མཁན་ཆེན་པདྨ་བཛྲ་དང་འཇམ་མགོན་མི་ཕམ་རྣམ་རྒྱལ་སོགས་ཀྱི་ཞལ་སློབ་རྒྱལ་ཚབ་བཞི་པ་འགྱུར་མེད་པདྨ་རྣམ་རྒྱལ་ནི། སྤྱི་ལོ་༡༨༧༡པ་བོད་རབ་བྱུང་བཅོ་ལྔ་པའི་ལྕགས་ལུག་ཧོར་ཟླ་གཉིས་པའི་ཚེས་བཅུ་དགུའི་ཉིན། ཡབ་ཨ་གྲོའི་རུས་སུ་གཏོགས་པ་ཤེས་རབ་དང་། ཡུམ་འབྲོང་པ་དཔོན་ཚང་གི་བུ་མོ་ནམ་མཁའ་སྒྲོལ་མའི་སྲས་སུ་སྡེ་དགེའི་ཆར་གཏོགས་ལྷ་ཐོག་མཚོ་ལུང་ཞེས་པའི་གནས་སུ་སྐུ་བལྟམས་པ་སྟེ། སྐུ་གོང་མ་ཨོ་རྒྱན་རང་བྱུང་རྡོ་རྗེ་དགོངས་པ་ཆོས་དབྱིངས་སུ་གཤེགས་ལ་ཉེ་བའི་སྐབས་གསུང་འཕྲོས་སུ། ད་སྟེ་བདག་ནི་རྒ་བའི་ཟུག་རྔུས་མནར་བའི་ལུས་འདི་བོར་ནས་བྱིས་པ་ལུས་ཡང་ཞིང་གོམ་ཟོ་བདེ་བ་ནད་ཀྱིས་མ་གཙེས་པ་ཞིག་གི་སྐྱེ་བ་བླང་ན་དགའ་འདུག་ཅེས་དང་། ཡང་ངེད་རང་མི་ཚེ་གང་པོར་བསྔོས་ཤ་ཟོས་པའི་རྣམ་སྨིན་ཤིན་ཏུ་ལྕི་བས་ཐར་བ་ཐོབ་དཀའ་བར་འདུག་ཅིང་། སང་ཕྱི་རེས་སྐྱེ་ངན་འདྲ་ལེན་སྲིད་ན་ཤ་འདི་ཟ་མ་དགོས་པ་ཞིག་བྱུང་ན་ཨ་རེ་ཤི་གསུངས་ཤིང་ཐུགས་སྐྱོའི་རྣམ་པ་ཆེས་ཆེར་མཛད་པ་དང་། གསོལ་དཔོན་པདྨ་རང་བྱུང་ལ། ད་ཁྱེད་རང་འདིར་སྡོད་མི་དགོས། ལྷོ་ཁོག་ཏུ་སོང་ལ་ལོ་ཆེན་བཱི་ཛ་ཡའི་མདུན་ནས་རིག་གནས་ཕྲན་བུ་རེ་ཨེ་ཤེས་ལྟོས། ང་དང་མྱུར་བར་འཕྲད་འོང་ཞེས་གསུང་གི་ཐ་མའི་ཞལ་ཆེམས་གནང་བ་དང་། སྒྲིབ་བྲལ་མཁྱེན་པའི་སྤྱན་མངའ་རྫོགས་ཆེན་བཞི་པ་མི་འགྱུར་ནམ་མཁའི་རྡོ་རྗེ་ལ་ཡང་སྲིད་སྐོར་གྱི་ཐུགས་བརྟག་ཞུས་པར། རྒྱལ་ཚབ་དམ་པའི་ཡང་སྲིད་ནུབ་ཀྱི་ཕྱོགས། །ཕ་མ་ཐབས་ཤེས་ཉི་ཟླ་ཀླུ་གནས་མཚོ། །ངང་པའི་ལོ་ལ་འཁྲུངས་པའི་རྟེན་བཟང་ཤར། །ཞེས་དང་། རྟ་ནི་ངང་པ་གསེར་ལྡན་ཕུལ་བ་ཡིས། །ཚོར་བ་རྟ་ཡི་ལོ་ནི་དེ་ནས་བྱུང་། །ཞེས་རྟ་ལོར་ལྷུམས་སུ་ཞུགས་པར་གཟིགས་པ་དང་། འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞལ་ནས། གུ་རུ་རིན་པོ་ཆེའི་སྐུ་ཚབ་མདུན་བརྟག་དྲིལ་ཞུས་པར། སྤྱིར་ཡང་སྲིད་འཁྲུལ་མེད་འབྱོན་ངོ་དང་། དེའང་ལུག་ལོ་ལས་མི་འགྱང་པར་ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་ལ་འབྱུང་སྙམ་པ་ཤར་ལགས་ཅེས་སོགས་གསལ་བར་བསྟན་པས་འཁྲུལ་པ་མེད་པའི་ངེས་ཤེས་རྙེད་དེ་ངོས་འཛིན་སྐུ་བདག་མཛད། དགུང་གྲངས་ལྔ་བཞེས་པའི་དུས་རབ་འབྱམས་ལྔ་པ་རིན་པོ་ཆེས་དབུས་བླ་སྤྲུལ་ཡོངས་ཀྱིས་དཔལ་ཞེ་ཆེན་བསྟན་གཉིས་དར་རྒྱས་གླིང་གི་གདན་སར་སྤྱན་དྲངས་ནས་ཁྲི་གསོལ་དང་གཙུག་ཕུད་བཞེས་ཏེ་མཚན་ལ་ཨོ་རྒྱན་མི་འགྱུར་ཀུན་བཟང་བསྟན་པའི་རྒྱལ་མཚན་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་ཞེས་གསོལ། ཁུ་བོ་སྐྱིད་གཡང་ངམ་པདྨ་དབང་ཆེན་ལས་དཀའ་ཚེགས་ལ་མ་བལྟོས་པར་ཡི་གེའི་སྦྱོར་ཀློག་དང་ཕྱག་བྲིས་སོགས་བྱང་ཆུབ་པར་བསླབས། དེ་ནས་གདན་ས་གོང་མ་རུ་དམ་རྫོགས་ཆེན་དུ་ཕེབས་ནས་གསང་ཆེན་རྒྱུད་སྡེའི་མངའ་བདག་མཁས་གྲུབ་པདྨ་བཛྲ་རམ་མཁན་པདྨ་དམ་ཆོས་འོད་ཟེར་ལས་རབ་ཏུ་བྱུང་བ་དགེ་ཚུལ་གྱི་དངོས་པོར་བསྒྲུབས་པས་འགྱུར་མེད་པདྨ་རྣམ་རྒྱལ་ཞེས་མཚན་གྱི་ཅོད་པཎ་དཔྱངས། རྗེ་འདི་ཐོག་མཐའ་བར་གསུམ་ཏུ་བཀའ་དྲིན་ཆེ་བའི་རིགས་བདག་གཅིག་ཏུ་འཛིན་ཅིང་ཉིད་མཛད་བླ་མ་རྒྱང་འབོད་ལས་ཀྱང་། ཐོག་མར་བསྟན་སྒོར་ཞུགས་མཛད་སོ་ཐར་གྱི་མཁན་པོ། །བར་དུ་བྱང་སྡོམ་འབོགས་པ་ཐེག་ཆེན་གྱི་སློབ་དཔོན། །ཐ་མར་སྨིན་གྲོལ་མཆོག་སྩོལ་གསང་སྔགས་ཀྱི་བླ་མ། །བཀའ་དྲིན་འཁོར་མེད་པདྨ་བཛྲ་དེ་མཁྱེན་ནོ། །ཞེས་སོགས་གསོལ་འདེབས་བསྔགས་བརྗོད་རྒྱ་ཆེར་མཛད། དེ་བཞིན་གྲུབ་དབང་རྫོགས་ཆེན་པའི་མཁན་རབས་ལྔ་པ་དཔལ་སྤྲུལ་རིན་པོ་ཆེ་འཇིགས་མེད་ཆོས་ཀྱི་དབང་པོ་ལས་ཉིད་མཛད་ཤེར་ཕྱིན་སྤྱི་དོན་དང་འབྲུ་འགྲེལ། སྡོམ་གསུམ་རྣམ་ངེས། ཡོན་ཏན་མཛོད། རྒྱུད་བླ་དང་འབྱེད་རྣམ་གཉིས་རོང་ཊིཀ་སྟེང་ནས་བཤད་པ་སོགས་མཚན་ཉིད་ཐེག་པའི་གཞུང་བཤད་དུ་མ་གསན། ཀུན་མཁྱེན་བླ་མ་མི་ཕམ་རིན་པོ་ཆེ་ལས། ཐོག་མར་འཇམ་དཔལ་ཚེ་བདག་གི་བསྙེན་སྒྲུབ་གྲོལ་སྐབས་དང་ཁེལ་བས་དངོས་གྲུབ་ལེན་ཆོག་བསྩལ་བ་དང་། རིམ་པས་འཇམ་དཔལ་རྫོགས་ཆེན་སྐོར་དང་། བཀའ་བརྒྱད་སྤྱི་དོན། མཁས་འཇུག་སོགས་ཉིད་མཛད་བསྟན་བཅོས་རྣམས་ཀྱི་བཤད་ལུང་། མདོ་སྔགས་གཞུང་དོན་གྱི་དཀའ་གནད་དོགས་གཅོད། ཡང་དག་གསང་འགྲེལ་སོགས་འགའ་ཞིག་བཤད་ལུང་མཛད་མ་ཐུབ་པ་རྣམས་བྱིན་རླབས་གཏད་རྒྱ་གནང་བ་སོགས་མཛད་པས་འཇམ་མགོན་རྣམ་གཉིས་དང་ངོས་མཉམ་པའི་དད་མོས་མཛད། དགེ་བའི་བཤེས་གཉེན་ཆེན་པོ་དགེ་མང་མཁན་ཡོན་ཏན་རྒྱ་མཚོ་ལས་བསྙེན་པར་རྫོགས་ཤིང་ཕྱི་སོ་སོར་ཐར་བའི་འདུལ་ཁྲིམས་ཀྱི་གནས་ཕྲ་མོ་ཙམ་ལས་མ་འདས་པར་བསྲུངས་པས་འདུལ་འཛིན་ཀུན་ཀྱི་མཆོག་ཏུ་བསྔགས། གཞན་ཞེ་ཆེན་རབ་འབྱམས་ལྔ་པ། ཀཿཐོག་སི་ཏུ་པཎ་ཆེན། དཔལ་ཡུལ་རྒྱ་སྤྲུལ། མཁན་ཆེན་བཀྲ་ཤིས་འོད་ཟེར། དགོན་སྟོད་མཆོག་སྤྲུལ། འབར་ཆུང་མཆོག་སྤྲུལ་ཐུབ་བསྟན་དགེ་ལེགས། ཁྲོ་ཤུལ་མཁན་རིན་པོ་ཆེ་སོགས་བཤེས་གཉེན་བཅུ་ཕྲག་དུ་མ་ལས་རྒྱལ་བཀའ་རིན་པོ་ཆེའི་བཀླག་ལུང་གཙོས་ཆོས་བཀའ་ཅི་རིགས་གསན་བཞེས་གནང་བ་དང་། ཁྱད་པར་ཐུན་མིན་རིགས་ཀྱི་བདག་པོ་ནི་འཇམ་དབྱངས་མཁྱེན་ཀོང་རྣམ་གཉིས་ཏེ། མཁྱེན་བརྩེ་རིན་པོ་ཆེ་པདྨ་འོད་གསལ་མདོ་སྔགས་གླིང་པ་ལས། སྔ་འགྱུར་བཀའ་གཏེར་གྱི་སྨིན་གྲོལ་གཙོས་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་དང་བཤད་བརྒྱུད་ཀ་ཆེན་བཅུའི་ཆོས་ཚུལ་གདམས་ཁྲིད་མཐའ་ཡས་པ་གསན་བཞེས་གནང་བ་དང་། འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ལས། རྗེ་ཉིད་ཀྱི་བཀའ་བསྡུ་གནང་བའི་ཐུན་མོང་ཤེས་བྱ་མཛོད། རྒྱ་ཆེན་བཀའ་ཡི་མཛོད། ཟབ་མོ་གཏེར་གྱི་མཛོད། གདམས་ངག་མཛོད། ཐུན་མིན་གསང་བའི་མཛོད་རྣམས་ལས་ཕལ་ཆེར་འཇམ་དབྱངས་མཁྱེན་བརྩེའི་ཞབས་དང་ལྷན་དུ་གསན། དེ་མིན་རྒྱབ་རྟེན་སྨིན་གྲོལ་བཅས་ཟུར་མང་དྲུང་པ་རིན་པོ་ཆེ་ཀརྨ་ཆོས་ཀྱི་ཉིན་བྱེད་མདུན་ནས་གསན་པ་བཅས་ཐོས་པ་རྒྱ་མཚོའི་ཕ་མཐར་སོན། དེ་ལྟར་ཐོས་པ་ཐམས་ཅད་བསམ་སྒོམ་མེད་པའི་ཁ་ལྟ་སྟོང་སྐད་དུ་མ་ལུས་པར་བྱོན་བཞུགས་ཀྱི་སྐབས་ཐམས་ཅད་དང་། ཁྱད་པར་ལྕགས་བྱ་ལོ་ནས་མེ་སྟག་ལོར་མྱ་ངན་ལས་འདས་པའི་བར་དབེན་ཁྲོད་པདྨ་འོད་གླིང་དུ་བཅད་རྒྱ་ཁོ་ན་མཛད་དེ་བཞུགས་པས་ཡི་དམ་ལྷག་པའི་ལྷའི་བསྙེན་སྒྲུབ་དང་། བསྐྱེད་རྫོགས་རྫོགས་ཆེན་གྱི་ཉམས་བཞེས་ཚད་དུ་འཁྱོལ་བས་མཆོག་དང་ཐུན་མོང་གི་དངོས་གྲུབ་འགྲུབ་པའི་རྟགས་མཚན་ཐམས་ཅད་མངོན་དུ་གྱུར་པ་སྟེ། ཉེ་གནས་ཀྱི་རུས་པ་རྡུང་སྤྱད་ཀྱི་རྡོ་ཞིག་ཡོད་པ་ལ་འདམ་ལྟར་བརྫིས་པའི་ཞབས་རྗེས་ད་ལྟའང་ཞེ་ཆེན་དགོན་དུ་དངོས་སུ་མཇལ་དུ་ཡོད་པ་དང་། རྡོ་རྗེ་ཕུར་བའི་བསྙེན་སྒྲུབ་སྐབས་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་ཡོངས་རྫོགས་ཀྱི་གསལ་སྣང་བརྟན་པོར་ཤར་བ་སོགས་ཐུན་མིན་གསང་བའི་རྣམ་ཐར་ལ་མངའ་དབང་འབྱོར་ཚུལ་རྣམ་ཐར་རྒྱས་པ་རྣམས་སུ་གསལ་བ་ལྟར་དང་། ཁྱད་པར་འོད་གསལ་རྫོགས་པ་ཆེན་པོའི་གསང་ལམ་ནས་བྱར་མེད་རང་བྱུང་གི་དགོངས་པ་བརྙེས་པས། བློས་བྱས་ཀྱི་འཛིན་པ་དག །དགོངས་པའི་གཏེར་ཆེན་བརྡོལ་ནས་དགོངས་གཏེར་བསྟན་བཅོས་ཀྱི་ཚུལ་དུ་ཕྱི་རབས་ཀྱི་སྐལ་བར་བཞག་པ། ཐོག་མར་དགེ་བ་ལེགས་བྱས་མཐར་ཕྱིན་པར་བྱེད་པའི་ཕྱིར་སྒོ་དང་པོ་མཆོད་འབུལ་ལས་ཚོགས་ཀྱི་སྐོར། གཉིས་པ་རྩོམ་པ་དོན་ལྡན་དུ་བྱ་བའི་ཕྱིར་སྒོ་གཉིས་པ་བསྟོད་ཚོགས་ཀྱི་སྐོར། གསུམ་པ་དོན་གཉིས་ཡིད་བཞིན་དུ་བསྒྲུབ་པར་བྱ་བའི་ཕྱིར་སྒོ་གསུམ་པ་གསོལ་འདེབས་ཞབས་བརྟན་གྱི་སྐོར། བཞི་པ་བར་དུ་དགེ་བ་གཞུང་དོན་གསལ་བར་བྱེད་པའི་ཕྱིར་ཐོག་མར་ཡིད་ཆེས་སྐྱེད་བྱེད་ཆོས་འབྱུང་ལོ་རྒྱུས་ཀྱི་སྐོར། ལྔ་པ་ཐུན་མོང་རིག་པའི་གནས་སྟོན་པར་བྱེད་པ། སྒྲ། སྙན་ངག །སྐར་རྩིས་སོགས་ཀྱི་སྐོར། དྲུག་པ་བླང་དོར་གྱི་གནས་གསལ་བར་བྱེད་པ་ཞལ་གདམས་གཏམ་ཚོགས་ཀྱི་སྐོར། བདུན་པ་ཐུན་མོང་གི་ཆོས་བཤད་ཁྲིད་ཡིག་སྐོར། དགུ་པ་གསུང་ཐོར་བུ་སྣ་ཚོགས་ཀྱི་སྐོར། བཅུ་པ་བསྔོ་སྨོན་ཤིས་བརྗོད་ཀྱི་སྐོར་ཏེ་ས་བཅུའི་གྲངས་ཀྱི་སྡེ་ཚན་དུ་དྲིལ་བ་གླེགས་བམ་བཅུ་གསུམ་དུ་ལོངས་པ་མཛད། གཞན་ཡང་དུས་དང་རྣམ་པ་ཀུན་ཏུ་ཞུ་བ་པོ་སོ་སོའི་མོས་ཁམས་ལྟར་ཐ་སྙད་གཙུག་ལག་གི་རིག་གཞུང་ནས། མདོ་སྔགས་གཞུང་ཆེན་གྱི་བཤད་ཁྲིད། བཀའ་གཏེར་ཟབ་ཆོས་ཀྱི་དབང་ལུང་། ཐེག་རྩེ་རྫོགས་ཆེན་གྱི་མྱོང་ཁྲིད་བཅས་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བས་གསུང་སྐྱེས་མཁས་ཤིང་གྲུབ་པའི་སྐྱེས་བུ་གྲངས་མེད་བྱོན་པ་སྟེ། གཙོ་བོའི་མཚན་ནས་སྨོས་ན་རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས། ཞེ་ཆེན་རབ་འབྱམས་དྲུག་པ་ཀུན་བཟང་བསྟན་པའི་ཉི་མ། འཇམ་དབྱངས་བློ་གཏེར་དབང་པོ། དིལ་མགོ་མཁྱེན་བརྩེ་རབ་གསལ་ཟླ་བ། ཀོང་སྤྲུལ་ཡང་སྲིད་དཔལ་ལྡན་ཆོས་ཀྱི་དབང་ཕྱུག ཞེ་ཆེན་ཀོང་སྤྲུལ་པདྨ་དྲི་མེད་ལེགས་པའི་བློ་གྲོས། རྫོགས་ཆེན་གླིང་བླ་སྤྲུལ་སྐུ། མཁན་བསོད་ཆོས། ཨ་བུ་ལྷ་སྒང་། ཀཿཐོག་མཁན་པོ་ནུས་ལྡན་སོགས་གསང་ཆེན་སྙིང་པོའི་རིང་ལུགས་འཛིན་པ་ལ་འགྲན་པའི་ཟླ་དང་བྲལ་བ་དུ་མ་བྱོན། དེ་ལྟར་རང་དོན་དུ་ཐོས་བསམ་སྒོམ་གསུམ། གཞན་དོན་དུ་འཆད་རྩོད་རྩོམ་གསུམ། གཉིས་དོན་དུ་མཁས་བཙུན་བཟང་གསུམ་གྱི་ཕྲིན་ལས་དམ་པས་བསྟན་དང་འགྲོ་བའི་ཕན་བདེ་རྒྱ་ཆེར་སྤེལ་ནས་མཐར་དགུང་གྲངས་ལྔ་བཅུ་རྩ་ལྔ་བཞེས་པ་རབ་བྱུང་བཅོ་ལྔ་པ་རྫོགས་མཚམས་ཀྱི་མེ་སྟག་སྣྲོན་ཟླའི་ཚེས་བཅོ་བརྒྱད་ཀྱི་སྔ་ཆར་སྐུ་གཅེར་བུར་བསལ། ཕྱག་གིས་དབང་བཞི་མངོན་དུ་མཛད་པའི་བརྡའ་ཐབས་སྣ་ཚོགས་ཀྱི་མཐར་སྐུ་ཅུང་བསྙེལ་ནས། ཕྱག་གཡོན་པས་རྡོ་རྗེ་ཁུ་ཚུར་ཐུགས་ཀར་གཏད། གཡས་པའི་རྡོ་རྗེ་ཁུ་ཚུར་སྐུ་གཡོན་པར་བརྟེན་པའི་ཚུལ་གྱིས་གསུང་ཤིན་ཏུ་གསལ་བས་ཨ་གསུམ་བརྗོད་པ་དང་། གདོད་མའི་ནང་དབྱིངས་ཁྱད་ཆོས་དྲུག་ལྡན་གྱི་གྲོལ་གཞི་སྐུ་གསུམ་ལྷུན་གྲུབ་ཆེན་པོའི་སྦུབས་སུ་མངོན་པར་གཤེགས་པར་མཛད་དོ། །
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།