མི་འགྱུར་ནམ་མཁའི་རྡོ་རྗེ་དང་རྒྱལ་སྲས་གཞན་ཕན་མཐའ་ཡས་རྣམ་གཉིས་ཀྱི་ཐུགས་སྲས། དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་སླར་ཡང་དགེ་བའི་བཤེས་གཉེན་གྱི་ཟོལ་དུ་གསང་ཆེན་སྔ་འགྱུར་གྱི་བསྟན་པ་རིན་པོ་ཆེ་སྤེལ་བར་མངོན་སུམ་དུ་བྱོན་པ་རྗེ་དབོན་མཁས་པ་ཆེན་པོ་ཨོ་རྒྱན་བསྟན་འཛིན་ནོར་བུ་ནི། མདོ་ཁམས་རྫ་རྒྱུད་དུ་གྲགས་པའི་ཡུལ་གྱི་བྱེ་བྲག་དགེ་མང་སྐམ་ཆུང་ལུང་པ་ཞེས་འབོད་པའི་སའི་ཐིག་ལེར། ཡབ་དགེ་རྩེའི་ཨ་དོན་གྱི་རིགས་རྒྱུད་ལས་བསོད་ནམས་དར་རྒྱས་ཞེས་པ་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱི་ཁུ་བོར་གྱུར་པ་དེ་ཉིད་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ལྕགས་གླང་ལོ་སྟེ་སྤྱི་ལོ་༡༨༤༡པར་སྐུ་བལྟམས། སྐུ་ཆུང་ངུ་ནས་དད་བརྩོན་དྲན་ཏིང་ཤེས་རབ་སོགས་འཕགས་པའི་ཆོས་ལྷན་སྐྱེས་སུ་མངའ་བས་རྒྱལ་སྲས་གཞན་ཕན་མཐའ་ཡས་ཀྱིས་ཐུགས་གཙིགས་ཆེན་པོས་སྐུ་འཁྲིས་སུ་ཉར་ཏེ་རུ་དམ་གདན་ས་ནས་སྐུ་ནར་སོན། དགུང་གྲངས་བཅུ་གསུམ་པར་མཁན་པོ་ཁུ་བོ་སྐྱབས་རྗེ་བླ་མ་ཐུབ་བསྟན་པདྨ་རྒྱས་པའི་ཉིན་བྱེད་དང་། ལས་ཀྱི་སློབ་དཔོན་ཐུབ་བསྟན་ཉིད་བྱེད་རྒྱལ་མཚན་དཔལ་བཟང་ལས་རབ་ཏུ་བྱུང་ནས་ཡོན་ཏན་ཐམས་ཅད་ཀྱི་གཞི་རྟེན་ཚུལ་ཁྲིམས་ཀྱི་བསླབ་པས་རྒྱུད་ཡོངས་སུ་བསྡམས། ཁུ་བོ་སྐྱབས་རྗེ་གཞན་ཕན་མཐའ་ཡས་མཆོག་རྗེ་འདི་དགུང་ལོ་བཅོ་ལྔ་ལ་སོན་སྐབས་བར་ཆད་ཀྱིས་སྐུ་གཤེགས་པས་མདོ་ཕྱོགས་ཀཱ་རི་ཀ་ལྔ་བཅུ་པ་ཙམ་དང་། སྔགས་ཕྱོགས་རྫོགས་པ་ཆེན་པོ་ཀློང་ཆེན་སྙིང་ཐིག་གི་སྔོན་འགྲོ་དང་དངོས་གཞིའི་བར་གྱི་རྒྱུད་ལུང་མན་ངག་དང་བཅས་པ་རྫོགས་པར་གསན་གྲུབ་པ་བྱུང་། གཞན་ཕན་མཐའ་ཡས་སྐུ་གཤེགས་རྗེས་དམ་འདིས་སྐྱོ་གདུང་མོས་གུས་དྲག་པོས་གསོལ་བ་བཏབ་པ་ན། སྐྱབས་རྗེ་མཆོག་སྐུ་པནྜི་ཏའི་ཆ་བྱད་ཅན་སྤྲིན་དཀར་འཇའ་འོད་འཁྲིགས་པའི་ཀློང་ནས་ཞལ་གཟིགས་ཏེ། བུ་ཁྱོད་མྱ་ངན་མ་བྱེད། ང་རང་ཡུན་དུ་བསྡད་ཀྱང་འདི་ལས་ལྷག་པའི་གདམས་པ་སྟོན་རྒྱུ་མེད་གསུངས་ཏེ་འདས་རྗེས་བསྩལ་བ་སྔར་མགོན་པོ་རྡོ་རྗེ་ལ་གསུང་པའི་རིག་འཛིན་སྙན་བརྒྱུད་ཁོ་ན་ལྟར་འདུག་པ་དམ་པ་འདིའི་ཐུགས་ལ་པར་བཏབ་པ་བཞིན་གྱུར། གཞན་ཡང་སྣང་བཞི་མཐར་ཕྱིན་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ལས། མཛོད་ཆེན་བདུན་དང་། སྙིང་ཐིག་མ་བུའི་དབང་ལུང་། རྒྱ་བོད་མཁས་པ་མི་བཞིའི་དགོངས་ཉམས་ཅན་བཀའ་བརྒྱད་དང་། ཕུར་ཊཱིཀ་འབུམ་ནག་ཆེན་མོ། མངའ་བདག་ཡབ་སྲས་དང་སྨིན་གླིང་ཉི་གྲགས་སོགས་ཀྱི་གཏེར་ཆོས་གསར་རྙིང་བཅས་ཟབ་ཆོས་སྤྱི་དང་། ཁྱད་པར་རྗེ་དེ་ཉིད་ལ་ཀུན་མཁྱེན་ཆེན་པོས་ཞལ་གཟིགས་རྗེས་བཟུང་སྐབས་མནོག་ཆོས་སུ་བསྩལ་བའི་ཤིན་ཏུ་ཉེ་བརྒྱུད་ཡང་ཏིག་ཡིད་བཞིན་ནོར་བུའི་སྨིན་ཁྲིད་གཏད་རྒྱ་དང་བཅས་པ་གནང་ནས་དོན་གྱི་བརྒྱུད་འཛིན་དུ་མངའ་གསོལ་བ་དང་། དགོངས་པ་ཆོས་སྐུར་གཤེགས་རྗེས་ཀྱང་ཞལ་གཟིགས་རྗེས་བཟུང་གི་འདས་རྗེས་རྗེ་འདི་ལ་བབ། མཁན་ཆེན་པདྨ་བཛྲ་དང་། གླིང་སྤྲུལ་ཐུབ་བསྟན་རྒྱལ་མཚན་དཔལ་བཟང་གཉིས་ཀྱི་དྲུང་ནས། རྒྱལ་བཀའ་རིན་པོ་ཆེ་རྙིང་རྒྱུད་དང་བཅས་པ། བསྟན་འགྱུར་གྱི་ནང་ནས་ལུང་རྒྱུན་གང་བཞུགས། བླ་མ་དགོངས་པ་འདུས་པ། རོང་ཟོམ་བཀའ་འབུམ་བཅས་ཀྱི་བཀླག་ལུང་རྣམས་གསན། རིགས་བདག་མཚུངས་མེད་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ་ལས། སྤྱོད་འཇུག བསླབ་བཏུས། དབུ་མ་རིགས་ཚོགས། མདོ་རྒྱན། ཤེར་ཕྱིན། རྒྱུད་བླ། མངོན་པ་མཛོད། འདུལ་བ་སོགས་རྒྱ་བོད་མཁས་པའི་འགྲེལ་ཆེན་ཁག་གི་སྟེང་ནས་བཤད་ཁྲིད་རྒྱས་པ་དང་། གཞན་ཡང་མདོ་སྡེ་མཛངས་བླུན། ཟ་མ་ཏོག །བསོད་ནམས་སྟོབས་ཀྱི་རྟོགས་བརྗོད། ཡོན་ཏན་མཛོད། མདོ་སྔགས་སྨོན་ལམ། སྡོམ་གསུམ་རྣམ་ངེས་སོགས་ཀྱི་བཤད་ཁྲིད་ཞིབ་རྒྱས་མཐར་ཆགས་སུ་ཤྲཱི་སེང་ཆོས་གྲྭར་བཞུགས་སྐབས་གསན་པས་རང་ལས་ལྷག་པའི་ཐུགས་སྲས་བཞི་ལས་བཤད་པ་རང་ལས་ལྷག་པ་ཨོ་རྒྱན་བསྟན་འཛིན་ནོར་བུ་ཞེས་ཡོངས་སུ་གྲགས། གཞན་ཡང་སྔ་ཕྱི་ཅི་རིགས་པར་ས་སྡེ་སོགས་འཕགས་ཡུལ་གྱི་ལེགས་བཤད་གྲགས་ཆེ་བ་ཕལ་མོ་ཆེ་དང་། རྒྱུད་རྒྱལ་གསང་བ་སྙིང་པོ་དང་། དཔལ་དུས་ཀྱི་འཁོར་ལོ། ཀུན་མཁྱེན་མཛོད་བདུན། སྙིང་ཐིག་ཡ་བཞི། འཇིགས་གླིང་བཀའ་འབུམ་སོགས་ཀྱི་བཤད་པ་གསན་ཞིང་རྗེ་འདི་ཉིད་ཀྱི་མདུན་ནས་སྒྲོ་འདོགས་བཅད། །རྗེ་ཉིད་ཀྱི་ཞལ་ནས། ཁོ་བོའི་བླ་མ་རྣམས་ཡོན་ཏན་གྱི་ངོས་ནས་ཁྱད་པར་མེད་པ་སར་གནས་ཀྱི་འཕགས་པ་ཤ་སྟག་ཡིན། བཀའ་དྲིན་གྱི་ངོས་ནས་གཞལ་ན་ཨ་བུ་བཀའ་དྲིན་ཅན་གྱི་བཀའ་དྲིན་ལྟ་བུ་ཞིག་སྲིད་པ་གསུམ་ནའང་ཡོད་པ་མ་ཡིན་ཞེས་ཕྱག་ཐལ་མོ་སྦྱར་ཏེ་སྤྱན་ཆབ་ཉིལ་གྱིས་གནང་བ་དང་། ངས་མདོ་སྔགས་ཀྱི་གཞུང་ག་འདྲ་ཞིག་མཇལ་ཡང་རྩ་བ་བླ་མའི་རྣལ་འབྱོར་ཉག་གཅིག་དང་། བྱང་ཆུབ་སེམས་སུ་སྡུད་ཤེས་པ་ཨ་བུ་བཀའ་དྲིན་ཅན་གྱི་ཐུགས་རྗེ་ཡིན་ཞེས་རྒྱུན་དུ་གསུངས། དེ་བཞིན་འཇམ་པའི་དབྱངས་དངོས་མཁྱེན་བརྩེའི་དབང་པོ་ལས། ཀློང་ཆེན་སྙིང་ཐིག་གི་ཁྲིད་དབང་རྒྱབ་ཆོས་ཁ་སྐོང་དང་བཅས་པ། ཡོན་ཏན་མཛོད་ཀྱི་འགྲེལ་བ་ཤིང་རྟ་རྣམ་གཉིས། དབུ་སེམས་སྲོལ་གཉིས་ཀྱི་སེམས་བསྐྱེད་འབོག་ཆོག ཕུར་པ་འབུམ་ནག་སོགས་ཀྱི་དབང་ལུང་། དགའ་རབ་སྙིང་ཐིག་གི་དབང་ལུང་རྣམས་རྫོགས་པར་གསན། གཏེར་ཆེན་མཆོག་གྱུར་གླིང་པ་རུ་དམ་དུ་ཕེབས་སྐབས་རྫོགས་ཆེན་གསེར་ཞུན་སོགས་དབང་ཆོས་དུ་མ་གནང་བ་ཡང་གསན། མཚམས་སྤྲུལ་ཀུན་བཟང་ཐེག་མཆོག་རྡོ་རྗེ་ལས་སྙིང་ཐིག་སྔོན་འགྲོ་སོགས་དང་། གྲུབ་ཆེན་བསོད་ནམས་དཔལ་དགེ་ལས་སྙིང་ཐིག་རྩ་རླུང་དམར་ཁྲིད་སོགས་དང་། དགེ་མང་གཅོད་པ་འཇིགས་མེད་ཐབས་མཁས་ལས་གཅོད་ཡུལ་ཕྱི་ནང་མན་ངག་ཡོངས་རྫོགས་དང་། བླ་མ་དམ་པ་སྨྱོ་ཤུལ་ལུང་རྟོགས་བསྟན་པའི་ཉི་མ་ལས་སེམས་ཉིད་ངལ་གསོའི་བཤད་པ་དང་། གཞན་ཡང་ཆོས་རྗེ་མི་ཕམ་པ། དགེ་རྩེ་ལྷ་རམས་པ། དགེ་བཤེས་བྱམས་པ་ཕུན་ཚོགས། མཁན་པོ་བློ་རྣམ་སོགས་མཁས་པའི་ཕུལ་དུ་བྱུང་བ་རྣམས་དང་ཕན་ཚུན་དོགས་བཅད་སོགས་ཆོས་ཀྱི་དགའ་སྟོན་སྤེལ་རེས་ཀྱིས་མཁས་པའི་གྲགས་པ་མཁས་པས་འདོན་པར་མཛད། མདོར་ན་སྔ་ཕྱི་ཀུན་ཏུ་མཁས་གྲུབ་ཀྱི་བླ་མ་ཉེར་ལྔ། དེ་དག་ལས་བཀའ་དྲིན་གསུམ་ལྡན་གྱི་བླ་མ་བཅུ་གསུམ། དེ་ལས་ཀྱང་ཉི་ཟླ་ལྟར་གྲགས་པའི་རྒྱལ་སྲས་གཉིས། འགྲན་ཟླ་བྲལ་བའི་འཕགས་ཆེན་གཅིག །བཀའ་དྲིན་མཆོག་ཏུ་གྱུར་པའི་རྡོ་རྗེ་འཆང་ཆེན་པོ་གཅིག་བཅས་གྲུབ་བརྙེས་ཀྱི་རིག་འཛིན་དུ་མ་མཉེས་པ་གསུམ་གྱི་སྒོ་ནས་ལེགས་པར་བསྟེན་ཏེ་ཐོས་པ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་ཏེ་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཏུ་གྱུར། དེ་ལྟར་གསན་པ་རྣམས་ཀྱང་སྒྲུབ་བརྒྱུད་གོང་མའི་ཕྱག་བཞེས་བཞིན་ཉམས་ལེན་གྱི་སྲང་ལ་མ་གཞལ་བ་མེད་པ་མཛད་ཅིང་། ཁྱད་པར་མི་ལོ་བཅུ་གཉིས་སུ་བྱང་ཆུབ་སེམས་ཀྱི་གཞི་བཟུང་ཞིང་ཁྲེགས་ཆོད་ཐོད་རྒལ་གྱི་གཞུང་བསྲིངས་ཏེ་བསྒོམས་པས་སྣང་བཞིའི་ཡེ་ཤེས་མཐའ་རུ་ཕྱིན་ཅིང་། ཤེས་རབ་རང་བྱུང་གི་སྒྲོན་མའི་རྩལ་རྫོགས་པས་ཆོས་གཏེར་འབུམ་ཕྲག་ཐུགས་ལས་བརྡོལ་བ་དང་། གུ་རུ་རིན་པོ་ཆེ་སོགས་ལྷག་ལྷ་རབ་འབྱམས་ཀྱི་ཞལ་གཟིགས་ཐོབ་པ་སོགས་འབྲས་བུའི་དྲོད་རྟགས་མངོན་དུ་གྱུར། དམ་པའི་ཆོས་འདུལ་གཞུང་རིན་པོ་ཆེ་ལས་ཇི་ལྟར་བསྟན་པ་བཞིན་གནང་བཀག་གི་གནས་ཕྱག་ལེན་མཛད་པས་སྐུ་ཤིན་ཏུ་བཙུན་ཞིང་འདུལ་བ་འཛིན་པའི་མཆོག་ཏུ་བསྔགས། ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེས་དབུས་ལྷན་རྒྱས་རུ་དམ་དབེན་ཁྲོད་དུ་བཞུགས་སྐབས། དཔལ་སྤྲུལ་རིན་པོ་ཆེའི་ཞལ་ནས། སྔོན་བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་དུས་སྦྱངས་ཡོན་ལ་གནས་པའི་དགྲ་བཅོམ་པ་རྣམས་དབྱར་གནས་ལ་བཞུགས་པ་བཞིན་བདག་ཅག་ཀྱང་དེ་ལྟར་བྱེད་དགོས་ཞེས་རྗེ་འདིས་མཁན་པོ་མཛད་ནས་ཤིང་དྲུང་སོགས་སུ་དབྱར་ཁས་ལེན་མཛད། སྐྱབས་མགོན་རྒྱལ་སྲས་གཞན་ཕན་མཐའ་ཡས་པའི་གདན་ས་ཤྲཱི་སེང་ཆོས་གྲྭ་ལགས་ཕྱིར་མཁན་ཆེན་པདྨ་བཛྲ་སོགས་ཐུགས་སྲས་རྣམས་ཀྱིས་གདན་ས་སྐྱོང་བར་བསྐུལ་ཡང་མི་ཆོས་ཀྱི་མཐུན་འཇུག་དང་གདན་སའི་རྣམ་དཔྱོད་སོགས་ལ་མི་དགྱེས་པས་ཆོས་རྗེ་དཔལ་སྤྲུལ་རིན་པོ་གར་བཞུགས་ཀྱི་ཕྱོགས་སུ་ཉེ་བར་སྒྲུབ་པ་ཁོ་ན་མཛད་ནས་བཞུགས། སྐུ་ཚེའི་སྨད་ཙམ་ན་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེའི་བཀས་བསྐུལ་བ་ལྟར་ཤྲཱི་སེང་ཆོས་གྲྭར་ཕེབས་ནས་སྤྱོད་འཇུག དབུ་མ་རྩ་བ། འཇུག་པ། སྡོམ་གསུམ། ཡིད་བཞིན་མཛོད་སོགས་གཞུང་བཤད་དང་། གྲུབ་དབང་ལྔ་པ་དང་སྐྱབས་རྗེའི་ཡང་སྲིད་དབུས་བླ་སྤྲུལ་རྣམས་ལ་ཀློང་ཆེན་ཡབ་སྲས་ཀྱི་གདམས་ཁྲིད་གང་ཟབ་རྣམས་བསྩལ་ཅིང་། རྫོགས་ཆེན་ལྔ་པའི་མཛད་པ་འདི་ལྟ་བུ་སྙིགས་མའི་དུས་འདིར་འོངས་དཀའ། འདི་སར་གནས་འཕགས་པ་ཆེན་པོ་ཞིག་ཡིན་པ་གདོན་མི་ཟའོ་ཡང་ཡང་གསུངས་པ་ཤིང་ཕྱག་ཐལ་མོ་སྦྱར་བར་མཛད། སྐུ་ཚེ་གང་བོར་རྫོགས་ཆེན་རི་ཁྲོད་དང་། རྫ་དགོན་རི་ཁྲོད་གཉིས། ཁྲ་མ་ལུང་། ལྕང་མ་རི་ཁྲོད། རྔ་སྐེ་རི་ཁྲོད། དགེ་མང་རི་ཁྲོད་བཅས་སུ་བཞུགས་པ་ལས་དགོན་གྲོང་དུ་བཞུགས་པར་གཏན་ནས་ཐུགས་མི་དགྱེས། དགུང་གྲངས་ལྔ་བཅུ་རྩ་བརྒྱད་ཀྱི་བར་གསོལ་ཇ་རང་གིས་སྐོལ་མཛད་པ་ལས་མདུན་ན་གྲྭ་པ་གཅིག་ཀྱང་མི་འཇོག་པ་སོགས་བྱ་བྲལ་གྱི་སྤྱོད་པ་ཁོ་ན་ལྷུར་བཞེས། དེ་ནས་གཞན་དོན་དུ་ཆོས་འཁོར་བསྐོར་བའི་རིམ་པ་ནི། སྟོད་དབུས་གཙང་གི་ཡུལ་གྲུ་མན་ཆད་ནས་སྨད་རྒྱ་སོག་གི་བར་གྱི་ཆོས་དོན་གཉེར་བ་ཀུན་ལ་ཉིན་རེ་བཞིན་གསོལ་ཇ་བཞེས་པའི་ལོང་ཁོམ་ཡང་མེད་པར་ཆོས་ཐུན་ལྔ་རེ་ཙམ་བསྟར་ཆགས་སུ་གནང་བ་སྟེ། སྔ་ཕྱིར་སྤྱོད་འཇུག་ཚར་ཉིས་བརྒྱ་ལྷག་ཙམ་དང་། དབུ་མ་རྩ་བ་ཤེས་རབ་ཚར་ཉེར་ལྔ། འཇུག་པ་ཚར་བཅུ་དགུ། མདོ་རྒྱན་ཚར་སུམ་ཅུ་རྩ་དགུ། ཤེར་ཕྱིན་ཚར་བཅུ་དྲུག །རྒྱུད་བླ་ཚར་སུམ་ཅུ་རྩ་བརྒྱད། འབྱེད་གཉིས་ཚར་བདུན་བརྒྱད་རེ། འདུལ་བ་མདོ་རྩ་ཚར་གཅིག །སྡོམ་གསུམ་ཚར་སུམ་ཅུ་རྩ་བརྒྱད། མངོན་པ་མཛོད་ཚར་ལྔ། ཚད་མ་རིགས་གཏེར་ཚར་གཅིག ཡིད་བཞིན་མཛོད་ཚར་དགུ། སེམས་ཉིད་ངལ་གསོ་ཚར་བཅུ་གསུམ། གྲུབ་མཐའ་མཛོད་ཚར་གཅིག །སྒྱུ་འཕྲུལ་གསང་སྙིང་ཚར་ཉི་ཤུ། ཡོན་ཏན་མཛོད་ཚར་བཞི་བཅུ། གཞན་ཡང་དཀོན་མཆོག་རྗེས་དྲན། དགེ་ཚུལ་ཀཱ་རི་ཀ །སྡོམ་པ་ཉི་ཤུ་པ། སྐྱབས་འགྲོ་བདུན་ཅུ་པ། ཆགས་མེད་བདེ་སྨོན། གྲུབ་མཐའི་རྒྱས་བཤད་སྣ་ཚོགས། མཁས་བྱའི་གནས་དྲུག ལམ་གཙོ་རྣམ་གསུམ། ཞེན་པ་བཞི་བྲལ། ཕྱག་ཆེན་ལྔ་ལྡན། འདུལ་བའི་བསྟོད་པ། བཟང་སྤྱོད། སྨོན་ལམ་བདུན་ཅུ་བ། ཤེས་རབ་བསྡུས་པའི་སྡོམ་བྱང་། བཤེས་པའི་སྤྲིངས་ཡིག སྒྲ། སྙན་ངག སྨན། རྩིས་དཀར་ནག སུམ་རྟགས། དཀྱིལ་འཁོར་དང་མཆོད་རྟེན་སོགས་ཀྱི་ཐིག་རྩ་བློས་བསླངས་སོགས་ཀྱང་ལན་གྲངས་ཤིན་ཏུ་མང་པོ་དང་། ཐུན་མིན་གྲོལ་ཁྲིད་སྐོར་ལ། སྙིང་ཐིག་སྔོན་འགྲོ་དང་ཁྲིད་ཡིག་ཆེན་མོ། སེམས་སྦྱོང་བདུན་མ། བསྐྱེད་རིམ་འོག་མིན་བགྲོད་པའི་ཐེམ་སྐས། རྩ་རླུང་། ཁྲིད་ཡིག་ཡེ་ཤེས་བླ་མ་རྒྱབ་ཆོས་ཡོངས་རྫོགས། ཀུན་བྱེད་རྒྱལ་པོའི་ཁྲིད། བར་དོ་དྲུག་ཁྲིད། གཅོད་ཁྲིད་སྣ་ཚོགས་བཅས་ཁྲིད་ཡིག་འདི་དག་ལན་གྲངས་མང་པོར་གསུངས་ཏེ་ཉམས་ལེན་མཛད་དུ་བཅུག་པས་སྒྲུབ་རྒྱུད་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད། དེ་ལྟར་རྒྱལ་བསྟན་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་བཤད་དང་སྒྲུབ་པས་འཛིན་སྐྱོང་སྤེལ་བའི་མཁས་ཚུལ་བཟང་པོའི་མཛད་པ་ཕྱོགས་བྲལ་དུ་བསྐྱངས་པས། མེ་ཏོག་གི་ཚལ་ལ་བུང་བ་བཞིན་སློབ་ཚོགས་སྡེ་སྣོད་འཛིན་པ་ནམ་མཁའི་སྐར་ཚོགས་ལྟར་འདུས་ཤིང་། ཐུགས་སྲས་མཁས་པའི་དབང་ཕྱུག་རྣམ་བཞི་སྟེ། གཞན་དགའ་དང་ཡོན་དགའ་རྣམ་གཉིས། ཀུན་བསོད་དང་ཀུན་དཔལ་རྣམ་གཉིས་བཅས་ཀྱིས་དུས་ཐོག་གཅིག་ཏུ་སྐྱོར་སྦྱང་མཛད་པ་སོགས་འཆད་རྩོད་རྩོམ་གསུམ་གྱི་སྣང་བས་འཕགས་པའི་ཡུལ་གྱི་ནཱ་ལེན་ཌའི་ཆོས་སྡེ་གཉིས་པ་ལྟར་བྱུང་། དེང་གི་དུས་འདིར་གསང་ཆེན་སྔ་འགྱུར་བའི་བསྟན་པ་ཞེས་བཤད་སྒྲུབ་མདོ་སྔགས་ཟུང་འཇུག་གི་ལམ་བཟང་སའི་སྟེང་ན་ཉམས་པ་མེད་པར་བཞུགས་པ་ནི་དེ་དག་སློབ་བརྒྱུད་ཡང་སློབ་ཁོ་ནའི་བཀའ་དྲིན་ལས་བྱུང་བ་གཟུ་བོར་གནས་པ་ཀུན་ཀྱིས་ལེགས་པར་རྟོགས་པར་རིགས་སོ། ཞལ་རྩོམ་བསྟན་བཅོས་ཀྱི་སྐོར་དབུ་མ་རྩ་འཇུག་གཉིས་དང་། བྱམས་ཆོས་སྡེ་ལྔ་བཅས་ཀྱི་མཆན་འགྲེལ་དང་། སེམས་ཉིད་ངལ་གསོ་དང་། སྡོམ་གསུམ། བཤེས་སྤྲིང་། དཀོན་མཆོག་རྗེས་དྲན་སོགས་ལ་ཕྱག་མཆན་ཞལ་གསལ་བ། བདེ་སྨོན་སྤྱི་བཤད་ས་བཅད། ཚུལ་ཁྲིམས་བསྟོད་པ་ཆེ་ཆུང་གཉིས། ཀུན་མཁྱེན་ཆོས་རྗེར་བསྟོད་པ། འཕགས་མ་སྒྲོལ་མར་བསྟོད་པ། འཇིགས་མེད་ཆོས་ཀྱི་དབང་པོ་ལ་བསྟོད་པ། ཞལ་གདམས་གསུང་མགུར་སྣ་ཚོགས་པ་བཅས་བཞུགས་ཀྱང་འགའ་ཞིག་དེང་དུས་མཇལ་བར་དཀོན་པ་སྙམ། གཞན་ཡང་རྗེ་འདིའི་གསུང་གི་བདུད་རྩིས་བསྐྱངས་པའི་ཞལ་སློབ་བཤད་པའི་བཀའ་བབ་གཞན་ཕན་ཆོས་ཀྱི་སྣང་བ་སོགས་ཟླ་བྲལ་མཁས་དབང་རྣམ་བཞི་དང་། སྒྲུབ་པའི་བཀའ་བབ་བྱ་བྲལ་ཀུན་དགའ་དཔལ་ལྡན། རྫོགས་སྤྲུལ་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ། ཀཿཐོག་སི་ཏུ། གཏུག་རྒྱའི་སྒྲ་དབྱངས་སོགས་སྙིང་པོའི་རིང་ལུགས་འཛིན་སྐྱོང་སྤེལ་བ་ལ་འགྲན་ཟླ་དང་བྲལ་བའི་བསྟན་འཛིན་ཆེན་པོ་དུ་མ་བྱོན། དེ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་མཛད་རྒྱུན་ཕྱི་མའི་མཐར་ཡང་ཉམས་པ་མེད་པ་བསྐྱངས་ནས་དགུང་གྲངས་དྲུག་ཅུ་བཞེས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་བྱི་ལོར་སྐུ་བསྙུན་པའི་ཚུལ་བསྟན་ཞིང་། དེ་སྐབས་མུ་ར་པདྨ་བདེ་ཆེན་བཟང་པོས་ཞབས་བརྟན་དུ་ཚེ་ཐར་ཁྲི་ཕྲག་ཁས་ལེན་དང་བཅས། ཆོས་རྗེ་དཔལ་སྤྲུལ་རིན་པོ་ཆེ་དགུང་གྲངས་བརྒྱད་ཅུ་བཞུགས་པས་རྗེ་དགུང་གྲངས་ཉུང་བས་ད་དུང་བསྟན་འགྲོའི་དོན་མཛད་དགོས་ཅེས་ཞུས་པར། ཚེ་ཐར་ཁྲི་ཕྲག་ལེགས་ཤིང་ཁྱེད་ཉིད་སྐུ་ཚེ་བསྟན་པའི་རྒྱུར་གྱུར་ཅིག ཁྱེད་རང་འགྲོ་དོན་ལ་ཕེབས་ན་ཞག་བཅུ་གསུམ་བར་ང་རང་མི་འཆི་བ་འདྲ། བསྟན་འགྲོའི་འགྲོ་དོན་འཁོར་བ་མ་སྟོང་བར་ལོས་བྱེད་ཅེས་ཞལ་འཛུམ་ཙམ་མཛད། དེ་ནས་ཞག་འགའི་རྗེས་ཁོ་བོས་ད་ལྟ་ནད་ཀྱི་ཟུག་རྔུ་ལ་ཉེར་ལེན་གང་ཡང་མ་བྱས་ཀྱང་ཆོག་པར་འདུག ཁྱེད་རང་ཚོས་ཀྱང་འཆི་ཁར་ཕན་པའི་ཉམས་ལེན་ཀུན་མཁྱེན་ཡབ་སྲས་ཀྱི་མན་ངག་ལ་བྱོས་དང་ཆོས་དང་བླ་མས་མི་སླུ་ངེས་པ་ཡིན་གསུངས། ཡང་སྐབས་ཤིག་ད་ནི་གང་དུ་བལྟས་ཀྱང་ཉིན་མཚན་ཀུན་ཏུ་སྐུ་དང་ཐིག་ལེའི་སྣང་བ་དང་འབྲལ་མི་ཤེས་པ་སྟོང་གཟུགས་ལྟ་བུ་ཅི་ཡིན་ན་མཚར་ཆེ་གསུངས། ཡང་མདང་སུམ་རྔ་ཡབ་དཔལ་རི་ནས་འོང་ཁྱེད་ཀྱི་བསུ་མ་ཡིན་ཟེར་བའི་མི་རྒྱན་ཆ་བཟང་པོ་ཅན་ཞིག་ཀྱང་རྨི་ལམ་དུ་རྨིས་ཀྱང་ཉིང་འཁྲུལ་ལ་ལྟ་རྒྱུ་ཅི་ཡོད་གསུངས། དེ་ནས་ཞག་འགའ་སོང་བའི་ཉིན་ཞིག་ཞལ་སློབ་རྣམས་མདུན་དུ་བཞུགས་བཞིན་པའི་སྐབས་སུ་སྤྱན་མཁའ་དབྱིངས་སུ་གཟིགས་ནས་ཕྱག་གཡས་སྡིགས་མཛུབ་དང་གཡོན་མཉམ་བཞག་མཛད་དེ། ཞལ་ནས། ང་ཨོ་རྒྱན་གུ་རུ་པདྨ་འབྱུང་། །སྐྱེ་འཆི་བྲལ་བའི་སངས་རྒྱས་ཡིན། །བྱང་ཆུབ་སེམས་ལ་ཕྱོགས་རིས་མེད། །ཟུང་བཞི་ཡ་བརྒྱད་ཀྱི་མིང་འདོགས་བྲལ། །ཞེས་འདས་རྗེས་ཞལ་ཆེམས་དང་བཅས་རྔ་ཡབ་དཔལ་གྱི་རི་བོར་མངོན་པར་གཤེགས་སོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།