བོད་ཀྱི་ལོ་རྒྱུས་ཐོག་མཚན་སྙན་ཧ་ཅང་ཆེ་བའི་ལོ་ཙྭ་བ་ཞིག་ཡིན། རབ་བྱུང་གོང་གི་ལོ་སྐོར་དྲུག་ཅུའི་ཐ་མ་ཆུ་བྱི་ཕྱི་ལོ་ ༡༠༡༢ ལོར་ལྷོ་བྲག་ཆུ་ཁྱེར་གྱི་གྲོ་བོ་ལུང་དུ་ཡབ་མར་པ་དབང་ཕྱུག་འོད་ཟེར་དང་། ཡུམ་སྐལ་ལྡན་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། སྐུ་ཆུང་དུས་ནས་འབྲི་ཀློག་མཁས་ཤིང་སྤྱོད་པ་གྱོང་། དགུང་ལོ་བཅུ་གཉིས་ལ། འབྲོག་མིའི་མདུན་ནས་སྒྲ་བསླབས། གཉོས་ལོ་དང་འགྲོགས་ནས་བལ་ཡུལ་དུ་ཕེབས། བལ་པོ་ཕམ་ཐིང་པའི་མདུན་ནས་གདན་བཞི་གསན། སྒྲ་ཚད་གསོ་རིག་ལ་ཞར་ཆོས་མཛད། པེནྟ་ཏ་པ་ཆེན་པོས་རྒྱ་གར་དུ་ཁྲིད། དཔལ་ནཱ་རོ་པ་དང་མཇལ། དགྱེས་རྡོར་ལྷ་དགུའི་དབང་བསྐུར་བས། དབང་དུས་དེར་མཐོང་ལམ་རྟོགས། ཡེ་ཤེས་སྙིང་པོ་ལ་ཕ་རྒྱུད། ཞི་བ་བཟང་པོ་ལ་མ་རྒྱུད། མཻ་ཏྲི་པ་ལ་མཚན་བརྗོད་གསན། ལྕམ་ནི་གུ་མ་དང་། སིངྒ་ལི་པ། ཀུ་སཱ་ལི་སོགས། ཟླ་མེད་ཀྱི་བླ་མ་གཉིས། ཁྱད་པར་གྱི་གྲུབ་ཐོབ་ལྔ། སྣང་བ་འགྱུར་ངེས་ཀྱི་བླ་མ་བཅུ་གསུམ་དང་། རྒྱ་གར་དུ་ལན་གསུམ་དང་། བལ་ཡུལ་དུ་ལན་བཞི་བྱོན། པཎ་ཆེན་ནཱ་རོ་པ་དང་མངའ་བདག་མེ་ཏྲི་བ་སོགས་གྲུབ་ཐོབ་ཀྱི་བླ་མ་མང་དུ་བསྟེན། སྐུ་ཚེའི་སྨད་དུ་ལྷོ་བྲག་གྲོ་བོ་ལུང་དུ་གདན་ཆགས་ཏེ། བདག་མེད་མ་སོགས། ཇོ་མོ་བརྒྱད་ཁབ་ཏུ་བཞེས་པར། གཙོ་མོའི་སྲས་དར་མ་མདོ་སྡེ། ལྕམ་བཞི་ལ། སྲས་ཕོ་མོ་བདུན་ཙམ་འཁྲུངས་ཤིང་། སློབ་མའི་གཙོ་བོ་ནི། དོལ་བ་གག་སྟོན་དང༌། གྲེའི་མིའུ་ཆུང༌། ཆུང་གོང་དཔལ་ལེ། དགེ་བཤེས་ཁེ་གད་བཅས་ཐུགས་ཀྱི་སྲས་བཞི་དང༌། གཞུང་གི་རྔོག་ཆོས་སྐུ་རྡོ་རྗེ་དང༌། དོལ་གྱི་ཚུར་སྟོན་དབང་ངེ༌། གཙང་རོང་གི་མེས་སྟོན་ཚོན་པོ། གུང་ཐང་གི་མི་ལ་རས་པ་བཅས་ཀ་ཆེན་བཞི་སོགས་སློབ་མ་ཤིན་ཏུ་མང་།
འགྱུར་ལ་བཀའ་འགྱུར་ལས་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་རྣལ་འབྱོར་ཆེན་པོ་རྣམ་པར་རྒྱུད་ཀྱི་རྒྱལ་པོ་རྡོ་རྗེ་དཔལ་མཆོག་ཆེན་པོ་བརྟག་པ་དང་པོ་ལ་ལེའུ་བདུན་ཅུ་རྩ་བདུན་པ། བསྟན་འགྱུར་ལས་རྣལ་འབྱོར་ཕ་དང་རྣལ་འབྱོར་མ་རྣམས་ལ་ཐུན་མོང་མ་ཡིན་པའི་དོན་ལ་གདམས་པ། ཚོགས་ཀྱི་འཁོར་ལོའི་ཆོ་ག དཔལ་ཧེ་རུ་ཀ་མངོན་པར་འབྱུང་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོའི་དཀའ་འགྲེལ་ཡི་གེ་ཉུང་ངུ་ཞེས་བྱ་བ་སོགས་མང་། རྔོག་ལ་དགྱེས་རྡོར། མ་ཧཱ་མཱ་ཡ། གདན་གཞི་རྩ་འགྲེལ་མན་ངག་བཅས་གནང་། མེས་སྟོན་ཚོན་པོ་ལ། བདེ་དགྱེས་གསང་གསུམ། མཱ་ཡ། སངས་རྒྱས་ཐོད་པ། མན་ངག་དང་བཅས་པ་གནང་། མཚུར་སྟོན་དབང་རྡོར་ལ། གསང་འདུས་ལུགས་གསུམ། རྩ་རྒྱུད་སྒྲོན་གསལ། རྒྱུད་ཕྱི་རྩ་འགྲེལ། བསྐྱེད་རྫོགས་ཀྱི་མན་ངག དགྱེས་རྡོར་སོགས་གནང་། མི་ལ་ལ། བདེ་དགྱེས་གསང་འདུས། གདན་བཞི། སངས་རྒྱས་ཐོད་པ། མཱ་ཡ་རྣམས་མཐར་ཕྱིན་པ་གནང་ཡང་། སྒྲུབ་བརྒྱུད་ཀྱི་བཀའ་བབས་པས། བརྒྱུད་འཛིན་རྒྱས་ཀྱང་། བཤད་རྒྱུན་བདེ་མཆོག་ལས་མ་དར། སྐུ་ཚེ་འདིར་ཀྱཻའི་རྡོ་རྗེའི་གོ་འཕང་མངོན་དུ་གྲུབ་པས། ཚོགས་ཀྱི་འཁོར་ལོའི་དུས་སུ་ཉིད་གཙོ་བོ་དང་། ཇོ་མོ་བརྒྱད་འཁོར་གྱི་ལྷ་མོ་བརྒྱད་དེ། ཀྱཻ་རྡོར་སྤྲུལ་པའི་ལྷ་དགུར་ལས་ཅན་ལ་དངོས་སུ་སྣང་བ་དང་། ས་ཐམས་ཅད་རྫོགས་ཀྱང་ས་བཅུ་པའི་ཚུལ་འཛིན། གྱ་དྲུག་པ་རབ་བྱུང་གཉིས་པའི་མེ་གླང་ཕྱི་ལོ་ ༡༠༩༧ ལོའི་རྟ་པ་ཟླ་བའི་ཚེས་བཅོ་ལྔ་ལ་བབས་པ་ན་དགོངས་པ་ཆོས་དབྱིངས་སུ་ཐིམ། སློབ་མའི་གཙོ་བོ། ཀ་ཆེན་བཞི་དང་། སྲས་དར་མ་མདོ་སྡེ། མར་པ་མགོ་ཡག དོལ་པ་གག་སྟོན། གྲའི་མེའུ་ཆུང་། ཆུ་གོང་དཔལ་ལེ། དགེ་བཤེས་ཁེ་གད། མཇལ་བ་ལ་སྔ་བ་ཀློག་སྐྱ། གཉལ་གྱི་ཤུད་ཀྱི་ལྦ་བ་ཅན། འཕྲང་གི་རྒྱ་སྟོན་ཞིག་པོ། གཙོང་རོང་རྒྱ་མཁར་གྱི་ཞང་སྟོན། ལྷོ་པ་ཏེ་སྒོམ། ཆོས་འབྲེལ་ཙམ་གྱི་སློབ་མ། མ་ཙ་མི་ལོ་ཙཱ། མར་དོ། སྤུ་རེངས་ལོ་ཆུང་སོགས་མང་། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།