆེས་བདག་ལ་འདི་སྐད་གསུངས། ད་ནི་རང་ཅག་ཚ་འདམ་ཕྱོགས་སུ་གནས་སྤོར་བྱས་ན་མན་ངག་རྫོགས་པ་ཆེན་པོ་ཡོངས་ཁྱབ་ཏུ་བཤད་ཀྱང་ཆོག་པ་ལྟ་བུའི་གོ་སྐབས་ཤིག་དཀོར་སྒྲིབ་ཁུར་མི་འོང་ན་ཞེས་ཞལ་མནའ་བཅས་གསུངས། དེ་ནས་ངེད་ཅག་བཙོན་པ་རླངས་འཁོར་ཆེ་བ་གང་དང་། མདུན་རྒྱབ་ལ་དམག་མི་རླངས་འཁོར་ཆུང་བ་གཉིས་བཅས་ལམ་དུ་ཞུགས། བྱང་ཐང་ས་སྟོང་ཞིག་ནས་ཤིང་ཏོག་སྨྱུག་སྒམ་གསུམ་གཞན་གྱིས་བོར་བ་ངེད་ཅག་གིས་རྙེད་བྱུང་། ཆོས་རྗེ་རིན་པོ་ཆེའི་ཞལ་ནས། འདི་ནི་རྟེན་འབྲེལ་ཤིན་ཏུ་བཟང་། གདམས་ངག་ཟབ་མོའི་ཕ་ཕོགས་ངོམས་པ་མེད་པར་ལོངས་སུ་སྤྱོད་པའི་རྟེན་འབྲེལ་ཡིན་གསུངས། དེ་ནས་ངེད་ཅག་ཚ་འདམ་ས་ཆ་ཀ་ཧོ་ལུང་ཁྲང་ཟེར་བ་དེར་སླེབས་པས་སྒྲིག་ལམ་ཡང་ཅུང་ཟད་གུ་ཡངས་པ་བྱུང་། གནས་དེ་ནས་ཆོས་རྗེ་རིན་པོ་ཆེས་ལྐོག་ནས་ལོ་ལོན་རྒས་པ་འགའ་རེ་ལ་སྦྱོར་དངོས་རྗེས་གསུམ་དང་། བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞི། གཞན་སྐྱབས་འགྲོ་དང་། སེམས་བསྐྱེད། རྡོར་སེམས་བསྒོམ་བཟླས། འཕོ་ཁྲིད་དང་། མན་ངག་གི་མྱོང་ཁྲིད་ཉུང་ངུ་ཙམ་བློ་ཚོད་ལྟར་གསུངས། ཁྱད་པར་དུ་ཨ་ལགས་རྩིབ་བཞག་སང་དང་། ཨ་ཁུ་ལོ་ཡག རྩང་སྤྲུལ་བློ་གྲོས་རྣམ་རྒྱལ། ཁྲ་གླིང་ཨ་ཁུ་རིན་པོ་ཆེ། ཁྲ་རྣམ་གྲོལ། གཙང་དཀར་དགའ། ཚེ་རིང་རྡོ་རྗེ་དང་། ཁོ་བོ་སོགས་སྐལ་ལྡན་གྱི་སློབ་མ་འགའ་ལ་མན་ངག་མང་པོ་ཐུགས་ཐོག་ནས་མནོག་ཆོས་སུ་གནང་། ཁོ་བོ་ཅག་ལ་ཁྲིམས་ཁང་གི་སྡུག་བསྔལ་བརྗེད་འགྲོ་བ་ལྟ་བུའི་སྣང་བ་སྐྱེས། ཞལ་ནས། ཁྱེད་ཅག་གིས་ཉམས་ལེན་ལ་བརྩོན་པ་མ་ཞན་དང་། ངའི་བརྒྱུད་པ་འདི་ནི་ཤིན་ཏུ་ཉེ་བརྒྱུད་ཟབ་མོ་ཚེ་འདི་ལ་ཀློང་ཆེན་པའི་ཞལ་མངོན་སུམ་དུ་ལན་གསུམ་ལ་གཟིགས་པ་ཡིན། ང་མི་རྒན་གྱིས་རྫུན་ལབ་པ་ག་ལ་སྲིད་གསུངས། རྒྱལ་ཁྲིམས་ཇི་ལྟར་གུ་དོག་ཀྱང་ཀུན་མཁྱེན་ཆོས་རྗེའི་གདུང་མཆོད་གཏན་ནས་ཆག་མི་སྲིད་པ་ཡིན། ང་རང་ལ་ཀུན་ལས་ཁྱད་དུ་འཕགས་པའི་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ནས། བཀའ་པོད་ལྔའི་དོན་བསྡུས། ཁྲེགས་ཆོད་དང་། ཐོད་རྒལ། མཛོད་བདུན་གྱི་དོན་བསྡུས་དང་། བླ་མ་ཡང་ཏིག་གི་དོན་བསྡུས་སོགས་ཐུགས་ཐོག་ནས་ལོ་བདུན་གྱི་རིང་ལ་གསུངས་པས་བཀའ་དྲིན་བརྗོད་པའི་མཐའ་ལས་འདས། ཀློང་ཆེན་མཛོད་བདུན་གྱི་མཛོད་རེ་རེ་བཞིན་ནང་དོན་རགས་རིམ་གསུང་སྐབས་གནད་བསྡུས་ཡིག་ཐོག་ཏུ་ཕབས་པ་རྣམས་ད་ལྟ་བལྟས་ན་ཧ་ལས་པའི་གནས་ལགས་ཏེ། ནང་དོན་གཙོ་བོ་ཟིན་མེད་པ་མི་སྲིད་པ་ལྟ་བུར་འདུག དེ་བཞིན་དུ་ཐེག་པ་རིམ་པ་དགུའི་རྣམ་བཞག་ཏུ་དཔེར་ན་ཐེག་པ་རེ་རེ་བཞིན་རང་ལམ་གྱི་ལྟ་བ། སྒོམ་པ། སྤྱོད་པ། འབྲས་བུ་དང་བཅས་པ་རྒྱས་བསྡུས་རན་པ་བྱས་ནས་གསུང་པ་རང་གིས་ཟིན་བྲིས་ཀྱང་འབྲི་ཁུལ་བྱས། ཁྱད་པར་དུ་ཁོ་བོའི་ངོ་སྐལ་དུ་མན་ངག་རྫོགས་པ་ཆེན་པོའི་ལམ་ཆ་ཚང་བ་ཞིག་ཞལ་རྩོམ་མཛད་པར་རྟེན་འབྲེལ་གྱི་རྫས་བཅས་ཕུལ་ནས་ཡང་ཡང་བསྐུལ་ཞུས་བྱས། ནུབ་གཅིག་ཁོ་བོའི་རྨི་ལམ་ལ་རྒྱ་ནག་རི་བོ་རྩེ་ལྔ་ནས་པཎ་ཆེན་བཱི་མ་ལས་མངགས་པ་ཡིན་ཞེས་བུད་མེད་དམར་མོ་གཅེར་བུ་ཨང་རག་ཅན་ཞིག་གིས་ཐོད་པའི་ནང་དུ་ཀླད་པ་དཀར་དམར་གྱིས་བཀང་བ་ཞིག་གཏད་བྱུང་བས་བདག་གིས་འཐུང་ཐུབ་དགོས་སྙམ་ནས་ལྷག་མེད་དུ་རོལ། དེའི་ཕྱི་ཉིན་ངེད་ཅག་ངལ་གསོ་བའི་ཉིན་ཞིག་ཡིན། ངའི་ཁང་པའི་ནང་གི་བཙོན་གྲོགས་ཚོ་ཕྱི་རོལ་དུ་སོང་ཤུལ་དུ་ཆོས་རྗེ་རིན་པོ་ཆེའི་ཕྱག་ན་སྨྱུ་གུ་ཞིག་ཐོགས་ནས་གློ་བུར་དུ་ཞལ་ངོ་ནག་རོག་གེ་བ་ལྟ་བུ་ཞིག་མཛད་ནས་བྱོན་ཏེ། བསྟན་པོ་ཁྱོད་ཀྱིས་མདང་གི་རྨི་ལམ་ཅི་རྨིས་བཤད་མི་དགོས་ན་དཀོར་སྒྲིབ་ཁུར། ཤོད་ཤོད་གསུངས། ཁོ་བོ་རྟབ་རྟབ་པོར་གྱུར་ནས་མདང་གི་རྨི་ལམ་ཇི་བཞིན་ཞུས་པས། ཨོ་ཨོ་གསུངས་ནས་ཕྱིར་ཕེབས་སོང་། ཅང་མ་འགོར་བར་ལྟ་བ་ནམ་མཁའ་སྤྲིན་བྲལ་གྱི་ཡི་གེ་ཞལ་རྩོམ་མཛད་ཟིན་ནས་ང་ལ་གནང་བྱུང་། ཁོང་གི་ཞལ་ནས། མན་ངག་འདིའི་མཇུག་ཏུ་སྔགས་སྲུང་མར་གཉེར་གཏད་ཅིག་བྱེད་དགོས་སྙམ་ནས། སྔགས་ཀྱི་སྲུང་མ་ཨེ་ཀ་རལ་གཅིག་མ། སྐད་ཅིག་འབྲལ་མེད་བཀའ་ཡི་བྱ་ར་གྱིས། ཞེས་བྲིས་ཚེ་ཁོང་གི་སྙིང་དང་ལུས་ཡོངས་རྫོགས་ཡོམ་ཡོམ་ལན་གསུམ་དུ་གཡུགས་བྱུང་། འབྲི་མི་ཉན་ནམ་སྙམ་ནས་ཁྱེད་ཀྱི་གམ་དུ་འོང་བ་ཡིན། ཁྱོད་ཀྱི་རྨི་ལམ་ལ་བལྟས་ན་ལེགས་འདུག འུ་ཅག་ལ་སྔགས་སྲུང་མས་སྲུང་སྐྱོབ་བྱེད་པའི་རྟགས་དང་ཕྲིན་ལས་མྱུར་བའི་རྟགས་སུ་འདུག སྔར་ཁོང་རང་ཡུལ་ས་ཆའི་རྨ་སྟོད་རྫོང་ཐོག་གི་ཁྲིམས་ཁང་ནང་རྐང་ལག་ལྕགས་སྒྲོག་གིས་བཅིངས་ནས་ཡོད་སྐབས་ནུབ་གཅིག་རྨི་ལམ་ན། རྩ་བའི་བླ་མ་མཁན་པོ་མགོན་རིས་བྱོན་ནས། །ཕྱག་གཉིས་ཁོང་གི་དབུ་ཐོག་ཏུ་བཞག་ནས་འདི་སྐད་གསུངས། །འདི་ལྟར་སྣང་བའི་ཆོས་རྣམས་ཐམས་ཅད་ཀུན། །རྩལ་ལས་རོལ་པར་ཤར་བ་ངོས་བཟུང་ལ། །སྤངས་བླང་མེད་པར་སོ་མའི་ངང་ལ་ཞོགས། །རྗེས་མེད་ཙམ་ལ་གྲོལ་ཞེས་བརྗོད་པ་ཡིན། །སེམས་ཀྱི་གླང་ཆེན་སྨྱོ་རུ་མ་འཇུག་ཅིག །ཞེས་གསུངས་པས། ཚིག་འདི་རྣམས་བྱིན་རླབས་ཅན་ཡིན་སྙམ་ནས་ཚིག་རྗེས་མ་དེ་དོར་ནས་གཞན་རྣམས་འདིའི་ཚིག་དཀྱུས་མའི་ནང་དུ་བཞག་ཡོད་གསུངས། དེ་རྗེས་ཚེ་རིང་རྡོ་རྗེ་སོགས་ཀྱི་ཆོས་སྐལ་དུ་ཐོད་རྒལ་ཞིག་ཀྱང་གསུངས་སོང་། དེ་ནི་ཞབས་དཀར་པའི་ཐོད་རྒལ་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་ཅིག་ཆར་འབྱེད་པའི་ལྡེའུ་མིག་དང་ཚུལ་མཚུངས་པ་ལྟ་བུ་ཞིག་ཡིན། དེ་བཞིན་དུ་རྫོགས་པ་ཆེན་པོའི་བཀའ་སྲུང་མ་བཟའ་དམ་གསུམ་གྱིས་རྒྱུན་དུ་འབྲལ་བ་མེད་པར་སྲུང་སྐྱོབ་དང་བྱ་ར་བྱེད་བཞིན་ཡོད་པ་ནི་ཀུན་གྱིས་རྟོགས་ནུས་ཏེ། དཔེར་ན་ཉིན་གཅིག་གློ་བུར་དུ་ཅ་ལག་ལ་རྟོགས་དཔྱོད་བྱེད་མཁན་སྤྱི་བདེ་ལས་ཁུང་དང་ཁྲིམས་སྲུང་མང་པོ་སྒོ་དྲུང་དུ་སླེབས་བྱུང་། ཆོས་རྗེ་བླ་མ་རིན་པོ་ཆེ་ལ་ཕྱག་བྲིས་ཡིག་ཆ་མང་པོ་ཡོད་པ་སྐུང་ལོང་མ་བྱུང་བ་ཅི་བྱ་གཏོལ་མེད་དུ་གྱུར་པས། ཁོང་གིས་མ་གཟའ་དམ་གསུམ་ལ་བཀའ་གཏད་ཞིག་གནང་ནས་གཟིམས་ཐུལ་གྱི་སྟེང་དུ་མངོན་མངོན་དུ་བཞག་སྟེ་ངེད་ཅག་སྒོ་ལ་ཕྱིན། བཙོན་སྲུང་པ་རྣམས་ནང་དུ་འོང་ནས་རྟོགས་ཞིབ་བྱས་པ་ནི་ཤིན་ཏུ་འཇིགས་སྐྲག་སྐྱེ་བའི་གནས་ཏེ། ངེད་ཅག་གི་ཅ་ལག་ནང་དུ་ཡི་གེ་ཚིག་བཞི་ཞིག་ཡོད་ཀྱང་མི་མཐོང་རྒྱུ་མི་སྲིད་པ་ལྟ་བུ་རེད། དེའི་ཉིན་ཆོས་རྗེ་རིན་པོ་ཆེའི་ཅ་ལག་ཐམས་ཅད་ཁོ་ཚོའི་མིག་གིས་ཀྱང་མཐོང་མ་ཐུབ་པས་ང་ཚོ་བཙོན་པ་རྣམས་ཧ་ལས་ཏེ་ཁོང་ལ་མི་ཕྱེད་པའི་དད་པ་དང་དག་སྣང་བསམ་གྱིས་མི་ཁྱབ་པ་སྐྱེས། ཡང་ཆོས་རྗེ་རིན་པོ་ཆེ་ལ་སྔོན་གནས་རྗེས་དྲན་གྱི་མངོན་ཤེས་ཀྱང་ཐོགས་པ་མེད་པ་མངའ་བ་སྟེ། སྐབས་ཤིག་ངལ་གསོའི་ཉིན་མོ་ཞིག་ལ་ངེད་བླ་སློབ་གཉིས་ལྷན་དུ་ཐུན་སྦྱང་ལ་གནས་སྐབས། ཁོང་ཉམས་འུར་བའི་ཚུལ་གྱིས་ང་རང་བཻ་རོ་ཡིན་པའི་སྐབས་འུ་ཅག་ལྷན་དུ་ཡོད་པ་དྲན་འདུག ཁྱེད་ཀྱིས་དྲན་ནམ་གསུངས། ཁོ་བོ་ནི་མོས་གུས་ཀྱི་མཆི་མ་འཁྲུགས་ནས་ཅི་ཡང་ཞུ་མ་སྤོབས། དེ་བཞིན་དུ་ཁོང་རིན་པོ་ཆེ་ནི་རྟེན་དགེ་སློང་ཡིན་པས་སྐུ་ཚེ་གང་པོར་སོ་ཐར་གྱི་སྡོམ་པའི་མི་མཐུན་ཕྱོགས་ཉེས་ལྟུང་ཕྲ་མོས་ཀྱང་མི་གོས་པ་བཙུན་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལགས་མོད། དོན་དུ་ན་རྡོ་གྲུབ་ཆེན་ཀུན་བཟང་གཞན་ཕན་ལྟ་བུའི་ཟབ་མོའི་དགོངས་གཏེར་ཐོགས་པ་མེད་པའི་གཏེར་སྟོན་ཞིག་སྟེ། ཉིན་གཅིག་ཁྲིམས་ཁང་དུ་ངལ་གསོ་བའི་སྐབས་ཤིག་ཆོས་རྗེ་རིན་པོ་ཆེའི་མདུན་དུ་ང་རང་གཅིག་པུ་འདུག་སྐབས། ཁོང་རིན་པོ་ཆེ་ཉམས་འུར་བའི་ཚུལ་གྱིས་ཁོ་བོ་ལ་འདི་སྐད་གསུངས། ང་རང་ལ་སྐྱེ་བ་སྔོན་མ་རྣམས་སུ་གཏད་རྒྱ་རེ་བྱས་པའི་རྐྱེན་ཡིན་ནམ། ད་ལྟ་དགོངས་གཏེར་ཀྱི་ཚུལ་དུ་རིག་ཐོག་ཏུ་གནས་ནས་ཅི་ཞིག་བྲིས་ཀྱང་འགག་པ་མེད་པ་ཡོད་འདུག་ཞེས་གསུངས། ཡང་ཉིན་གཅིག་ཁོང་རིན་པོ་ཆེའི་ཞལ་ནས། ང་རང་གི་རྨི་ལམ་ལ་བུད་མེད་རལ་པ་ཁམ་སེར་ཅན་ཞིག་གིས་བཙོན་ཁང་གི་སྒོ་གཏོར་ཏེ་ད་སོང་ཞེས་ལམ་བསྟན་བྱུང་བས་ང་རང་མྱུར་དུ་བཙོན་གྲོལ་ཐོབ་འོང་བ་འདྲ། བུ་ཁྱོད་ཀྱང་ཡུན་མི་རིང་བར་རང་ཡུལ་ལ་ལོག་ཐུབ་པ་འོང་ཞེས་གསུངས། སྤྱིར་ངེད་ཅག་བཙོན་པ་རྣམས་ཀྱི་ལུགས་སྲོལ་ནི་མི་སུ་ལ་བཙོན་གྲོལ་ཐོབ་ཀྱང་འགྲོ་མི་དེས་ཤུལ་ན་ཡོད་པ་རྣམས་ལ་སེམས་ཆགས་ནས་མཆི་མ་མ་བཏོན་ན་མི་ཁ་ཡོད་ལ། ཤུལ་ན་འདུག་མི་དེས་འགྲོ་མཁན་ལ་མཆི་མ་འདོན་ན་མི་ཁ་ཧ་ཅང་ཆེ་བས། ང་རང་གི་རྨི་ལམ་དུ་ཆོས་རྗེ་རིན་པོ་ཆེ་དང་ཁ་བྲལ་འགྲོ་བའི་སྣང་བ་ཤར་བས་ནམ་ཡང་ངུ་སྙིང་འདོད་པ་ཞིག་བྱུང་སྟེ་ཁོང་རིན་པོ་ཆེའི་མདུན་དུ་གཅར་མ་ནུས། ཉིན་གཅིག་ཁོང་རིན་པོ་ཆེའི་ཞལ་ནས། བུ་ཁྱོད་ཀྱིས་སེམས་སྡུག་མ་བྱེད་དང་། ནམ་ཞིག་འུ་ཅག་ལྷན་དུ་འཕྲད་ནས་འབྲས་བུའི་ཆོས་ལ་ཅི་དགར་ལོངས་སྤྱོད་པའི་སྐལ་བ་དང་ལྡན་པ་ཞིག་མི་འབྱུང་ན་དཀོར་སྒྲིབ་ཁུར་གསུངས། དེའི་ཚེ་བདག་གིས་མཆི་མ་བཏོན་ནས་ཁྱེད་ལ་དགོངས་གཏེར་ཐོགས་པ་མེད་པ་ཡོད་པས། ང་རང་ལ་སྐྱེ་བ་སྔོན་མ་རྣམས་ཀྱི་སྐྱེ་འཕྲེང་དང་། ཚེ་འདིའི་སྐྱིད་སྡུག་དང་ཚེ་ཚད། མ་འོངས་སྐྱེ་བ་ཕྱི་མ་རྣམས་སུ་གར་འགྲོ་སོགས་དུས་གསུམ་དང་འབྲེལ་བའི་ལུང་བསྟན་ཞིག་ཅིས་ཀྱང་གསུངས་པར་ཞུ་ཞེས་ཡང་ཡང་ནན་ཞུ་བྱས། དེའི་ཚེ་ཁོང་རིན་པོ་ཆེས་དགོངས་གཏེར་གྱི་ཚུལ་དུ་གང་ཤར་མ་བཅོས་པའི་ངང་ནས་དུས་གསུམ་དང་འབྲེལ་བའི་ལུང་བསྟན་རྒྱས་པ་ཞིག་གསུངས། དེའི་ནང་དུ་སྔོན་ཆད་གུས་འབངས་བདག་ཀྱང་སྐྱེ་བ་མང་པོར་ཁོང་གི་ཞབས་འབྲིང་དུ་སྐྱེས་ཚུལ་དང་སྐྱེ་བ་ཕྱི་མ་རྣམས་ཀྱི་སྐྱིད་སྡུག་སོགས་གསལ་བ་མ་ཟད། ཚེ་འདིར་བཙོན་ཁང་ནས་བཙོན་གྲོལ་ཐོབ་པའི་དུས་ཚོད་དང་། རང་ཡུལ་དུ་སླེབས་རྗེས་ཆོས་སྡེ་ཞིག་གསར་འཛུགས་བྱེད་ཚུལ། དང་པོ་གྲུབ་མཐའི་ཕྱོགས་རིས་ལྟ་བུའི་རྐྱེན་གྱིས་བར་ཆད་བྱུང་ཡང་མཐར་བར་ཆད་གྲོགས་སུ་འགྱུར་ཚུལ་སོགས་གསལ་བར་གསུངས་པ་སྟེ། དཔེར་ན་ང་རང་གི་ཚེ་འདིའི་གནས་གཞི་ལུང་བསྟན་པ་ནི། ཇི་སྐད་དུ། གསའ་ཕྲུ་གུའི་རི་ལ་གནས་མལ་ཆགས། །བརྒྱུད་འཛིན་གྱི་བུ་སློབ་ཕྱོགས་སུ་རྒྱས། །ཕ་པདྨའི་ཟབ་ཆོས་བགོ་སྐལ་འབྱེད། །བུའི་དབང་ཐང་དར་བའི་དུས་ཞིག་འོང་། །འཁོར་གདུལ་བྱ་འགྲོ་བའི་ཁ་ལོ་བསྒྱུར། །ཞེས་སོགས་ཀྱི་དོན་ནི་གསའ་ཡི་ཕྲུ་གུ་སྟག་ཞེས་ཡོངས་སུ་གྲགས་པ་བཞིན་ད་ལྟ་ངེད་ཅག་གི་དགོན་གནས་ལ་སྟག་ལུང་ཟེར་བས་འདི་རུ་གནས་མལ་ཆགས་རྒྱུ་ལུང་གིས་ཟིན་ཡོད་པ་སོགས་ཐམས་ཅད་དོན་ཐོག་ཏུ་ཁེལ་བ་བྱུང་། སྐབས་དེར་ཆོས་རྗེ་རིན་པོ་ཆེ་ཁོང་གི་སློབ་མ་རྣམས་ཀྱི་ནང་ནས་མཆོག་གྱུར་གྱི་སློབ་མ། སྒྲུབ་བརྒྱུད་དགོན་གྱི་སྤྲུལ་སྐུ་ཀུན་བཟང་དང་། རིན་ཆེན་རྒྱལ་ཟེར་བ་གཉིས་ཡོད། ཀུན་བཟང་ནི་ཁོང་རིན་པོ་ཆེ་ཕྱི་བཙོན་ལྟ་བུར་བཞུགས་སྐབས་འཕྲད་པ་ཡིན། ཁོང་ལ་ཆོས་རྗེ་རིན་པོ་ཆེའི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་མན་ངག་མང་པོ་གསུངས། རྗེས་སུ་རིང་པོ་མ་འགོར་བར་འདས་སོང་། འདའ་ཚེ་ཕྱི་ནང་གསང་གསུམ་གྱི་རྟགས་ཡ་མཚན་པ་མང་པོ་ཡོད་ཅེས་ཁོ་བོས་ཐོས་པ་ལ་དཔག་ན་ཉམས་གོང་འཕེལ་ལ་ཐོན་པ་འདྲ། རིན་ཆེན་རྒྱལ་ནི་ཁྱིམ་པ་རང་ཁ་མ་ཞིག་ཡིན་ཀྱང་ཁོང་རིན་པོ་ཆེའི་དགོངས་རྒྱུད་ཀྱི་རྟོགས་པ་འཕོས་ནས་རྗེས་སོར་གནས་ངེས་མེད་དུ་བྱ་བཏང་གི་མཆོག་གྱུར་ཞིག་ཏུ་གྱུར་པ་ཐོས་སོ། དེ་ཡན་ཁྲིམས་ཁང་དུ་བཞུགས་སྐབས་ཀྱི་རྣམ་ཐར་མཆོག་སྤྲུལ་བསྟན་པོ་རིན་པོ་ཆེའི་ཕྱག་བྲིས་ལྟར་བཀོད་ཅིང་། དེ་རྗེས་ཁྲིམས་ཁང་ནས་གློད་བཀྲོལ་བྱུང་འཕྲལ་སྐུ་ཡུལ་ཨ་སྐྱོང་ཕྱོགས་སུ་ཕེབས་ནས་མི་མེད་ལུང་སྟོང་ཞིག་ཏུ་སྒྲུབ་པའི་རྒྱལ་མཚན་བཙུགས་ཏེ་ལོ་འགར་བཞུགས། རིམ་གྱིས་རྒྱལ་བསྟན་གྱི་ཉི་གཞོན་གངས་རིའི་ལྗོངས་སུ་སླར་ཡང་ཤར་བའི་དུས་བཟང་འཆར་བ་ན་སྔོན་སྨོན་ཐུགས་བསྐྱེད་ཀྱི་དམ་བཅའ་དུས་སུ་སྨིན་པས་མདོ་སྔགས་བཤད་སྒྲུབ་ཆོས་གླིང་ཞེས་པའི་བཤད་སྒྲུབ་ཟུང་དུ་འབྲེལ་བའི་སྡེ་གསར་དུ་ཕྱག་བཏབ། འཁོར་ལོ་གསུམ་གྱི་མཛད་པ་སྤྱི་དང་ཁྱད་པར་ཟབ་རྒྱས་ཆོས་ཀྱི་འཁོར་ལོས་མཆོག་དམན་བར་མའི་གདུལ་བྱ་མོས་ཁམས་ལྟར་རྗེས་སུ་བཟུང་བས་བོད་མདོ་དབུས་ཁམས་གསུམ་ནས་སློབ་ཚོགས་བགྲང་གིས་མི་ལོངས་པ་འདུས། དེ་དག་ལ་ལོ་ངོ་བཅུ་ཕྲག་གཅིག་ལྷག་རིང་སྔ་རྗེས་རྣམས་སུ་གཞུང་ཆེན་བཅུ་གསུམ་པོ་ཆ་ཚང་ཚར་བཞི་ལྷག རྒྱལ་དབང་ཀློང་ཆེན་པའི་མཛོད་ཆེན་བདུན་ཐེངས་བཅུ་ལྷག་དང་། དེ་ལས་ཆོས་དབྱིངས་མཛོད་དང་མན་ངག་མཛོད་གཉིས་ཚར་ཉི་ཤུ་ལྷག ངལ་གསོ་སྐོར་གསུམ་པོ་ཞིབ་ཁྲིད་ལན་གསུམ། བར་དོ་དྲུག་ཁྲིད་ཚར་བཅུ་ལྷག སེམས་ཉིད་ངལ་གསོ་ཚར་བདུན། ཡོན་ཏན་མཛོད་འགྲེལ་ལན་བཞི་ལྔ། སྔོན་འགྲོ་ཀུན་བཟང་ཞལ་ལུང་ཚར་བཅུ་ལྷག ཀུན་དཔལ་སྤྱོད་འཇུག་ཚར་བདུན། མི་ཕམ་མཁས་འཇུག་ཚར་གཉིས། དབུ་མ་རྒྱན་འགྲེལ་ཚར་གསུམ། གསང་སྙིང་ཕྱོགས་བཅུ་མུན་སེལ་ལན་གསུམ། དེའི་སྤྱི་དོན་ལན་གསུམ། རོང་ཟོམ་དཀོན་མཆོག་འགྲེལ་ཚར་གསུམ། ལོ་ཆེན་གསང་བདག་དགོངས་རྒྱན་ཞིབ་ཁྲིད་ལན་གཉིས་སོགས་མདོ་དང་སྔགས་ཀྱི་གཞུང་ལུགས་ཆེན་མོ་སྣ་ཚོགས་པ་དང་། རྗེ་ཉིད་ཀྱི་ཞལ་སྔ་ནས་མཛད་པའི་ཁྲེགས་ཆོད་ནམ་མཁའ་སྤྲིན་བྲལ་རྒྱབ་ཆོས་དང་བཅས་པ། ཐོད་རྒལ་མཁའ་དབྱིངས་ཉི་ཟླ། གནད་གསུམ་ཤན་འབྱེད། གྲུབ་ཐོབ་པདྨ་རིག་འཛིན་གྱི་ཉམས་ལེན་སྤར་བཅང་མ། ཞབས་དཀར་པའི་མཁའ་ལྡིང་གཤོག་རླབས་དང་ཐོད་རྒལ་ཞལ་ཤེས། དཔལ་སྤྲུལ་རིན་པོ་ཆེའི་ཚིག་གསུམ་གནད་བརྡེགས། མི་ཕམ་སེམས་ངོ་མཛུབ་ཁྲིད་ཀྱི་གདམས་པ་རྣམས་ལན་གྲངས་བརྒྱ་སྟོང་གི་བར་དུ་གསུངས་པ་དང་། ཁྱད་པར་སྐལ་བཟང་དམ་ལྡན་གྱི་སློབ་བུ་རྣམས་ལ་ཡབ་རྗེ་གོང་མའི་ཕྱག་བཞེས་ལྟར་སྙིང་ཐིག་སྔོན་འགྲོ་ཕྱི་ནང་གི་འབུམ་ལྔ་བསགས་ཟིན་པའམ། ཡང་ན་གཞུང་ཆེན་བཅུ་གསུམ་པོ་རང་རྒྱུད་ལ་འབྱོར་བའི་ཐོས་བསམ་གཏིང་ཕྱིན་གནང་ཟིན་རྗེས་ཁྲིད་ཡིག་ཡེ་ཤེས་བླ་མའི་ཆོས་སྐལ་བསྩལ་པ་སྟེ། ལོ་རེ་བཞིན་དབྱར་ཆོས་སུ་ཆད་མེད་ཀྱིས་ཡེ་ཤེས་བླ་མའི་ཁྲིད་སྦྱང་རྒྱས་པ་ལན་རེ་གནང་བས་སྔ་རྗེས་སུ་ལན་གྲངས་བཅུ་དྲུག་སོང་བ་དང་། དགུན་ཁའི་དུས་སུ་བླ་སློབ་ཐམས་ཅད་ཉིན་མཚན་ཐུན་དྲུག་གི་རྣལ་འབྱོར་ལས་མི་འདའ་བར་རྩ་རླུང་ཞག་བརྒྱ་ལ་བཞུགས་པ་ལོ་སྟར་ཆག་མེད་གནང་། དུས་རྒྱུན་ཆོས་ཁྲིད་གསུམ་བཞི་ཆད་མེད་ཐོག་ས་ཐག་རིང་པོ་ནས་འབྱོར་བའི་དམ་ཆོས་དོན་གཉེར་ཅན་སྣོད་ལྡན་ཞིག་ཡིན་ཕྱིན་མོས་ངོ་ལྟར་ཁྲིད་ཐུང་འདེབས་པར་མཛད། སྤྱིར་རྗེ་ཉིད་དུས་རྒྱུན་བྱོན་བཞུགས་གང་གི་སྐབས་སུའང་ཐུན་བཞིའི་རྣལ་འབྱོར་ཆག་མེད་གནང་བ་དང་། མཚན་མོའི་དུས་སུའང་སྐུ་ཆིངས་བཀྲོལ་སྲོལ་མེད་པར་སྐྱིལ་ཀྲུང་གིས་བཞུགས་ཤིང་མཉམ་པར་བཞག་པ་ཁོ་ན་ལས་འདའ་བ་མི་སྲིད་པ་སྟེ། སྡེ་ཤོག་དེའི་ཡུལ་མི་ན་ཤི་བྱུང་སྐབས་ཉེ་གནས་པ་མཚན་དཀྱིལ་གློ་བུར་དུ་སྐུ་མདུན་ལ་འགྲོ་དགོས་བྱུང་ཚེ་བླ་མ་རིན་པོ་ཆེ་མཉམ་བཞག་གིས་བཞུགས་འདུག་པ་དང་། ཞག་བརྒྱའི་སྐབས་སུ་བླ་སློབ་ཐམས་ཅད་ཁྲེགས་ཆོད་ལྟ་བའི་ངང་བསྐྱངས་ནས་ཉིན་མཚན་བར་མེད་དུ་ལྷན་དུ་བཞུགས་པར་མཛད། ངེད་ཅག་ལ་ཡང་ཏིག་ཡིད་བཞིན་ནོར་བུའི་རྒྱས་ཁྲིད་བཀའ་དྲིན་བསྩལ་སྐབས་མཚན་དཀྱིལ་ཆུ་ཚོད་གསུམ་ཕྱེད་སྟེང་སྐུ་མདུན་དུ་ཕྱིན་ཚེ་སེམས་ཉིད་ངལ་གསོའི་བཞུགས་སྟངས་མཛད་དེ་ཀྲོང་ངེར་བཞུགས་འདུག་པ་བཅས་ཐུགས་དམ་ལས་སྐད་ཅིག་ཙམ་ཡང་འདའ་བ་མི་སྲིད། མདོར་ན་རང་འདོད་ཀྱི་ཆེ་བརྗོད་དང་དག་སྣང་གི་མོས་བསྟོད་ཙམ་མ་ཡིན་པར་ཆོས་རྗེ་བླ་མ་འདི་ནི་རང་དོན་དུ་ཐོས་བསམ་སྒོམ་གསུམ་དང་། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་འཛོམས་པའི་མཁས་གྲུབ་སྐྱེས་བུ་ཆེན་པོ་མཚུངས་ཟླ་དང་བྲལ་བ་ཞིག་སྟེ། ཕྱི་ལྟར་ན་སོ་སོར་ཐར་པའི་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུར་ཉེས་ལྟུང་གི་ཆ་ཕྲ་མོས་ཀྱང་མ་བསླད་པ་གནས་བརྟན་འདུལ་བ་འཛིན་ཆེན་པོ། ནང་དུ་ན་སེམས་ཅན་ཀུན་ལ་མ་གཅིག་གི་བུ་ལྟར་བརྩེ་བའི་བྱང་ཆུབ་སེམས་གཉིས་ལ་རང་དབང་འབྱོར་བའི་རྒྱལ་སྲས་སེམས་དཔའ་ཆེན་པོ། གསང་བ་བསྐྱེད་རྫོགས་རིམ་གཉིས་ཀྱི་ཏིང་ངེ་འཛིན་ལ་རང་དབང་འབྱོར་བའི་གྲུབ་པའི་དབང་ཕྱུག་ཆེན་པོ་དུས་གསུམ་སྒྲིབ་མེད་དུ་གཟིགས་པས་ལྐོག་གྱུར་གྱི་ཆོས་ཀུན་གཏན་ལ་དབབ་པར་ཆགས་ཐོགས་བྲལ་ཞིང་དམ་ཅན་བྲན་དུ་ཁོལ་བ། ཡང་གསང་རྫོགས་པ་ཆེན་པོ་ལྷུན་གྲུབ་འོད་གསལ་གྱི་སྣང་བ་ཚད་ལ་ཕེབས་ཏེ་ཆོས་བརྒྱད་ཀྱི་འཛིན་པ་དག་པས་འཁོར་འདས་ལྷུན་མཉམ་དུ་བརྡལ་བ་། ཀུན་མཁྱེན་ཆེན་པོའི་ཡེ་ཤེས་ཀྱི་སྐུས་ལན་གསུམ་རྗེས་སུ་བཟུང་བའི་རྟེན་འབྲེལ་ལས་རྟོགས་པ་ཀློང་དུ་གྱུར་ཅིང་མགྲིན་པ་ལོངས་སྤྱོད་ཀྱི་རྩ་མདུད་གྲོལ་བས་གང་སྣང་བརྡའ་དང་དཔེ་ཆར་ཤར་ཏེ། གང་བརྩམས་པར་མཛད་པའི་བསྟན་བཅོས་ཀྱི་ཚིག་དོན་མཐའ་དག་རྒྱལ་དབང་ཀློང་ཆེན་པའི་གསུང་དང་དབྱེར་མི་ཕྱེད་པ་སོགས་དམ་པའི་རྣམ་ཐར་སྨོས་ཀྱིས་མི་ལོངས། རྗེས་ལས་ཐོབ་པའི་ཡེ་ཤེས་སྒྱུ་མ་ལྟ་བུའི་སྣང་ཆར་ཚོགས་བསགས་རྟེན་བཞེངས་ཀྱི་སྒོ་འཕར་རྒྱ་ཆེན་པོ་སྤེལ་བའང་བསམ་གྱིས་མི་ཁྱབ་པ་སྟེ། རྗེ་ཉིད་ཀྱི་གདན་སར་མ་ཎིའི་རྡོ་མཁར་དང་། ལྷ་ཁང་ཆེ་བ། སྒྲུབ་གྲྭའི་འདུ་ཁང་། བཤད་སྒྲུབ་གཉིས་ཀྱི་གྲྭ་ཤག་ཕལ་ཆེ་བ། ཟངས་མདོག་དཔལ་རིའི་བློས་བསླངས་བཅས་ཕྱིའི་རྟེན་དང་། ནང་རྟེན་དུ་སྟོན་པ་གཙོ་འཁོར་གསུམ། མཁན་སློབ་ཆོས་གསུམ། ཉེ་སྲས་བརྒྱད། དཔལ་ཆེན། ཡུམ་ཀ་བདེ་ཆེན་རྒྱལ་མོ། ཕུར་པ། ཀུན་མཁྱེན་ཡབ་སྲས་བཅས་ཀྱི་འདྲ་སྐུ་དུ་མ་བཞེངས་པ་དང་། དུས་ཀྱི་མཆོད་པའི་སྐོར་བདེ་ཆེན་ཞིང་སྒྲུབ་དང་། རྡོར་སེམས་སྒྲུབ་པ། ཆོས་རྒན་མ། བུམ་སྒྲུབ། དབྱར་གནས་སོགས་སྒྲུབ་འཕྲིན་མཐོང་བརྒྱུད་ཀྱི་ཕྱག་བཞེས་གྲུབ་དབང་རྫོགས་ཆེན་པའི་རིང་ལུགས་ལྟར་ཉམས་པ་མེད་པའི་རྒྱུན་བཙུགས། སྔ་ཕྱིར་ཞལ་གསུང་མཛད་པའི་དགོངས་གཏེར་བསྟན་བཅོས་ཀྱི་སྐོར་ཁྲེགས་ཆོད་ནམ་མཁའ་སྤྲིན་བྲལ། ཐོད་རྒལ་མཁའ་དབྱིངས་ཉི་ཟླ། རྒྱབ་ཆོས་ནམ་མཁའ་ཀློང་ཡངས། ཐེག་དགུའི་རྣམ་བཤད་རིན་ཆེན་ཐེམ་སྐས། བདེ་ཆེན་ཞིང་ཁྲིད་ཀྱི་འགྲེལ་པ་ཐར་ལམ་གསལ་བའི་སྒྲོན་མེ། ཟངས་མདོག་དཔལ་རིའི་སྨོན་ལམ་གྱི་འགྲེལ་པ་རིན་ཆེན་ཐེམ་སྐས། སྒྲོལ་མ་ཕྱག་འཚལ་ཉེར་གཅིག་གི་བསྟོད་པའི་འགྲེལ་པ་ཡིད་འཕྲོག་ཨུཏྤལ་ལའི་དོ་ཤལ། རྩ་གསུམ་དབང་གི་ཆོ་ག་དངོས་གྲུབ་མཆོག་སྟེར། འཇིགས་གླིང་གི་བླ་མའི་རྣལ་འབྱོར། བླ་སྒྲུབ་བྱིན་རླབས་འོད་སྣང་། ཡི་དམ་སྒྲུབ་པ་བདེ་ཆེན་མྱུར་ལམ། མཁའ་འགྲོའི་གསང་སྒྲུབ་བདེ་སྟོང་རོལ་མཚོ། རིག་བྱེད་ལྷ་མོའི་སྒྲུབ་ཐབས་འདོད་དགུ་དབང་སྡུད། ཆོས་དབྱིངས་མཛོད་ཀྱི་བསྡུས་དོན། འཕོ་བ་མ་སྒོམ་སངས་རྒྱས་ཀྱི་ཁྲིད་བདེ་ཆེན་ཞིང་དུ་བགྲོད་པའི་མྱུར་ལམ། ནམ་མཁའ་སྤྲིན་བྲལ་གྱི་བསྡུས་དོན་རྡུལ་བྲལ་མེ་ལོང་། དམ་ཆོས་འདུལ་བའི་གླེང་གཞི་རྟོགས་བརྗོད་རིན་ཆེན་བུམ་བཟང་། རྫོགས་ཆེན་སྙིང་ཐིག་བརྒྱུད་པའི་བླ་མའི་གསོལ་འདེབས་བྱིན་རླབས་ཆར་འབེབས། མ་གཟའ་དམ་གསུམ་གྱི་གསོལ་མཆོད་འདོད་དོན་ལྷུན་གྲུབ། རྣལ་འབྱོར་སྨྱོན་པའི་ཐོལ་གླུ། བརྒྱུད་གསུམ་བླ་མའི་གསོལ་འདེབས་བྱིན་རླབས་ཆར་འབེབས། མོས་གུས་རྒྱང་གླུ་སྐུ་གསུམ་དག་པའི་དགའ་སྟོན། སྐུ་གསུམ་རང་ཞལ་མཐོང་བའི་མགུར་དབྱངས་ངོ་མཚར་བདུན་ལྡན། དབེན་གཏམ་དམ་ཆོས་སྒྲུབ་པའི་བསྐུལ་མ། ཉམས་ལེན་སྙིང་གཏམ་སུམ་ཅུ་པ། ཀློང་ཆེན་སྙིང་ཐིག་གི་བླ་མ་རྒྱང་འབོད་བྱིན་རླབས་སྤྲིན་ཕུང་། བླ་མའི་རྣལ་འབྱོར་བྱིན་རླབས་འོད་སྣང་སོགས་ཆོས་ཚན་ཆེ་ཕྲ་བརྒྱ་ཕྲག་ལྷག་གི་གསུང་འབུམ་བཞུགས། དགུང་གྲངས་བདུན་ཅུ་བཞེས་པ་ས་ཡོས་ལོ་ནས་བསྟུད་མར་དབྱར་ལོ་འགར་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེས་གདན་ཞུའི་ཐུགས་བསྐྱེད་ཀྱི་ཤིང་རྟས་ཉེར་བར་དྲངས་པ་དང་། རྗེ་ཉིད་ཀྱི་སྔོན་སྨོན་གྱི་དམ་བཅའ་དུས་སུ་སྨིན་པས་གངས་རིའི་ལྗོངས་ཀྱི་ནཱ་ལེནྡྲའི་ཆོས་སྡེ་གཉིས་པ་ཤྲཱི་སེང་ཆོས་གྲྭ་ཆེན་མོར་ཞབས་སོར་བཀོད། ཆོས་གྲྭ་ཆེན་མོའི་མཁན་སྤྲུལ་འདུས་སྡེ་ཡོངས་ལ་མཛོད་ཆེན་བདུན་དང་། ངལ་གསོ་སྐོར་གསུམ། གསང་བ་སྙིང་པོའི་རྒྱ་འགྲེལ་ཕལ་མོ་ཆེ། རྒྱུད་བཅུ་བདུན། ཁྲིད་ཡིག་ཡེ་ཤེས་བླ་མ། བར་དོ་དྲུག་ཁྲིད། རྗེ་ཉིད་ཀྱི་ཁྲེགས་ཆོད་ཐོད་རྒལ་དང་། ཞབས་དཀར་པའི་ཁྲེགས་ཆོད་ཐོད་རྒལ་སོགས་མོས་ཁམས་ལྟར་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་བསྐོར་བས་གྲུབ་དབང་རྫོགས་ཆེན་པའི་གདན་ས་ཞེས་གྲགས་པ་དོན་དང་ལྡན་པའི་གནས་སུ་བཀོད་ཅིང་སྙིང་པོའི་བསྟན་པ་གཞིར་བཞེངས་སུ་བསླངས་། ཁྱད་པར་ངེད་ཅག་མཁན་སྤྲུལ་བདུན་ཚན་གཅིག་ཁོ་ན་ལ་ཡང་ཏིག་ཡིད་བཞིན་ནོར་བུ་ཆོས་ཚན་ལྔ་བཅུ་རྩ་གསུམ་མནོག་ཆོས་སུ་བསྩལ་ཏེ་དམན་བུ་བདག་ཉིད་ལའང་བུང་བ་གསེར་གཟིགས་ཀྱི་དབུགས་དབྱུང་གཟེངས་སྟོད་ཐོབ། དགུང་གྲངས་བདུན་ཅུ་རྩ་གཉིས་བཞེས་པ་ལྕགས་སྦྲུལ་ལོའི་སྟོན་ཁར་རྗེ་ཉིད་ཀྱི་གདན་སའི་ཟངས་མདོག་དཔལ་རིའི་བློས་བསླངས་ཕྱི་ནང་རྟེན་བརྟེན་པ་བཅས་ལེགས་འགྲུབ་བྱུང་བས་རབ་གནས་ཉིན་གཅིག་ལ་འཚོགས། དེ་ཉིན་གཏོར་མ་ལས་བདུད་རྩི་བབས་པ་དང་། ཕྱི་དྲོ་འཇའ་གུར་འཁྲིགས་ཤིང་ཁ་བ་སབ་སིབ་བབས་པ་ལས་རིང་བསྲེལ་འཐོར་བ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་བྱུང་། ལོ་དེའི་དགུན་ཁར་ཆོས་ཞུ་པ་ཡོངས་ལ་ཡིད་བཞིན་མཛོད་ཀྱི་ཆོས་ཁྲིད་གསུངས་ཤིང་དེ་སྐབས་ཡུན་རིང་མི་བཞུགས་པའི་གསུང་འཕྲོས་གནང་བ་དང་། དགུན་ལོར་ཆོས་ཐུན་གཅིག་ཁོ་ན་གསུངས་པ་ལས་གཞན་སྐུ་མཚམས་དམ་པོར་བཞུགས། ཆུ་རྟ་ལོ་ནས་སྙུན་གཞིའི་རྣམ་པ་ལྟ་བུ་བྱུང་བས་ཉེ་གནས་སོགས་ཞལ་སློབ་ཡོངས་ཀྱིས་སྨན་ཁང་དུ་ཕེབས་པར་ཞུ་བསྐུལ་ཞུས་ཚེ་སྤྱིར་འདུས་བྱས་མི་རྟག་པའི་ཆོས་ཉིད་ལ་ཟློག་ཐབས་མེད་ཅིང་། ཁྱད་པར་རྒན་བུ་ལོ་ན་བདུན་ཅུར་སོན་པ་ཞིག་ན་ཤི་ཅི་བྱུང་ཡང་ཧང་སང་རྒྱུ་མེད་པས་སྨན་ཁང་དུ་འགྲོ་བ་ལས་སྡོད་ཐུབ་ན་དགའ་ཞེས་ཞལ་བཞེས་མ་གནང་། དེ་ཚུལ་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེར་སྙན་གསན་ཕུལ་བས་འཕྲལ་མར་ཁྲིན་ཏུའུ་སྨན་ཁང་དུ་མ་ཕེབས་ཐབས་མེད་ཡིན་པའི་བཀའ་ཕེབས་གསུང་བསྐུལ་མཛད། རྗེ་ཉིད་ལ་ཇི་བཞིན་ཞུས་པས་བླ་མ་དང་མཆེད་གྲོགས་ཀྱི་དམ་ཚིག་ཆེས་ཟབ་པ་སྐྱབས་རྗེ་རིན་པོ་ཆེ་ཁོང་འདྲ་བ་འཇིག་རྟེན་འདིར་ད་ལྟ་སུ་ཡང་མེད་པས་བཀའ་གཅོག་ཐབས་མེད་ཅེས་གསུངས་ནས་སྐུ་མཚམས་ལས་བཞེངས་ཏེ་ཁྲིན་ཏུར་ཕེབས། སྐྱབས་རྗེ་རིན་པོ་ཆེས་ཐུགས་བཀོད་མཐུན་འགྱུར་གནང་བ་ལྟར་ཟླ་ཕྱེད་ཙམ་སྨན་ཁང་དུ་བཞུགས་རྗེས་སྙུན་ཁམས་ཅུང་ཟད་ཡར་དྭངས་ལྟ་བུ་བྱུང་། ཉིན་ཞིག་སྐྱབས་རྗེ་རིན་པོ་ཆེ་སྨན་ཁང་དུ་བྱོན་སྐབས་རྣམ་གཉིས་ནས་ཞབས་གྲལ་ཉེ་གནས་པ་ཀུན་སྒོར་སོང་གསུངས་ཏེ་ཆུ་ཚོད་ཕྱེད་ཙམ་རིང་ཐུགས་གྲོས་མཛད། སླར་ཞབས་གྲལ་བ་ཀུན་ནང་དུ་ཕྱིན་སྐབས་སྐྱབས་རྗེ་མཆོག་གི་ཞལ་ནས་བླ་མ་རིན་པོ་ཆེ་མཆོག་ནས་ད་སྔོན་སྐུ་ཚེ་གང་པོར་མེ་བཙའ་ཙམ་གྱི་སྨན་བཅོས་བྱེད་མ་མྱོང་ལ་ད་ཕྱིན་ཡང་ན་ཚ་དང་ལེན་རྐྱེན་ངན་ལམ་འཁྱེར་མཛད་པ་ལས་སྨན་བཅོས་ལ་ཐུགས་འཐད་མི་གནང་མོད། ཉེ་ཆར་ངོས་ཀྱིས་ཞུས་ངོ་ལྟར་སྨན་ཁང་དུ་ཕེབས་པར་མཛད་ཀྱང་ད་ནི་རྗེ་ཉིད་ཀྱི་ཐུགས་དགོངས་ལྟར་ཉིན་འགའི་རྗེས་ཡར་གདན་སར་ཕེབས་ནས་སྐུ་མཚམས་ལ་བཞུགས་རྒྱུའི་ཐུགས་ཐག་ཆོད་པ་ཡིན་ཞེས་གསུང་བཀོད་བསྩལ། ཕྱི་ཉིན་སྐྱབས་རྗེ་རིན་པོ་ཆེས་དབུས་རྫོགས་ཆེན་གདན་སའི་ཞལ་སློབ་མཁན་སྤྲུལ་སྐྱེས་ཆེན་ལྷན་རྒྱས་ནས་རིག་འདུས་ཚེ་དབང་དང་འབྲེལ་བའི་བརྟན་བཞུགས་དང་བཞུགས་ཞུས་ཕུལ་སྐབས་རྟེན་འབྲེལ་གྱི་ཆེད་དུ་ལེགས་སོ་ཟེར་དགོས་པ་ཡིན་ཞེས་གསུང་འཕྲོས་བསྩལ། ཉིན་འགའི་རྗེས་ཕྲན་པ་དང་འབྲུག་སྤྲུལ་རིན་པོ་ཆེ་སོགས་རྫོགས་ཆེན་གདན་སའི་ཞལ་སློབ་ཕེབས་འཁོར་ཆུང་བ་གསུམ་བཅས་ཀྱིས་ཨ་སྐྱོང་གདན་ས་བར་ཕེབས་སྐྱེལ་ཞུས། དེ་ནས་དཔྱིད་ཟླ་ཐ་ཆུང་གི་ཟླ་དཀྱིལ་བར་སྐུ་མཚམས་དམ་པོར་བཞུགས་ཚེ་ཐུགས་ཁམས་ཤིན་ཏུ་དྭངས་ཤིང་སྙུན་གཞིའི་རྣམ་པ་ཅུང་ཟད་ཀྱང་མེད་པ་ལྟ་བུ་བྱུང་ཡང་སྐུ་ལུས་ཅུང་ཟད་རིད་པ་བྱུང་། བར་སྐབས་ནས་ཕྱོགས་འདུས་ཀྱི་སློབ་ཚོགས་རྣམས་ལ་མཇལ་འཕྲད་མཛད་ཅིང་སྐུ་དྲུང་དུ་འབྱོར་བ་ཀུན་ལ་ཚེ་རབས་རྗེས་འཛིན་གྱི་ཐུགས་སྨོན་ཟབ་རྒྱས་གནང་། ཚེས་ཉེར་ལྔ་ཙམ་ནས་སྐུ་བཅར་ཉེ་གནས་པ་རྣམས་ལ་ད་སྟེ་ཞག་བདུན་གྱི་བར་རང་རེ་རྣམས་ལྷན་དུ་སྡོད་རྒྱུ་ཡོད་པས་དེ་བར་སྐྱིད་སྐྱིད་བྱེད་དགོས་ཞེས་གསུངས་པ་དང་། ཐུགས་སྲས་ཐུ་བོ་འགའ་སྐུ་དྲུང་དུ་ཕྱིན་སྐབས་ད་ཁྱེད་རང་རྣམས་ལ་རྫོགས་པ་ཆེན་པོའི་སྐོར་གྱི་དྲི་བ་འདྲ་ཡོད་ན་བྱེད་རན། ལར་ང་རང་ལ་ཀུན་མཁྱེན་ཆེན་པོས་མི་དང་མི་ལབ་པ་ལྟ་བུའི་ཞལ་གཟིགས་ནམ་རྒྱུན་ཡོད་པ་ཡིན་ཡང་ཉེ་ཆར་ཅི་ཡང་མཇལ་རྒྱུ་མི་འདུག་ཅེས་ཆོས་ཉིད་ཟད་སར་ཕྱིན་པའི་གསུངས་བྱོན་པ་དང་། ད་ཕྱིན་ང་རང་གི་སློབ་གྲལ་ཏུ་གཏོགས་པ་ཀུན་གྱིས་བྱང་ཆུབ་ཀྱི་སེམས་ཉག་མ་རེ་རྒྱུད་ལ་ཨེ་སྐྱེ་རེམ་དགོས། ད་ལམ་ངས་རྗེས་ཐོབ་ཀྱི་སྣང་ཤེས་ངོར་ངན་སོང་གསུམ་གྱི་འགྲོ་བའི་སྡུག་བསྔལ་ལ་བསམ་ཚེ་ལུས་འདི་ཚལ་བ་ཚལ་བར་གས་འགྲོ་བ་ལྟ་བུའི་སྙིང་རྗེ་བཟོད་མི་ཐུབ་པ་སྐྱེས་ཀྱིན་འདུག་ཅིང་། བྱར་མེད་ཀ་དག་གི་ལྟ་བའི་ངང་དུ་མཉམ་པར་བཞག་ཚེ་ཆུ་ཡི་རི་མོ་བཞིན་རྗེས་མེད་རང་སར་ཡལ་འགྲོ་གིན་འདུག་ཅེས་གསུངས་པ་དང་། གནམ་གང་ཉིན་མཁན་སྤྲུལ་ཐོས་ལྡན་རིན་པོ་ཆེ་སྐུ་དྲུང་དུ་བཞུགས་སྐབས་གློ་བུར་དུ་ཨ་ཀ་དག་ཀ་དག་སོགས་ཉམས་མགུར་ཚིག་བཅད་མང་པོ་ཀློང་བརྡོལ་བའི་ཚུལ་དུ་གསུངས་པར་མཛད་ཀྱང་ཁོང་གིས་ཐུགས་ཐོག་ཏུ་ཟིན་པ་མ་བྱུང་གསུངས། དེ་ཉིན་ད་དུང་ཞག་གཉིས་ཡོད་མོད་སོགས་གསུངས་ནས་སྐུ་ཚེའི་འདུ་བྱེད་བཏང་ཡང་འཚོ་བའི་འདུ་བྱེད་དུ་བྱིན་གྱིས་རླབས་ཏེ་བདག་ཅག་གི་སྟོན་པ་སྐུ་བལྟམས་ཤིང་མྱ་ངན་ལས་འདས་པའི་ཟླ་བ་ས་གའི་བར་བཞུགས་པར་མཛད། ས་ག་ཟླ་བའི་ཚེས་གཅིག་གི་ནུབ་མོ་མདུན་འདུག་ཉེ་གནས་པ་མར་ལོ་དང་ཞབས་འབྲེང་བཙུན་མ་གཉིས་ཡོད་པ་སྐུ་དྲུང་ནས་ཡང་ཡང་ངུས་ཚེ་ད་ཁྱེད་རང་རྣམས་ཀྱིས་མྱ་ངན་མ་བྱེད་དང་རང་རེ་མི་རིང་བར་འཕྲད་པ་འོང་། ང་ཐོག་མར་བདེ་བ་ཅན་དུ་སྐྱེ་རྒྱུ་ཡིན་པས་ཁྱེད་རང་རྣམས་ཀྱིས་བདེ་སྨོན་དང་འོད་མཚན་བསྙེན་བཟླས་ཅི་ནུས་གྱིས། ང་ལ་སྐྱེ་བའི་ཚེ་རབས་མང་པོར་ནོར་བ་མི་སྲིད་པའི་རྟགས་མཚན་འདི་དང་འདི་ཡོད་པས་སྐྱེ་བ་རྗེས་མ་ཡང་ནོར་བ་མི་སྲིད། གཡོན་ཕྱོགས་ཀྱི་རྟགས་འདི་ཨེ་ཀ་ཙ་ཊི་སྤྱན་དང་མཚུངས་ཤིང་ལོ་རྒྱུས་ཀྱི་བྱུང་བ་བརྗོད་ན་ཤིན་ཏུ་མང་པོ་བཤད་རྒྱུ་ཡོད་ཀྱང་དགོས་པ་མེད་སོགས་གསུང་འཕྲོས་དང་ཐུགས་སྨོན་གནང་། དེ་ནུབ་ནམ་ཕྱེད་ཙམ་ན་ཉེ་གནས་པ་ལ་གཟིམས་ཁྲི་བསལ་དུ་བཅུག་སྟེ་ཞལ་ཕྱག་ཆུ་ལ་བཀྲུས་ཤིང་། ད་སྟེ་ཞག་བདུན་བར་ཁང་སྒོ་དམ་པོར་ཆོད་ལ་སུའང་ནང་དུ་མ་བཏང་། དེའི་ཚེ་རྫོགས་ཆེན་དུ་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེར་ཞལ་པར་འཕྲོད་ཐབས་གྱིས་དང་དེ་ནས་ཁོང་གི་ཐུགས་བཀོད་ཡོད་ཡོང་ཞེས་ཞལ་བསྒོས་གནང་བ་དང་། གདན་འབོར་ཞིག་གི་སྟེང་དུ་ཆོས་གོས་ཁོ་ན་གསོལ་ནས་སྐྱིལ་ཀྲུང་སེམས་ཉིད་ངལ་གསོའི་ཕྱག་རྒྱས་བཞུགས་པར་མཛད། དེ་མ་ཐག་སྐུ་གསུམ་གྱི་གཟིགས་སྟངས་གཡས་གཡོན་གྱེན་ཐུར་དུ་ལན་གསུམ་གཟིགས་རྗེས་སྤྱན་བར་སྣང་ལ་གཏད་པ་ཙམ་གྱིས་དབྱིངས་དང་རིག་པ་བསྲེས་ཏེ་གཞི་དབྱིངས་ཆོས་སྐུའི་ངོ་བོར་མངོན་པར་བྱང་ཆུབ་གྱུར། དེ་ཉིན་ནས་ཞག་འགར་ནམ་མཁའ་གཡའ་དག་ཅིང་གཟིམས་ཁང་གི་ཕྱི་ལོགས་སུའང་ཕལ་པའི་དྲི་གང་གིས་ཀྱང་མི་མཚོན་ཞིང་དཔེར་མི་འོས་པའི་དྲི་བཟང་གིས་ཁྱབ་པ་དང་། ཞག་བདུན་གྱི་ནང་མོར་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེ་གཟིམ་ཁང་དུ་བྱོན་སྐབས་སྔར་དུས་བཞིན་སྐུ་བཀྲག་བརྗིད་ལྡན་པའི་ངང་མཉམ་བཞག་གིས་བཞུགས་འདུག་པ་དང་། ཐུགས་དམ་བཞེངས་བསྐུལ་གནང་སྐབས་ད་གཟོད་དབུ་དུད་ཅིང་སྤྱན་རས་ཟུམ་པ་དེར་ཡོད་ཀུན་གྱིས་མངོན་སུམ་དུ་མཇལ། ས་ཟླའི་ཚེས་བཅོ་ལྔའི་ཉིན་སྐྱབས་རྗེ་པདྨ་སྐལ་བཟང་རིན་པོ་ཆེས་དབུས་མཁན་སྤྲུལ་འདུས་སྡེ་ཡོངས་ཀྱིས་ལས་བཞིའི་སྦྱིན་སྲེག་གི་སྒོ་ནས་སྐུ་གདུང་རིན་པོ་ཆེ་ཞུགས་འབུལ་མཛད་ཅིང་། དེ་སྐབས་ཉིན་གྲངས་བཅུ་ལྷག་ལས་མ་ཕྱིན་ཡང་སྐུ་གདུང་ཆུང་ཞིང་ཡང་བར་གྱུར་འདུག་པ་དང་། ཐོག་མར་གདུང་ཁང་དུ་གདན་དྲངས་སྐབས་བྱང་ཕྱོགས་ནས་སྙན་ལ་བརྗིད་ཆགས་པའི་སྒྲ་ཆེན་པོ་རྒྱུན་རིང་པོར་གྲགས་པ་ནི། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། སྒྲ་ལའང་རྣམ་པ་གཉིས་ཏེ། འུར་གྱིས་བྱུང་ན་ཞག་བདུན་ན་མངོན་པར་རྫོགས་པར་སངས་རྒྱས་པའོ། ཐུག་གིས་བྱུང་ན་ཞག་བཅུ་བཞི་ན་མངོན་པར་རྫོགས་པར་སངས་རྒྱས་པའོ། ཞེས་དང་། སྒྲ་རྣམ་པ་གཉིས་ལས་འུར་བའི་སྒྲ་དལ་ལ་རྒྱུན་རིང་བ་ཞི་བའི་རྔ་སྒྲ་ལྟ་བུ་བྱུང་ན་ལས་བཞིའི་ཆ་ལས་རྡོ་རྗེའི་རིགས་སམ་པདྨའི་རིགས་སུ་སངས་རྒྱས་པའི་རྟགས་སོ་གསུངས་པ་དང་། སྐུ་གདུང་འབར་བ་ལས། སྒྲ་ཡི་རང་བཞིན་འདི་ལྟ་བུ། །འུར་ཞིང་ཐུག་པ་བརྩེགས་མ་དང་། །རྒྱུན་རིང་འཇམ་དལ་རིང་བའི་སྒྲ། །ཞི་དང་ཁྲོ་བོའི་ཁྱད་ཀྱིས་སོ། །དེ་ལྟར་སྒྲ་དང་ལྡན་གྱུར་ན། །འདི་ནི་ལོངས་སྤྱོད་རྫོགས་པ་ཡི། །སྐུ་ཡི་འབྲས་བུ་ཐོབ་པའོ། །དེ་ཀུན་ལོངས་སྤྱོད་ཚད་དང་མཉམ། །འདི་ལྟར་ལོངས་སྤྱོད་རྫོགས་ནས་ཀྱང་། །སྤྲུལ་པའི་སྐུ་ཡང་འབྱིན་པར་ནུས། །ཞེས་གསུངས་པ་ལྟར་ཐམས་ཅད་ཀྱིས་མཐུན་སྣང་དུ་ཐོས་པ་བྱུང་ཞིང་ཕལ་པའི་སྐྱེ་བོ་ཀུན་གྱིས་ལོ་དེའི་འབྲུག་སྒྲ་ཐོག་མར་གྲགས་པ་ཡིན་པས་ཆེས་ངོ་མཚར་བའོ། ཞེས་གླེང་བ་ཡང་བྱུང་། དེ་བཞིན་ནམ་མཁའ་གཡའ་དག་ཅིང་ཉི་མའི་མཐའ་བསྐོར་དུ་འཇའ་འོད་ཁ་དོག་ལྔ་པའི་འོད་ཁྱིམ་ཆེས་གསལ་པ་ཉིན་གང་པོར་བྱུང་བ་དང་། ཕྱི་དྲོའི་དུས་སུ་མཁའ་ངོས་ཀུན་ཏུ་སྤྲིན་འཇའ་ཁ་དོག་སྣ་ཚོགས་པ་གྱེན་འགྲེང་དང་རྩིབ་ཤར་གྱི་དབྱིབས་ཅན་རྒྱུན་རིང་པོར་བྱུང་བ་སྟེ། ཇི་སྐད་དུ། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། འོད་ལ་གཉིས་ཏེ། འོད་ཁྱིམ་གྱི་ཚུལ་དུ་བྱུང་བ་དང་། འོད་གྱེན་ལ་འགྲེང་སྟེ་སྐས་ཀྱི་ཚུལ་དུ་བྱུང་བའོ། འོད་ཁྱིམ་ལྟར་བྱུང་བ་དེ་ནི་ཞག་ལྔ་ནས་བརྟན་པ་ཐོབ་སྟེ་མངོན་པར་རྫོགས་པར་སངས་རྒྱས་པའོ། འོད་སྐས་ལྟར་བྱུང་བ་དེ་ནི་ཞག་བདུན་ན་མངོན་པར་རྫོགས་པར་སངས་རྒྱས་པའོ་ཞེས་དང་། སྐུ་གདུང་འབར་བའི་རྒྱུད་ལས། འོད་ལ་རྣམ་པ་གསུམ་ཡིན་ཏེ། །མུ་ཁྱུད་འཁོར་ཡུག་བཅས་པ་ནི། །གང་གི་ཤུལ་དུ་བྱུང་བ་ན། །འདི་ནི་བར་དོ་དང་པོ་ལ། །ངེས་པ་ཡི་ནི་འབྲས་བུ་ཐོབ། །ཅེས་གསང་ཆེན་རྒྱུད་སྡེ་ཆེན་མོ་དག་ལས་མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་མཚན་སྒྲ་འོད་དང་བཅས་པ་གསལ་བར་བསྟན་པ་ལྟར་བྱུང་ཞིང་། ཁྱད་པར་ཇི་སྐད་དུ་སྐུ་གདུང་འབར་བ་ལས། །སྐྱེས་མཆོག་མྱ་ངན་འདས་པ་ལ། །སངས་རྒྱས་ཀུན་གྱི་གདུང་ཡང་འབྱུང་། །སངས་རྒྱས་རིགས་ཀྱི་ཁྱད་པར་ལས། །གདུང་གི་རིགས་ནི་ལྔ་ལྔར་འབྱུང་། །ཤ་རཱི་རམ་ནི་བདེ་གཤེགས་གདུང་། །དེ་བཞིན་བ་རཱི་རམ་ཞེས་ནི། །རྡོ་རྗེ་རིགས་ཀྱི་གདུང་ཡིན་ནོ། །ཆུ་རཱི་རམ་ནི་རིན་པོ་ཆེ། །བསེ་རི་རམ་ནི་པདྨའོ། །དེ་བཞིན་ཉ་རཱི་རམ་ཞེས་བྱ། །ལས་ཀྱི་རིགས་ཀྱི་གདུང་ཡིན་ནོ། །ཞེས་དང་། རང་ཤར་ལས། ཤ་རཱི་རམ་གྱིས་སྐྱེ་མེད་འཐོབ། །ཆུ་རཱི་རམ་གྱིས་དོན་ཡོད་དོ། །བ་རཱི་རམ་གྱིས་ལོངས་སྐུ་འཐོབ། །ཉ་རཱི་རམ་གྱིས་སྤྲུལ་སྐུ་འཐོབ། །པཉྩ་རམ་གྱིས་རྡོ་རྗེ་ཉིད། །ཅེས་དང་། རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་ལས། གདུང་ལ་ཡང་ལྔ་སྟེ། ཁ་དོག་མཐིང་ག་ནི་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་མངོན་པར་རྫོགས་པར་སངས་རྒྱས་པའོ། ཁ་དོག་དཀར་པོ་ནི་རྡོ་རྗེ་སེམས་དཔའི། ཁ་དོག་སེར་པོ་ནི་རིན་ཆེན་འབྱུང་ལྡན་གྱི། ཁ་དོག་དམར་པོ་སྣང་བ་མཐའ་ཡས་ཀྱི། ཁ་དོག་ལྗང་གུ་ནི་དོན་ཡོད་གྲུབ་པའི། ཁ་དོག་སྣ་ཚོགས་པ་ནི་སྐུ་ལྷུན་གྱིས་གྲུབ་པའི་ས་ལ་ཕྱིན་པའོ། ཞེས་པ་ལྟར་གདུང་དུད་གང་དུ་ཕྱོགས་པའི་ས་རུ་གདུང་ཆེན་ཁ་དོག་སྣ་ཚོགས་པ་བརྒྱ་སྟོང་གི་གྲངས་སུ་བབས་པ་དང་། དེ་ལས་ཀྱང་ཁ་དོག་དཀར་པོ་དང་སྔོན་པོ་ཆེས་མང་བས་སྐྱབས་རྗེ་པདྨ་སྐལ་བཟང་མཆོག་གི་ཞལ་ནས་སྒྲ་འོད་སོགས་གང་ལ་གཞིག་ཀྱང་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས་སུ་གྲོལ་བར་འདུག་ཀྱང་། རྗེ་ཉིད་ཀྱིས་བདེ་བ་ཅན་དུ་སྐྱེ་བར་འགྱུར་ཞེས་ཞལ་བཞེས་གནང་བ་ལྟར་ན་པདྨའི་རིགས་སུ་མངོན་པར་སངས་རྒྱས་པ་ཡིན་དགོས་གསུངས་ཤིང་། གཞན་ཡང་ཇི་སྐད་དུ། སྐུ་གདུང་འབར་བ་ལས། འདི་དང་ཡང་ནི་འདྲ་བ་ཡི། རིང་བསྲེལ་ཉིད་ནི་ཕྲ་མོ་སྟེ། ཏིལ་གྱི་འབྲུ་དང་རྡུལ་ཆ་ཙམ། །འདི་ནི་འབྱུང་བས་བཤིག་པར་ནུས། །འདིས་ནི་སྤྲུལ་པའི་ཞིང་ཁམས་སོ། །ཞེས་འབྱུང་བ་ལྟར་ཡུངས་འབྲུ་ལྟ་བུ་དང་སྲན་ཆུང་ལྟ་བུའི་རིང་བསྲེལ་ཕྲ་མོ་ཆར་ལྟར་བབས་ཤིང་། གདུང་མཇལ་པ་ཀུན་གྱིས་ཧབ་ཐོབ་བྱས་ཚེ་རྒན་པོ་ལོ་ན་ཆེས་རྒས་པ་ཞིག་གིས་ཅི་བྱེད་ཐབས་མེད་ཀྱིས་ངུ་འབོད་བྱས་པས་དེ་མ་ཐག་གོས་ཀྱི་ཕུ་ཐུང་སྟེང་དུ་རིང་བསྲེལ་རྡོག་གཅིག་བབས་པ་སོགས། མདོར་ན་ཕྱི་ནང་གི་གྲོལ་རྟགས་མཐའ་ཡས་པ་རྒྱུད་སྡེའི་གཞུང་ནས་བསྟན་པ་བཞིན་ཐམས་ཅད་ལ་མངོན་སུམ་མཐོང་ཆོས་སུ་བྱུང་བས་ཆོས་དང་བླ་མ་ལ་དད་པ་མེད་པ་དག་གིས་ཀྱང་འདི་འདྲའི་མཚར་པོ་འབྱུང་རྒྱུ་འདུག་ཅེས་ཡ་མཚན་པར་འཛིན་པ་དང་། རྗེ་ཉིད་ཀྱི་ཐུགས་སྲས་ཞལ་སློབ་སངས་རྒྱས་དངོས་མཐོང་གི་དད་པ་བརྟན་པོ་ཐོབ་པ་དག་ལའང་ངེས་ཤེས་དང་དད་པ་ལྷག་པར་འཁྲུངས་ནས་མིག་མཆི་མས་བརླན་པ་སོགས་ཐ་མའི་མཛད་པ་མཐོང་ཞིང་ཐོས་པ་དག་གི་རྒྱུད་ལ་རྣམ་གྲོལ་གྱི་ས་བོན་བསྐྲུན་པར་མཛད་ཅིང་། ཕྱིས་སུ་གདུང་རྟེན་ལེགས་བཞེངས་གྲུབ་ནས་གཟུངས་སྒྲུབ་བྱེད་སྐབས་ཀྱང་ཡུངས་འབྲུ་ལྟ་བུའི་རིང་བསྲེལ་དཀར་པོ་དང་སེར་པོའི་ཁ་དོག་ཅན་གྲངས་མེད་པ་ཚེག་སྒྲ་དང་བཅས་སྐུ་གདུང་བཞུགས་སུ་གསོལ་བའི་གཟིམ་ཁང་གི་པང་གཅལ་སྟེང་དུ་བབས་པ་དང་། རྒྱུད་གཞུང་ནས་བསྟན་པའི་གསེར་ཕྱེ་ལྟ་བུའི་རིང་བསྲེལ་བབས་པ་མཆོད་སྟེགས་སོགས་སུ་ལག་པས་ཕྱགས་རྒྱུ་ཡོད་པ་བྱུང་བ་ན། རྒྱུ་མཚན་མི་ཤེས་པ་དག་གིིས་གཟུངས་འབུལ་གནོད་སྦྱིན་བང་མཛོད་འཇོག་སྐབས་གཡང་སྒྲུབ་བྱས་པའི་བྱིན་རླབས་ཀྱིས་ནོར་ལྷས་གསེར་ཕྱེ་ཕབས་པ་ཡིན་སོགས་ཟེར་བ་བྱུང་ངོ་། དེ་ལྟར་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་རྗེ་བཙུན་བླ་མ་རིན་པོ་ཆེ་ནི་ངེས་པའི་དོན་དུ་གདོད་ནས་མངོན་པར་བྱང་ཆུབ་ཏུ་ཟིན་ཀྱང་། ཚུར་མཐོང་གི་སྣང་ངོར་གདོད་མའི་མགོན་པོ་དང་མི་གཉིས་པ་ཉམས་དང་རྟོགས་པའི་དབང་ཕྱུག་དམ་པའི་ཚུལ་དགུའི་མངའ་བདག་ཏུ་བྱོན་ནས་མཐོང་ཐོས་དྲན་རེག་གི་འགྲོ་བ་མཐའ་དག་ཐར་དང་ཐམས་ཅད་མཁྱེན་པའི་ས་ལ་བཀོད་དེ་ཞིང་འདིའི་འགྲོ་དོན་རེ་ཞིག་རྫོགས་པའི་ཚུལ་བསྟན་ཏོ།།

སླར་སྨྲས་པ། དེ་སྐད་མཚུངས་མེད་བླ་མའི་རྣམ་པར་ཐར། །དོན་ལྡན་ངག་གིས་བརྗོད་པའི་གཏམ་གྱི་ཕྲེང་། །སྤེལ་བའི་དགེ་ཚོགས་པད་རྩ་ལྟར་དཀར་བ། །མཆིས་པ་གང་དེ་བྱང་ཆུབ་ཆེན་པོར་བསྔོ། །འདི་མཐོང་ཐོས་དང་དྲན་རེག་སྐྱེ་བོ་ཀུན། །ཐོག་མཐའ་མི་དམིགས་སྲིད་པའི་གཅོང་རོང་ལས། །རྣམ་པར་གྲོལ་བ་ཞི་བའི་སར་བསྙེགས་ཏེ། །མ་ལུས་འགྲོ་ཀུན་འདྲེན་པའི་མཐུ་ཐོབ་ཤོག། ཅེས་གདོད་མའི་མགོན་པོ་དང་མི་གཉིས་པ་མཚུངས་མེད་ཐུགས་རྗེའི་གཏེར་མཛོད་རྗེ་བཙུན་བླ་མ་རིན་པོ་ཆེ་མཆོག་གི་ཐུན་མོང་ཕྱིའི་རྣམ་ཐར་མདོར་བསྡུས་སུ་བཀོད་པ་འདི་ནི། རྗེ་གང་གི་གསུང་གི་བདུད་རྩིས་བསྐྱངས་པའི་ཞལ་སློབ་ ཤཱཀྱའི་དགེ་སློང་ཐུབ་བསྟན་ངག་དབང་བློ་གྲོས་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོའམ་བསྟན་འཛིན་ལུང་རྟོགས་ཉི་མར་འབོད་པས་རབ་བྱུང་བཅུ་བདུན་པ་ཤིང་སྤྲེལ་ཧོར་ཟླ་གཉིས་པའི་ཡར་ཚེས་བརྒྱད་ཉིན་མཇུག་གྲུབ་པར་བགྱིས་པ་དགེའོ།། །།

 རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།