འབོ་གངས་དཀར་སྤྲུལ་སྐུ།

མཁན་ཆེན་གཞན་དགའ་རིན་པོ་ཆེའི་ཐུགས་སྲས་ཐུ་བོ་མཁས་པའི་དབང་པོ་འབོ་གངས་དཀར་སྤྲུལ་སྐུ་ནི། མདོ་ཁམས་མི་ཉག་རབ་སྒང་གི་སའི་ཆ་གསར་སྡེ་ཞེས་པ་རུ་ཡབ་བྲག་ནག་ཕྲིན་ལས་དང་། ཡུམ་བྲག་ནག་སྒྲོལ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཆུ་མོ་སྦྲུལ་གྱི་ལོ་སྟེ་སྤྱི་ལོ་༡༨༩༣ལོའི་ཟླ་དགུ་པའི་ཚེས་བཅོ་ལྔའི་ཉི་ཤར་ལ་སྐུ་འཁྲུངས། བྱིས་པའི་དུས་རྡོ་ལ་ཕྱག་ཞབས་ཀྱི་རྗེས་བཞག་པ་སོགས་ངོ་མཚར་བའི་རྟགས་མཚན་དུ་མ་མངའ། དགུང་ལོ་གསུམ་གྱི་སྐབས་སྐུ་གོང་མའི་ཞལ་ཆེམས་དང་བསྟུན་རྒྱལ་དབང་ཀརྨ་པ་བཅོ་ལྔ་པའི་ཞལ་སྔ་ནས་གངས་དཀར་མཆོག་སྤྲུལ་སྐུ་རབས་བརྒྱད་པ་ཀརྨ་ཚེ་རིང་དབང་པོའི་ཡང་སྲིད་དུ་ངོས་འཛིན་ཐུགས་ཐག་བཅད། དགུང་གྲངས་ལྔ་ལ་ཕེབས་པ་མེ་བྱ་ལོར་དགོན་པར་སྤྱན་དྲངས་ནས་གསེར་ཁྲིར་བཀོད་པ་དང་ཀློག་སློབ་པའི་དབུ་བཙུགས། སྐྱེས་ཐོབ་ཀྱི་མཁྱེན་རབ་ཀློང་བརྡོལ་བས་ཀློག་སྦྱོར་འབྲི་གསུམ། འབུད་རྡུང་བཅའ་གསུམ། གདངས་དབྱངས་གར་གསུམ་སོགས་ལ་མྱུར་བར་བྱང་ཆུབ་ཅིང་། དགུང་ལོ་བདུན་གྱི་དུས་སློབ་དཔོན་པདྨའི་གསོལ་འདེབས་ཚིགས་བཅད་མ་ཚིག་དོན་ཁྱད་དུ་འཕགས་པ་ཐོལ་བྱུང་དུ་བརྩམས། སྤྱིར་རྗེ་འདི་ཉིད་གཏེར་སྟོན་འགྲོ་འདུལ་གླིང་པའི་གཏེར་ལུང་དུ་གྲུབ་ཆེན་རྗེ་འབངས་ཉེར་ལྔའི་ནང་ཚན་ཤུད་བུ་དཔལ་གྱི་སེང་གེའི་རྣམ་རོལ་ཏུ་ལུང་གིས་ཟིན་ཞིང་། དམ་པ་ཉིད་སྔ་འགྱུར་པའི་གྲུབ་མཐའ་ལ་ཐུགས་ངེས་ཁྱད་པར་བ་འཁྲུངས་ཤིང་ཐུགས་དམ་གྱི་མཐིལ་རྫོགས་པ་ཆེན་པོར་ཁོ་ནར་མཛད་པ་སོགས་རིང་ལུགས་འདི་ལ་ཐུགས་བསྐྱེད་སྨོན་ལམ་གྱི་མཐུ་ཟབ། དགུང་གྲངས་བཅོ་བརྒྱད་པར་ཤར་དཔལ་སྤྲུངས་ཐུབ་བསྟན་ཆོས་འཁོར་གླིང་དུ་སློབ་གཉེར་ལ་ཕེབས་ནས་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་ཞལ་མཇལ་བས་ཐུགས་མཉེས་པ་ཆེན་པོས་མ་ཎི་འབྲུ་དྲུག་གི་ལུང་གནང་སྟེ། འབོ་སྤྲུལ་ཁྱེད་ཀྱིས་ཡོན་ཏན་ལེགས་པར་སྦྱངས་ནས་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་ཞིག་བྱེད་དགོས་ཞེས་ཞལ་བསྒོས་མཛད། མཁན་ཆེན་ཀརྨ་བདེ་ཆེན་ངེས་དོན་བསྟན་འཛིན་ལས་རབ་རྒྱས་ལས་དགེ་ཚུལ་གྱི་སྡོམ་པ་བཞེས་པ་དང་། ཕྱིས་སུ་དགུང་ལོ་ཉེར་གཅིག་པར་རྗེ་དེ་ཉིད་ལས་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་བཞེས་ཏེ་སྐུ་ཚེ་གང་བོར་འདུལ་འཛིན་བསྟན་པའི་རྒྱན་གཅིག་ཏུ་བཞུགས། ཐོག་མར་མཁན་ཆེན་ཚེ་དབང་དཔལ་འབྱོར་ལས་ཀཱ་རི་ཀཱ་ལྔ་བཅུ་པ་ནས་འདུལ་གཞུང་འགའ་ལ་གསན་པའི་དབུ་བཙུགས་པ་ན། བྱམས་མགོན་སི་ཏུ་རིན་པོ་ཆེས་རྫོགས་ཆེན་མཁན་ཆེན་གཞན་དགའ་རིན་པོ་ཆེ་རྗེ་ཉིད་ཀྱི་དབུའི་བླ་མ་དང་དཔལ་སྤུངས་བཤད་གྲྭའི་མཁན་པོར་སྤྱན་དྲངས་པའི་ཞལ་སྔ་ནས་བསྟུད་མར་ལོ་གཉིས་རིང་གཞུང་ཆེན་བཅུ་གསུམ་གྱི་མཆན་འགྲེལ་ཆ་ཚང་བ་གསན། སྐྱེས་སྦྱངས་ཀྱི་རྣམ་དཔྱོད་ཁྱད་དུ་འཕགས་པས་བླ་མས་གང་གསུང་པའི་ཚིག་དོན་མཐའ་དཔྱད་དང་བཅས་པ་པར་བཏབ་པ་བཞིན་ཆགས་ཐོགས་མེད་པར་ཐུགས་སུ་ཆུད་པ་བྱུང་བས། གཞན་དགའ་རིན་པོ་ཆེ་ཐུགས་ལྷག་པར་དགྱེས་ཏེ་ཁྱེད་ཀྱི་སྐྱེས་ཐོབ་ཀྱི་ཤེས་རབ་འདི་ལ་བལྟས་ན་ཆོས་རྗེ་ས་སྐྱ་པཎ་ཆེན་དང་། ཀུན་མཁྱེན་ཀློང་མཁྱེན་པ་ལྟ་བུ་ཡོངས་ངེས་འདུག་ཅེས་སློབ་ཚོགས་ཀྱི་གྲལ་ནས་བསྔགས་བརྗོད་ཡང་ཡང་མཛད། མི་རིང་བར་མདོ་སྔགས་རིག་གནས་དང་བཅས་པར་མཁྱེན་རབ་ཀྱི་སྤྱན་དཀྱུས་རིང་བའི་མཁས་པའི་ཡང་རྩེར་སོན་ཞིང་དུས་དེར་བཀའ་རྒྱུད་ཕྱོགས་ཀྱི་བསྟན་འཛིན་ཞིག་ལ་རྗེ་འདི་ཁོ་ན་མཁྱེན་པ་ཆེ་བར་གྲགས། གཞན་དགའ་རིན་པོ་ཆེ་མཆོག་ཐུན་མིན་གྱི་གཙུག་རྒྱན་དུ་བསྟེན་ནས་ཕྱིས་སུ་རྒྱ་བོ་རི་ཁྲོད་སོགས་སུ་སྐུ་དྲུང་དུ་ཡུན་རིང་བཞུགས་ཏེ་ཀློང་ཆེན་མཛོད་བདུན་དང་། ངལ་གསོ་སྐོར་གསུམ། སྙིང་ཐིག་མ་བུ། ཁྲིད་ཡིག་ཡེ་ཤེས་བླ་མ་བཅས་འོད་གསལ་རྫོགས་པ་ཆེན་པོའི་ཟབ་ཁྲིད་གསན་ཏེ་ཐུགས་དམ་གྱི་མཐིལ་མཛད། གཞན་ཡང་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང་། གྲུབ་དབང་དབོན་རྒན་རིན་པོ་ཆེ། མཁན་ཆེན་ཚེ་དབང་དཔལ་འབྱོར། གནས་ལྔ་རིག་པའི་པཎ་ཆེན་བཀྲ་ཤིས་འཕེལ་སོགས་བཤེས་གཉེན་བཅུ་ཕྲག་གཉིས་ལྷག་ཡོངས་འཛིན་དུ་བསྟེན་པ་ལས་བཀའ་བརྒྱུད་པའི་གཞུང་འགྲེལ་ཟབ་ཆོས་ཐམས་ཅད་དང་། ཇོ་ནང་པའི་རིང་ལུགས་ཀྱི་ཆོས་སྐོར་ཅི་རིགས་ལ་གསན་བསམ་དཔྱིས་ཕྱིན་པ་གནང་། བར་སྐབས་ནས་དཔལ་སྤྲུངས་སུ་དབྱར་གནས་མཁན་པོ་མཛད་ཅིང་འཆད་ཁྲིད་ཀྱང་རྒྱ་ཆེར་སྤེལ་བ་དང་། དཔལ་སྤྲུངས་སྒྲུབ་ཁང་དུ་ལོ་གསུམ་ཕྱོགས་གསུམ་རིང་སྒྲུབ་བླ་སྒྲུབ་དཔོན་ཟུང་འབྲེལ་གནང་བ་བཅས་སྔ་ཕྱིར་དཔལ་སྤུངས་སུ་ལོ་ངོ་བཅུ་གཉིས་བཞུགས། དེ་ནས་མི་རིང་བར་དབུས་ལྷ་ལྡན་ཕྱོགས་སུ་བྱོན་ཏེ་སེ་འབྲས་དགའ་གསུམ་བསམ་ཡས་སོགས་སུ་གྲྭ་སྐོར་མཛད་པས་མཁས་པའི་གྲགས་པ་ཕྱོགས་སུ་རྒྱས། ཇོ་ཤཱཀ་རྣམ་གཉིས་དང་གནས་ཆེན་ཁག་ལ་མཇལ་བསྐོར་མཆོད་འབུལ་རྒྱས་པ་མཛད། ཁྱད་པར་སྒྲུབ་བརྒྱུད་གདན་ས་ཆེན་མོ་མཚུར་ཕུ་དགོན་དུ་བྱོན་ནས་རྒྱལ་དབང་ཀརྨ་པ་མཁའ་ཁྱབ་རྡོ་རྗེའི་སྤྱན་སྔ་ནས་བཀའ་བརྒྱུད་པའི་ཟབ་ཆོས་ཐབས་ལམ་ནཱ་རོ་ཆོས་དྲུག་དང་། གྲོལ་ལམ་འོད་གསལ་ཕྱག་ཆེན་གྱི་ཁྲིད་ལུང་། རྡོ་རྗེ་རྣལ་འབྱོར་མའི་བསྐྱེད་རིམ་ལྷན་ཅིག་སྐྱེས་སྦྱོར། རྫོགས་རིམ་ཀློང་སེམས་གཉིས་མེད་སོགས་ཀྱི་བཤད་ཁྲིད་དང་། རྗེ་མར་པ་ལོ་ཙཱ་ནས་བརྒྱུད་པའི་གསང་བ་འདུས་པ། བདེ་མཆོག རྡོ་རྗེ་གདན་བཞི་སོགས་བླ་མེད་རྒྱུད་སྡེ་ཁག་གི་དཀྱིལ་འཁོར་རབ་འབྱམས་ཀྱི་དབང་དང་གདམས་ངག་ཕལ་མོ་ཆེ་གསན་ནས་ཕྱིར་མདོ་ཁམས་ཕྱོགས་སུ་ཕེབས། དགུང་གྲངས་སུམ་ཅུའི་སྐོར་རང་དགོན་ཁམས་གསུམ་བྲག་བྱམས་ཆེན་ཆོས་འཁོར་གླིང་དུ་ཞབས་པད་བཀོད་ཅིང་སྐྱ་སེར་མང་པོས་ཆིབས་བསུའི་བཀོད་པ་རྒྱ་ཆེན་པོ་བྱས། དེ་ནས་རིམ་པར་སྐུ་གོང་མའི་གདན་ས་རྨ་སེ་དགོན་ཕྱི་ནང་རྟེན་དང་བརྟེན་པ་ལེགས་བཞེངས་མཛད་དེ་འདུལ་བ་གཞི་གསུམ་གྱི་ཕྱག་བཞེས་དང་འཆད་ཁྲིད་ཀྱི་རྒྱུན་བཙུགས། གཞན་ཡང་མི་ཉག་དང་། ཉག་ཆུའི་རྒྱུད། ཕོ་བྲང་ལྔ་རྩེ་སོགས་སུ་དགོན་སྡེ་བཅུ་ཕྲག་ལྷག་གསར་འདེབས་ཉམས་གསོ་ཅི་རིགས་པ་མཛད་པས་ཡུལ་གྲུ་དེ་དག་ཏུ་བཀའ་བསྟན་ཉི་མ་ཤར་བ་ལྟར་བྱུང་། དུས་མཚུངས་མི་ཉག་རི་ཁུག་དགོན་དང་། བྲག་མཁར་དགོན། སྐྱིད་སྣང་དགོན། ལྷ་སྒང་དགོན། དཔལ་རི་དགོན། སེང་གེ་དགོན་སོགས་སུ་གཞུང་བཤད་དང་སྨིན་ཁྲིད་སོགས་ཟབ་ཆོས་ཀྱི་འགྲོ་དོན་རྒྱ་ཆེར་བསྐྱངས། དགུང་གྲངས་སོ་བརྒྱད་བཞེས་པ་ལྕགས་རྟ་ལོར་རྒྱལ་དབང་ཀརྨ་པ་བཅུ་དྲུག་པ་རིག་པའི་སེང་གེའི་ཡོངས་འཛིན་དུ་སྟོད་ལུང་མཚུར་ཕུར་ཆིབས་ཞལ་བསྒྱུར། རྒྱལ་དབང་མཆོག་དང་། གནས་ནང་དཔའ་བོ་རིན་པོ་ཆེ། རྒྱལ་ཚབ་རིན་པོ་ཆེ་སོགས་བཀའ་བརྒྱུད་པའི་བླ་སྤྲུལ་རྣམས་ལ་བདེ་མཆོག མ་ཧཱ་མཱ་ཡ། རྡོ་རྗེ་གདན་བཞི་སོགས་རྒྱུད་སྡེ་ཆེན་པོ་དང་། ཕྱག་ཆེན་ནཱ་རོ་ཆོས་དྲུག བཀའ་གདམས་བློ་སྦྱོང་དོན་བདུན་བཅས་ཀྱི་བཤད་ཁྲིད་མང་དུ་གནང་། མཚུར་དགོན་དང་གནས་ནང་དགོན་པའི་དགེ་འདུན་གྱི་འདུས་ཚོགས་ལ་དབང་ཆོས་ཐེངས་མང་བསྩལ། སེར་འབྲས་དགེ་གསུམ་དུ་བྱོན་ནས་དགའ་ལྡན་ཁྲི་རིན་པོ་ཆེ་ཨ་མེས་དང་། མི་ཉག་སྐྱོར་དཔོན་བློ་བཟང་ཡོན་ཏན་སོགས་དགེ་བཤེས་ཆེན་མོ་མང་པོ་དང་གཞུང་པོད་ལྔའི་དཀའ་གནད་སྐོར་ལ་བགྲོ་གླེང་མཛད་པས་ཁོང་རྣམས་ཐུགས་དབང་མེད་དུ་འཕྲོག་པའི་བསྔགས་བརྗོད་ཐོབ། སྔ་ཕྱིར་རྗེ་འདི་ཉིད་ཀྱི་ཞལ་སྔ་ནས་མཛད་པའི་བསྟན་བཅོས་ཀྱི་སྐོར་ལ། གཞན་དགའ་རིན་པོ་ཆེས་བཀས་བསྐུལ་ཏེ་བརྩམས་པའི་ཁྱད་པར་འཕགས་བསྟོད་ཀྱི་འགྲེལ་པ། དབུ་མའི་མཐའ་དཔྱད་ལྟ་བའི་མིག་འབྱེད། རྒྱལ་རོང་དགེ་བཤེས་ཀརྨ་ངེས་དོན་གྱི་དྲིས་ལན་མཁས་པའི་མགུལ་རྒྱན། ཕར་ཕྱིན་ལས་ཆོས་འཁོར་མཐའ་དཔྱད་དང་། བཀའ་དང་བསྟན་བཅོས་ཀྱི་རྣམ་བཞག བྱམས་པ་སངས་རྒྱས་ཡིན་མིན་ལ་དཔྱད་པ། དངོས་བརྒྱད་དོན་བདུན་བཅུའི་སྤྱི་དོན། སྤྱོད་འཇུག་འགྲེལ་པ། སུམ་རྟགས་བསྡུས་དོན་ཤེས་རབ་སྒྲོན་མེ། གངས་དཀར་གནས་བཤད་སོགས་གཞུང་འགྲེལ་དང་བསྟོད་ཚོགས་ཀྱི་སྐོར་དུ་མ་བཞུགས་པར་གྲགས། དགུང་གྲངས་ཞེ་གསུམ་པར་ཕྱིར་ཁམས་སུ་ཕེབས་རྗེས་ནོར་ལྷ་བླ་མའམ་འགར་བ་བླ་མ་ཞེས་པ་རྒྱ་ནག་ཏུ་སྙན་གྲགས་ཆེ་བ་དེ་ཞལ་སློབ་ཏུ་གྱུར་པ་དང་། དེ་ཉིད་ཀྱིས་གདན་ཞུས་སྣ་འདྲེན་གནང་བ་ལྟར་རྒྱ་ནག་གི་ཡུལ་གྲུ་དུ་མར་ཐེངས་འགར་ཞབས་སོར་བཀོད་ཅིང་། རྒྱ་ནག་གི་བླ་ཆེན་ཆོས་དཔོན་དུ་མ་དང་དཔོན་ཆེན་ས་དབང་མང་པོས་བླ་མར་བཀུར་ཏེ་དམ་ཆོས་ཀྱི་འབྲེལ་བ་རྒྱ་ཆེན་བྱུང་ཞིང་བཀའ་རྙིང་གི་ཟབ་ཆོས་ལ་ཉམས་ལེན་བྱེད་པའི་སློབ་ཚོགས་ཁྲི་ཕྲག་འགའ་བྱུང་ཆོས་རྒྱུན་དེང་སང་གི་བར་འཕེལ། དུས་དེར་ཅང་ཅེ་ཧྲི་སོགས་ཆབ་སྲིད་ལ་དབང་བའི་མི་ཆེན་མང་པོས་མཇལ་འཕྲད་མཛད་ཅིང་དངོས་འབྱོར་གྱི་འབུལ་བ་རྒྱ་ཆེན་པོས་བསྙེན་བཀུར་གནང་། རང་ཡུལ་དུ་ཕེབས་ནས་སྐུ་གསུང་ཐུགས་རྟེན་གསར་བཞེངས་དང་། ཕྱོགས་དང་ཕྱོགས་ཀྱི་དགོན་པ་ཆོས་སྡེ་རྣམས་ལ་མཆོད་འབུལ་གནང་སྦྱིན་བསམ་གྱིས་མི་ཁྱབ་པས་བསྟན་འགྲོའི་ལེགས་མཛད་མཐའ་ཡས་སྤེལ། དགུང་གྲངས་རེ་བཞིར་ཕེབས་པ་སྤྱི་ལོ་༡༩༥༧པ་མེ་སྤྲེལ་ལོར་དུས་འགྱུར་གྱི་མངོན་རྟགས་སྣ་ཚོགས་པ་འབྱུང་ལ་ཉེ་སྐབས་ཞལ་སློབ་རྣམས་ལ་སེམས་གསོའི་ལུང་བསྟན་ཞལ་གདམས་སྣ་ཚོགས་གནང་སྟེ་ཡུན་རིང་མི་བཞུགས་པའི་ཚུལ་བསྟན། ལོ་དེའི་ཟླ་བ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་ལ་སྐུ་རྣམ་སྣང་ཆོས་བདུན་གྱིས་བཞུགས་ཤིང་རླུང་སྦྱོར་མཛད་བཞིན་དགོངས་པ་ཆོས་དབྱིངས་སུ་གཤེགས་སོ།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།