གླག་བླ་བསོད་ནམས་ཆོས་འགྲུབ།

གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་མཁན་ཆེན་བསོད་ཆོས་རྣམ་གཉིས་ཀྱི་ཐུགས་ཟིན་ཞལ་སློབ། མཁས་པའི་དབང་ཕྱུག་ཐུབ་བསྟན་བཤད་སྒྲུབ་རྒྱལ་མཚན་ནམ་ཡོངས་གྲགས་སུ་གླག་བླ་བསོད་ནམས་ཆོས་འགྲུབ་ཏུ་གྲགས་པའི་བདག་ཉིད་ཆེན་པོ་གང་ཉིད་ནི། འཕགས་པའི་ཡུལ་དུ་ཚད་མ་རིགས་པའི་རྒྱན་མཆོག་དཔལ་ཕྱོགས་ཀྱི་གླང་པོ་དང་། གངས་ཅན་བོད་ཀྱི་ཡུལ་དུ་ཨོ་རྒྱན་ཆེན་པོའི་ཐུགས་སྲས་རྡོ་རྗེ་སྤྲེལ་ཆུང་དང་། མངའ་རིས་པཎྜི་ཏ། ཀཿཐོག་བྱང་ཆུབ་འབུམ་པ། རྫོགས་ཆེན་པདྨ་རིག་འཛིན་སོགས་མཁས་གྲུབ་དུ་མའི་སྐྱེ་སྲིད་དུ་བྱོན་ནས་བསྟན་འགྲོའི་ཕྲིན་ལས་རྒྱ་ཆེར་བསྐྱངས་ཚུལ་རྗེ་ཉིད་ཀྱི་འོད་གསལ་དག་པའི་སྣང་ཉམས་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དང་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་སོགས་ཀྱི་རྡོ་རྗེས་ལུང་གིས་གསལ་བར་བསྔགས་པ་ལྟར་ལ། སྐུ་ཚེ་འདིར་འགྲོ་བའི་དོན་དུ་ཇི་ལྟར་བྱོན་པའི་ཚུལ་ནི། མདོ་སྨད་ཉག་རོང་གི་སའི་སྟོད་ཕྱོགས་ཨ་འཛི་ནམ་ལངས་ཞེས་བྱ་བའི་ཡུལ་ཁམས་དགེ་བཅུའི་སྣང་བའི་དཔལ་གྱིས་ཕྱུག་པའི་ཡུལ་གྲུ་དེར། རབ་བྱུང་བཅུ་བཞི་པའི་རྔ་ཆེན་ཞེས་པ་ཆུ་ཁྱི་ལོ་སྟེ་སྤྱི་ལོ་༡༨༦༢པར་ཡབ་ཚེ་དབང་རྣམ་རྒྱལ་དང་། ཡུམ་པདྨ་ཆོས་མཚོ་གཉིས་ཀྱི་སྲས་སུ་སྐུ་བལྟམས། དགུང་ལོ་བརྒྱད་པར་ཡི་གེའི་ཕྱི་མོའི་ཀློག་བསླབས་པས་བརྡ་ཙམ་གྱིས་ཚེགས་མེད་པར་མཁྱེན་པ་དང་། དེ་མཚུངས་ཐིག་རྡུལ་ཚོན། རྔ་དབྱངས་རོལ་མོ་སོགས་དཀྱིལ་འཁོར་གྱི་ཕྱག་རྒྱ་དང་། བརྡ་སྤྲོད་རྩིས་རིག་སོགས་ཐུན་མོང་གི་གཙུག་ལག་ཀུན་ཀྱང་རྩེད་མོའི་ཞོར་ལ་གཟིགས་པ་ཙམ་རེས་ཐུགས་སུ་ཆུབ་པ་བྱུང་། དགུང་ལོ་བཅུ་དྲུག་པར་ངེས་པར་འབྱུང་བའི་ཐུགས་འདུན་བཅོས་མིན་གྱིས་ཀུན་ནས་བསླངས་ཏེ་གསར་མའི་དགེ་བའི་བཤེས་གཉེན་བློ་བཟང་ཚུལ་ཁྲིམས་ལས་རབ་ཏུ་བྱུང་སྟེ་བློ་བཟང་ཆོས་ཀྱི་གྲགས་པ་ཞེས་མཚན་དུ་གསོལ། འདུལ་བ་གཞི་གསུམ་གྱི་ཕྱག་ལེན་དང་ཐོས་བསམ་གྱི་གནས་ཅི་རིགས་པ་ལ་གསན་སྦྱང་མཛད། དགུང་ལོ་བཅུ་དགུ་པ་ལྕགས་ཕོ་འབྲུག་གི་ལོར་ཟླ་བཤོལ་དང་བཅས་ཉི་ཤུའི་སྟེང་། འདུལ་འཛིན་དམ་པ་ཀེའུ་ཚང་རྡོ་རྗེ་འཆང་ཆེན་ཧོར་བྲག་མགོ་དགོན་དུ་བཞུགས་པའི་དྲུང་ནས་ཁ་ཆེའི་སྡོམ་རྒྱུན་ལས་བསྙེན་པར་རྫོགས་ཤིང་གསར་ཕྱོགས་ཀྱི་ཆོས་འབྲེལ་དུ་མ་གསན། དེའི་རྗེས་སུ་སྔ་འགྱུར་རྙིང་མ་རང་ལུགས་ཀྱི་འདུལ་བསྟན་སྤེལ་བར་དགོངས་པའི་ཐུགས་བསྐྱེད་ཀྱིས་བརྟན་མཁས་ཡོན་ཏན་རྨད་དུ་བྱུང་བ་མཁན་རིན་པོ་ཆེ་ཐུབ་བསྟན་སྐལ་བཟང་ལས་སྨད་འདུལ་མཁན་ཆེན་ཞི་འཚོའི་སྡོམ་རྒྱུན་དུ་སྤོས་པའི་མཚན་ལ་ཐུབ་བསྟན་བཤད་སྒྲུབ་བསྟན་པའི་རྒྱལ་མཚན་ཞེས་གསོལ། དེ་ནས་བཟུང་དམ་ཆོས་འདུལ་གཞུང་རིན་པོ་ཆེ་ལས་ཇི་སྐད་གསུངས་པ་བཞིན་གནང་བཀག་གི་སྲུང་མཚམས་ལས་མ་འདས་པར་ཉེས་ལྟུང་གི་ཆ་ཕྲ་མོས་ཀྱང་གོས་པ་མེད་པས་རྒྱུ་སྐར་གྱི་དབུས་ན་ཟླ་བའི་དཀྱིལ་འཁོར་བཞིན་འདུལ་འཛིན་གསེར་རིའི་ཕྲེང་བའི་དབུས་སུ་ཚུལ་ཁྲིམས་ཀྱི་གཟི་འོད་ལྷམ་མེར་འབར་བ་བྱུང་། དེ་ནས་རང་ཤར་མཁན་པོ་ཀུན་བཟང་བསོད་ནམས་ལས་ཐེག་ཆེན་དབུ་མའི་ལུགས་ཀྱི་བྱང་སྡོམ་མནོས་ཏེ་མིང་དོན་གནས་འགྱུར་བ་ནས་བཟུང་རྒྱལ་སྲས་སེམས་དཔའི་རྣམ་ཐར་ལྷུར་བཞེས་ཀྱིས་བསྟན་འགྲོར་སྨན་པའི་མཛད་པས་དུས་འདའ་བར་མཛད། དགུང་ལོ་ཉེར་གཉིས་པ་ཆུ་ལུག་ལོར་ཐོས་བསམ་དོན་གཉེར་གྱི་འདུན་པ་དྲག་པོས་བསྐུལ་ཏེ་གསང་ཆེན་བསྟན་པའི་ཆུ་འགོ་རུ་དམ་རྫོགས་ཆེན་དཔལ་སེང་གེ་རིའི་ཆོས་གྲྭར་ཕེབས་ཤིང་། སྨྲ་བའི་སེང་ཆེན་འཇམ་མགོན་མི་ཕམ་རྣམ་རྒྱལ་དང་། མཁས་པའི་དབང་ཕྱུག་གླིང་སྤྲུལ་ཐུབ་བསྟན་ཉིན་བྱེད་རྒྱལ་མཚན། མཁན་ཆེན་བསོད་ནམས་ཆོས་འཕེལ་སོགས་ཀྱི་ཞལ་སྔ་ནས་མདོ་སྔགས་ཀྱི་ཆོས་ཚུལ་ལ་གསན་བསམ་ཕྱོགས་མེད་དུ་མཛད་དེ་ཡུན་རིང་བཞུགས་པས་མཁས་པའི་གྲགས་པས་ཕྱོགས་ཀུན་ཁྱབ་པ་བྱུང་། སྔ་ཕྱིར་རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་དང་། ཨོ་རྒྱན་བསྟན་འཛིན་ནོར་བུ། རོང་ཐ་རྒྱལ་སྲས་པདྨ་འཇིགས་མེད་སོགས་གསར་རྙིང་གི་བླ་མ་བཅུ་ཕྲག་ལྷག་བསྙེན་ཞིང་དེ་དག་ལས་བཀའ་གཏེར་གྱི་སྨིན་གྲོལ་དང་། མན་ངག་གི་གདམས་ཁྲིད། གཞུང་ལུགས་ཀྱི་བཤད་པ་སོགས་ཆོས་ཚུལ་བདུད་རྩིའི་བཅུད་ཀྱིས་ཐུགས་རྒྱུད་ཀྱི་བུམ་པ་ཡོངས་སུ་གང་བར་མཛད། དེ་ནས་ཕྱིར་རང་ཡུལ་དུ་ཕེབས་བཞེད་དགོངས་ཚེ་རྫོགས་ཆེན་ཡིད་བཞིན་ནོར་བུ་ལྔ་པ་ཆེན་པོས་མ་དགོན་རྫོགས་ཆེན་གདན་སའི་མཁན་རབས་ཀྱི་གསེར་ཁྲིར་བཞུགས་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་ན་ཕྲིན་ལས་རྒྱ་ཆེར་འབྱུང་ཞེས་གསུངས་ཀྱང་། རྗེ་ཉིད་གྲྭ་སའི་ཁ་འཛིན་ལ་སྔོན་ནས་མི་དགྱེས་ཚུལ་དང་དབེན་རིར་སྒྲུབ་པའི་རྒྱལ་མཚན་བཙུགས་བཞེད་སོགས་ཀྱིས་དགོངས་ཁྲོལ་གནང་བར་ཞུས་པས། འོ་ན་རྟེན་འབྲེལ་གྱི་སྣ་ཁ་མི་ལོག་ཕྱིར་འཇམ་དབྱངས་བསྟོད་པ་གང་བློ་མའི་འགྲེལ་པ་ཞིག་བྲིས་ལ་བཤད་ཁྲིད་མཛོད་དང་ཆོག་ཅེས་གསུངས་པ་ལྟར་ལྡེབ་གྲངས་ལྔ་བཅུ་ལྷག་ཅན་གྱི་འགྲེལ་པ་མཛད་དེ་ཉིན་གྲངས་དུ་མར་བཤད་ཁྲིད་གནང་། དེ་ནས་བྲག་ལྷ་རྫོང་དགོན་ཐུབ་བསྟན་བཤད་སྒྲུབ་འཕེལ་རྒྱས་གླིང་དུ་ཞབས་སེན་བཀོད་ནས་གྲུབ་དབང་རྫོགས་ཆེན་པའི་རིང་ལུགས་ལྟར་བསྟན་རྩ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་བཙུགས་ནས་མི་ལོ་བཅུ་གསུམ་བར་སྐུ་དངོས་ཀྱིས་དབྱར་གནས་མཁན་པོ་གནང་ཞིང་ལོ་ལྟར་སྡོམ་གསུམ་དང་ཚུལ་ཁྲིམས་རྣམ་དག་གི་མདོ་ཆད་མེད་དུ་གསུངས། དེ་བཞིན་ཆོས་དོན་གཉེར་བའི་སློབ་ཚོགས་བགྲང་ལས་འདས་པ་ལ་སྤྱོད་འཇུག་དང་སྒྱུ་འཕྲུལ་གསང་བ་སྙིང་པོས་མཚོན་མདོ་སྔགས་ཀྱི་འཆད་ཁྲིད་བར་མེད་དུ་བསྩལ་ཅིང་། ཁྱད་པར་དབུ་ཕར་གྱི་དཀའ་བའི་གནད་ཀུན་ལ་རྫོགས་ཆེན་ཤྲཱི་སེང་ཆོས་གྲྭའི་བཤད་སྲོལ་ཐུན་མིན་ཏེ་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་དང་། མཁན་ཆེན་པདྨ་བཛྲ། འཇམ་མགོན་མི་ཕམ་རིན་པོ་ཆེ་སོགས་ཀྱིས་རྩལ་འདོན་གནང་བའི་རང་ལུགས་སྔ་འགྱུར་རང་རྐང་གི་གྲུབ་མཐའི་བཞེད་མཚམས་ཀུན་དགག་སྒྲུབ་ཀྱི་དབྱེ་འབྱེད་ཞིབ་མོས་གཏན་ལ་ཕབ་སྟེ་འཆད་རྩོད་ཀྱི་སྒོ་ནས་རྒྱ་ཆེར་སྤེལ་བ་དང་། ཕྱི་རབས་བསྟན་པའི་བཙས་སུ་དགོངས་ཏེ་དབུ་མ་རིན་ཆེན་ཕྲེང་བའི་འགྲེལ་ཆེན་ལུང་གི་གསལ་བྱེད། སྤྱོད་འཇུག་ལུང་བཏུས་དང་ཤེར་ལེའུ་དཀའ་འགྲེལ། ཤེར་ཕྱིན་སྤྱི་དོན། ཨ་རོའི་ཐེག་ཆེན་ཚུལ་འཇུག་གི་འགྲེལ་པ། དཔལ་གསང་བ་སྙིང་པོའི་བསྡུས་དོན་དང་དཀའ་གནད་དོགས་སེལ། འཇུག་པ་དང་རྒྱུད་བླའི་མཐའ་དཔྱད། བརྒལ་ལན་གནམ་ལྕགས་ཐོག་མདའ་དང་། དྲིས་ལན་ལུང་རིགས་འབྲུག་སྒྲ་སོགས་གསུང་འབུམ་རིན་པོ་ཆེ་གླེག་བམ་ལྔའི་བདག་ཉིད་ཅན། མདོ་སྔགས་གཞུང་འགྲེལ་གྱི་སྡེ་ཚན། དཀའ་གནད་དོགས་སེལ་གྱི་སྡེ་ཚན། སྒྲུབ་འཕྲིན་ཆོ་གའི་སྡེ་ཚན། ཞལ་གདམས་ཉམས་མགུར་གྱི་སྡེ་ཚན། སྣ་ཚོགས་ཉེར་མཁོའི་སྡེ་ཚན་བཅས་ཕལ་བའི་ཡིག་ཚོགས་ཀྱི་ཕུང་པོ་ཙམ་མིན་པར་རང་ལུགས་ཀྱི་གྲུབ་མཐའི་འཛིན་མཚམས་གསལ་ཞིང་དཔྱིས་ཕྱིན་པ། རྗོད་བྱེད་ཚིག་དང་བརྗོད་བྱ་དོན་གྱི་ཆ་ཐམས་ཅད་དཔྱད་གསུམ་ཚད་མས་གཏན་ལ་ཕབ་པས་རྣམ་པར་དག་ཅིང་། ཚིག་གི་སྦྱོར་བ་སྡེབ་ལེགས་པ། དོན་གྱི་བརྗོད་བྱ་གཏིང་ཟབ་པ། དམ་བཅའི་མདུད་པ་རྒྱ་དམ་པ། ལུང་གི་རི་བོ་རྨང་བརྟན་པ། རིགས་པའི་མེ་ལྕེ་དབལ་ཚ་བ་བཅས་དེང་གི་དུས་མཇལ་བའི་སྐལ་བ་དང་ལྡན་པ་ལགས་ན་རྗེས་སུ་འཇུག་པ་ཀུན་ཀྱིས་མཁས་ཚུལ་གསུམ་གྱི་མཛད་པས་ཕྲིན་ལས་ཆུད་མི་ཟ་བར་ཕྱོགས་ཀྱི་མུ་མཐའ་ཀུན་ཏུ་སྤེལ་བར་ཞུ་ཞེས་གསོལ་བ་འདེབས་པ་ལགས་སོ། །དེ་ནས་དགུང་གྲངས་ལྔ་བཅུ་སྐོར་ན་ཕྱོགས་ཀྱི་སྐྱེ་འགྲོ་རྣམས་ཀྱི་དོན་དུ་ཁམས་སྡེ་དགེའི་ཡུལ་ཁམས་དང་། ཉག་ཡུལ་སྟོད་སྨད། མི་ཉག་སོགས་ལ་ཕེབས་ནས་ཁྱིམ་པ་རྣམས་ལ་དགེ་སྒྲུབ་སྡིག་སྤོང་གི་བསླབ་བྱ་དང་། སྨྱུང་གནས་མ་ཎི་བདེ་ཆེན་ཞིང་སྒྲུབ་སོགས་ཀྱི་རྒྱུན་གསར་དུ་བཙུགས་ནས་རྐུ་ཇག་རྔོན་བདའ་སྲོག་གཅོད་སྤང་བ་བཅས་ཀྱི་དགེ་བསྐུལ་གནང་། དེ་བཞིན་བེ་ལོ་རི་ཁྲོད། རང་ཤར་དགོན། གེ་རི་དགོན། རྨེ་གཞུག་གསེར་མཁར་སོགས་རི་ཁྲོད་དགོན་གནས་དུ་མར་ཕེབས་ཏེ་ཐོག་མའི་ཆོས་ཀྱི་འཇུག་སྒོ་བློ་ལྡོག་རྣམ་བཞི་ནས་ཐེག་རྩེ་ཨ་ཏིའི་གསང་ལམ་རིག་སྟོང་ཆོས་སྐུའི་དགོངས་པ་ལ་བཀྲི་བའི་ཟབ་ཁྲིད་བསྩལ་ཏེ་སྐལ་དང་ལྡན་པ་རྣམས་སྨིན་ཅིང་གྲོལ་བའི་ས་ལ་བཀོད། དགུང་ལོ་རེ་ལྔ་པར་བྱ་བྲལ་སྒོ་གཅིག་བརྟུལ་ཞུགས་ཀྱི་མཛད་པ་ལྷུར་བཞེས་ཀྱིས་མཁར་སྒང་འཆི་མེད་རི་ཁྲོད་དུ་ཕེབས་ནས་སྒོ་གསུམ་གྱི་བྱ་བ་དགུ་ཕྲུགས་སུ་བཏང་སྟེ། མི་ལོ་བདུན་ལ་སུ་དང་ཐུག་འཕྲད་མ་མཛད་པར་ཉིན་མཚན་ཀུན་ཁོར་ཡུག་ཏུ་ཀ་དག་ཁྲེགས་ཆོད་ཀྱི་ལྟ་བའི་མཐའ་བཅད་ཅིང་། ལྷུན་གྲུབ་ཐོད་རྒལ་གྱི་སྒོམ་པའི་ངང་བསྐྱངས་ཏེ་བཞུགས་པས་གྲུབ་པའི་རྒྱལ་ས་མཐོན་པོར་གཤེགས། མདོར་ན་རྗེ་འདིའི་སྐུ་ཚེ་རིལ་པོར་གཞན་དོན་དུ་འཆད་རྩོད་རྩོམ་གསུམ། རང་དོན་དུ་ཐོས་བསམ་སྒོམ་གསུམ། གཉིས་དོན་དུ་བཤད་སྒྲུབ་ལས་གསུམ་སྟེ་དམ་པའི་ཚུལ་དགུའི་མཛད་པས་བསྟན་དང་འགྲོ་ལ་སྨན་པའི་ཕྲིན་ལས་ཤ་སྟག་བསྐྱངས་ནས། མཐར་དགུང་གྲངས་གྱ་གསུམ་བཞེས་པ་ཤིང་ཕོ་སྤྲེལ་ལོའི་ཧོར་ཟླ་བཅུ་གཅིག་པའི་ཚེས་ཉེར་ལྔའི་ཉིན་ན་བཟའ་གཙང་མ་མནབས་ཏེ་སེང་གེ་ཉལ་སྟབས་ཀྱིས་དར་ཅིག་གཟིམས་པའི་ཚུལ་གྱིས་དགོངས་པ་ཆོས་དབྱིངས་སུ་གཏད། དེ་ནས་སླར་བཞེངས་ཏེ་ཡ་མཚན་པའི་སྤྱོད་པ་ཅི་རིགས་གནང་ཞིང་ཧོར་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཀྱི་ཉི་ཤར་སྐབས་འཆི་བྲོད་ཀྱི་གདེང་ཚད་རྙེད་པའི་རྟགས་སུ་བཞད་མོ་དང་བཅས་གདོད་མའི་ནང་དབྱིངས་སུ་ཞི་བར་གཟིམས་པའི་ཚུལ་བསྟན་ཏོ། །ད་དུང་དེ་ལས་ཞིབ་པའི་རྣམ་ཐར་མཁྱེན་པར་བཞེད་ཚེ་ཐུགས་སྲས་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི་ཕྱིའི་རྣམ་ཐར་རྗེས་འཇུག་དང་བ་འདྲེན་པའི་དགའ་སྟོན་སོགས་ལ་གཟིགས་པར་འཚལ།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།