རབ་བྱུང་དྲུག་པའི་ལྕགས་མོ་གླང(༡༣༦༡)ལོར་གཙང་ལ་སྟོད་གཡས་རུ་བྱང་མའི་ཆབ་འོག་འོ་བ་ལྷ་རྩེ་རིན་ཆེན་སྡིངས(ངམ་རིང་རྫོང་ཁོངས་མདོ་སྤེ་ཆུས)ལ་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྐུ་བལྟམས། རབ་བྱུང་བརྒྱད་པའི་ཤིང་མོ་སྦྲུལ(༡༤༨༥)ལོར་གཙང་སྟོད་རི་བོ་ཆེར་སྐུ་གཤེགས། དགུང་གྲངས་བརྒྱ་དང་ཉི་ཤུ་རྩ་ལྔ་འཚོ་ཞིང་བཞེས་པར་ངེས། ཐང་སྟོང་རྒྱལ་པོའི་ཡབ་རྡོ་རྗེ་རྒྱལ་མཚན་དང་། ཡུམ་རྒྱ་གར་ལྷ་མོ་གཉིས་ལ་རིགས་ཀྱི་མྱུ་གུ་ལྕམ་སྲིང་དྲུག་བྱུང་བ་སྟེ་སེ་རོ་དཔལ་དང་། སློབ་དཔོན་དཔལ་ཚུལ། འཕན་པོ། སྔ་དར། ཁྲོ་བོ་དཔལ་ལྡན། ལྕམ་མོ་དཔལ་འཛིན་རྡོ་རྗེ་མ་བཅས་ཡིན་པ་ལས་ལྔ་པ་ཁྲོ་བོ་དཔལ་ལྡན་ཞེས་པ་ནི་ཕྱིས་ཐང་སྟོང་རྒྱལ་པོར་འབོད་པ་དེ་ཡིན། ཐང་སྟོང་རྒྱལ་པོ་བྱིས་པའི་དུས་ནས་སྤྱང་གྲུང་འཛོམས་ལ་ཕན་སེམས་ཆེ་བ། རིག་པ་རྣོ་བས་ཕ་མ་གཉིས་ཀྱིས་ཁོང་དགོན་པ་བྱང་སྡིངས་སུ་ཆོས་སྐྱོང་དཔལ་བའི་དྲུང་དུ་ཀློག་ཡིག་སློབ་པར་བསྐྱལ། གང་དེས་སྙིང་རུས་ཆེན་པོས་སློབ་གཉེར་མཛད་པས་རིང་པོར་མ་ཐོགས་པར་བོད་ཡིག་དང་། ལཉྩ། ཝརྟུ་སོགས་བརྡ་སྤྲོད་རིག་པའི་གནས་ལ་ཤིན་ཏུ་མཁས་པར་གྱུར། དེ་ནས་མ་ཡི་རེ་བ་ལྟར་དགོན་པ་བྱང་སྡིངས་སུ་ཉི་མ་སེང་གེའི་དྲུང་དུ་རབ་ཏུ་བྱུང་། མདོག་སྟོད་སྐྱ་རའི་དགོན་པར་དཀའ་ལྔ་པ་དཔལ་འབྱོར་ཤེས་རབ་ཀྱི་དྲུང་དུ་བསྙེན་པར་རྫོགས། མཚན་བརྩོན་འགྲུས་བཟང་པོར་བཏགས། ངམ་རིང་ཆོས་སྡེར་མཁས་པ་བློ་གྲོས་རྡོ་རྗེ་དང། དཀོན་མཆོག་དར་མ་ལས་སྡེ་སྣོད་ཀྱི་རིག་ལམ་མང་པོ་གསན། དེ་རྗེས་ས་སྐྱར་དཀའ་བཞིའི་གྲྭ་སྐོར་ལ་བྱོན། དེ་ནས་གངས་བུ་ལེར་དར་མ་དཔའ་བ་ལས་ཆུའི་དཀའ་ཐུབ་ཀྱི་གདམས་པ་དང་། ལྷ་གདོང་པ་བསོད་ནམས་མཆོག་དང། ཀུན་སྤངས་རིན་ཆེན་རྒྱལ་མཚན། རེད་མདའ་བ་གཞོན་ནུ་བློ་གྲོས། བྱ་ཕུར་བ་སོགས་ལས་གསངས་སྔགས་གསར་རྙིང་དང་། མེ་རླུང་གི་སྒོམ་ཐབས་སོགས་མན་ངག་དུ་མ་གསན་ནས་གཅིག་ཏུ་མ་ངེས་པའི་དབེན་པའི་གནས་སུ་ལོ་མང་རིང་སྒོམ་སྒྲུབ་ལ་གཞོལ། དེ་ནས་བལ་ཡུལ་དུ་ཕེབས་ནས་བྷ་རོ་མ་ནུ་དྷ་རས་གསེར་དངུལ་སོགས་ཆ་རྐྱེན་དུ་མཛད་ནས་འཕགས་པ་ཤིང་ཀུན་ལ་སྐུ་དཀར་གསོལ་ཞིང་། བྱ་རུང་ཁ་ཤོར་ལ་ཉམས་གསོ་ལེགས་པོ་མཛད། ལོ་བཅོ་བརྒྱད་ཙམ་རིང་བལ་ཡུལ་དང་རྒྱ་གར་ཕྱོགས་འབྱོན་བཞུད་ཀྱིས་རྡོ་རྗེ་གདན་དང། ཟངས་གླིང་སོགས་ལ་ཕེབས། གྲུབ་ཐོབ་མང་པོ་ལ་ཆོས་གསན། རྡོ་རྗེ་གདན་དང་ཉེ་བའི་གསང་བ་རྡོ་རྗེ་ཕུག་ཏུ་སྔགས་རྙིང་མའི་གྲུབ་ཐོབ་སྐལ་ལྡན་རྡོ་རྗེ་གྲགས་པ་ཞེས་པ་ལས་རྙིང་མའི་ཆོས་སྐོར་མ་ལུས་པ་གསན། ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས། སླར་བོད་ལ་ཕེབས་ནས་ཟབ་ཆོས་དེ་དག་གཏེར་དུ་སྦས། དེ་ནས་ཡུམ་རྒྱ་གར་ལྷ་མོ་འདས་པའི་གདུང་རུས་ལ་སངས་རྒྱས་བྱང་སེམས་མང་པོའི་ས་པར་བཏབ་ནས་མཆོད་རྟེན་བརྩིགས་པ་དང། གསུང་རྟེན་གསེར་བྲིས་ཀྱི་མདོ་སྡུད་པ། སྐུ་རྟེན་ལ་བྲིས་ཐང་བཞེངས་པ་བཅས་ནི་རྟེན་བཞེངས་ཀྱི་ཐོག་མ་ཡིན་གསུངས། ཐང་སྟོང་རྒྱལ་པོ་ཞེས་མཚན་ཐོག་ཚུལ་ནི། ཁྱབ་གདལ་ཆེན་པོའི་ཐང་ཆེན་ན། །སྟོང་ཉིད་རྟོགས་པའི་རྣལ་འབྱོར་བ། །འཇིག་རྟེན་རྒྱལ་པོ་ལྟ་བུར་བཞུགས། །དེ་ཕྱིར་ཐང་སྟོང་རྒྱལ་པོ་ཐོབ། །ཅེས་གཙང་རྒྱལ་སྡེའི་ཐང་ཁར་བཞུགས་པའི་དུས་དེ་ནས་ཡོངས་གྲགས་སུ་གྱུར། ཐང་སྟོང་རྒྱལ་པོ་ནི་གནས་མཆོག་ཀུན་དུ་རྒྱུ་བའི་རྣལ་འབྱོར་པ་ཞིག་ཀྱང་ཡིན་པས་ཐེངས་གཅིག་ཚལ་གུང་ཐང་ནས་ལྷ་སར་འབྱོན་པའི་ལམ་བར་ལྷ་གདོང་ཤན་ཁར་གྲུ་དཔོན་ལ་གླ་རྔན་གནང་རྒྱུ་མ་བྱུང་བས་ལ་ཁར་ཇག་པ་དང་ཆུ་ཁར་གཉན་དཔོན་གྱི་དཔེ་ལྟར་གྲུ་དཔོན་གྱིས་ཁོང་གི་དབུ་ལ་ཤན་སྐྱ་ལན་གསུམ་གཞུས་ཏེ་ཆུ་ནང་དུ་བསྐྱུར་བས་ཐུགས་ཡིད་ཤིན་ཏུ་ཕམ་པ་ཞིག་བྱུང་བ་མ་ཟད། ཉམ་ཐག་གི་སྐྱེ་བོ་བགྲང་ལས་འདས་པ་ཞིག་ཀྱང་འདི་དང་འདི་འདྲའི་བརྙས་བཅོས་དང་དཀའ་སྡུག་མྱོང་དགོས་པ་ཤུགས་ཀྱིས་མཁྱེན་ནས་སླར་ཐུགས་ཀྱིས་མ་བཟོད་པར་ཆུ་ཀླུང་བརྒལ་མི་བཏུབ་པ་རྣམས་ལ་ལྕགས་ཀྱི་ཟམ་པ་འཛུགས་རྒྱུའི་མི་ཕྱེད་པའི་དམ་བཅའ་ཐུགས་ལ་བཀོད། དེ་ནས་འབངས་དུ་མས་བཙལ་བའི་གསེར་ཞོ་རྒྱ་ཐམ་པ་ཕྱག་རྫས་སུ་བསྣམས་ཏེ་ཀོང་པོར་ལྕགས་འཚོལ་བར་ཕེབས། དེ་ལྟར་རིམ་བཞིན་དད་འདུས་གྱི་སློབ་མ་ལྔ་བཅུ་ཙམ་བྱུང་བ་རྣམས་ཁྲིད་དེ་སྔ་རྗེས་སུ་ཀོང་ཡུལ་སྟེང་རྩ་དང་། བྷ་ཁ། སྨན་མོ་སྒང་སོགས་ལ་ཕེབས་ཤིང་། ས་ཆ་དེ་ཚོའི་མང་ཚོགས་ལ་ལྕགས་ཟམ་འཛུགས་པའི་དགོས་པ་དགེ་མཚན་དྲིལ་བསྒྲགས་ཏེ་ལྕགས་ཀྱི་སློང་མོ་མཛད་པ་དང་དུས་མཚུངས་རང་ཉིད་འཁོར་བཅས་ལྕགས་ཁ་སྔོག་འདོན་གྱི་ལས་ལ་བཞུགས། ལྷག་པར་ཀོང་པོ་སྨན་མོ་སྒང་དུ་ཚོགས་ཁང་ཀ་བ་བཅུ་གཉིས་ཟླ་བ་གཅིག་ལ་གྲུབ་ནས་ལྕགས་ཀྱི་གཏེར་ཁ་སྟོབས་ཆེ་བ་བཏོན། ཀོང་པོ་བ་རྣམས་ཀྱིས་ཕུལ་བ་ལ་དམིགས་རྟེན་མཛད། མགར་བ་མང་པོ་བསགས་ནས་ལྕགས་བརྡུངས་དགོས་དགོངས་པའི་ཚེ་ཀོང་པོ་བ་དོན་གྲུབ་རྒྱལ་པོས་ལྕགས་ཁུར་པོ་བཅུ་གསུམ་ཕུལ་བ་སོགས་ལྕགས་ཧ་ཅང་མང་པོ་བྱུང་བར་ཀུན་དགའ་སོགས་མགར་བ་མང་པོ་དང་ལྷན་ཅིག་ཏུ་བཟོ་མཛད། ཞག་བཅོ་བརྒྱད་ཀྱི་རིང་ལ་ལྕགས་ཐག་འདོམ་བཅོ་བརྒྱད་ཡོད་པ་བཞི་གྲུབ་པས་མཚོན་ལྕགས་གུག་རྐང་བུ་སྟོང་ཕྲག་མང་པོ་བཟོ་རྡུང་མཛད། དེ་དག་སྐྱེལ་འདྲེན་གྱི་མཛོ་གཡག་ཀྱང་ཀོང་པོ་བ་རྣམས་ལ་སྐུལ་མ་གནང་སྟེ་ཐོག་མ་ཁོ་ནར་མཛོ་ཉིས་བརྒྱ་བཞི་བཅུ་ལ་ལྕགས་བཀལ་ནས་དབུས་གཙང་ཕྱོགས་སུ་བརྫང་། ཐང་སྟོང་རྒྱལ་པོ་རང་ཡང་གཙང་སྟོད་དུ་ཕྱིར་ཕེབས་ནས་འབུལ་བ་བྱུང་ཚད་ལྕགས་ལ་བསྒྲིལ་ཏེ་ལྕགས་གུག་རྐང་བུ་བརྡུངས་ནས་རྐང་བུ་བཅོ་ལྔ་ལ་དོས་ཚང་བྱས་པའི་ལྕགས་ཕུར་སྟོང་ཕྲག་གཅིག་དང་སུམ་བརྒྱ་བྱུང་བ་པ་གྲོ་བ་རྣམས་ཀྱིས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ཕག་རི་བར་བསྐྱལ། ལྕགས་ཕུར་ཉིས་བརྒྱ་ཐམ་པ་དཔལ་ཆུ་བོ་རིར་བརྫངས། ལྕགས་ཕུར་སྟོང་ཕྲག་གཅིག་དང་བརྒྱ་ལ་སྟོད་བྱང་ལ་དྲངས། གཞན་ཡང་དབུས་གཙང་ཁམས་གསུམ་དང་མོན་ཡུལ་སོགས་ལ་ཕེབས་ནས་ལྕགས་མང་པོ་བསྒྲུབས། དེ་རྗེས་སླར་ཡང་ཀོང་ཡུལ་ལ་ཕེབས་པར་ཆབ་དཀར་ནག་སོགས་ཀོང་པོའི་ཡུལ་གྲུ་ཁག་ལ་ལྕགས་ཀྱི་གཏེར་ཁ་མི་གཅིག་པ་མང་པོ་བརྡོལ་བ་སྟབས་འགྲིགས་པས་ལྕགས་ཀྱི་འབུལ་བ་མཐའ་ཡས་པ་བྱུང་བ་དང་དུས་མཚུངས་སྔ་ས་ནས་ཀོང་པོ་རྩ་གོང་དུ་ཆེད་དུ་མངགས་ནས་བཞག་པའི་སློབ་མ་རྣམས་ཀྱིས་ཀྱང་ཐང་སྟོང་རྒྱལ་པོ་ཀོང་ཡུལ་ཙ་ཀོང་དཔལ་གྱི་གནས་གསར་དུ་ཕེབས་པའི་སྐུ་གདོང་དུ་ལྕགས་གུག་རྐང་བུ་དོས་མགོ་སུམ་བརྒྱ་དུས་གཅིག་ཏུ་སྤུངས། དེ་ནས་ཐང་སྟོང་རྒྱལ་པོ་ལ་སྟོད་ཕྱོགས་སུ་ཕྱིར་ལོག་ཕེབས་རྗེས་དཔོན་སློབ་མ་ཆོས་སྒྲོན་ཀོང་ཙ་གོང་ལ་མངགས་པ་ལྟར་དེ་གར་ལྕགས་གུག་རྐང་བུའི་ཕུང་པོ་རི་ཆུང་ཙམ་ཡོད་པ་རྣམས་ཀོང་པོ་བ་ཚོར་རྔན་པ་ཆེན་པོ་གནང་ནས་བརྫངས་པས་ཉ་མགོ་གྲུ་ཁར་ཕེབས། དེ་ལྟར་ཐང་སྟོང་རྒྱལ་པོས་ཡུལ་གྲུ་མང་པོར་སློང་མོ་མཛད་པའི་ལྕགས་དང་རང་ཉིད་འཁོར་བཅས་ཀྱིས་ལྕགས་ཁ་སྔོག་འདོན་གནང་ནས་བྱུང་བའི་ལྕགས་རྣམས་ལས་ལྕགས་གུག་རྐང་བུ་ཁྲི་ཕྲག་དུ་མ་བཟོ་སྐྲུན་མཛད་དེ་ལྕགས་ཟམ་འཛུགས་ཡུལ་གྱི་ས་ཆ་ཁག་ལ་དྲངས་སོ། །ལྕགས་ཟམ་འཛུགས་ས་ལྷ་གདོང་ཤན་ཁར་ཕེབས་སྐབས་སྐུ་ངལ་ཆེན་པོ་ཕྲད་པས་ཐོག་མར་སྐྱིད་ཆུའི་གྲུ་ཁ་འདི་ཉིད་དུ་ལྕགས་ཟམ་འཛུགས་རྒྱུའི་དམ་བཅའ་བཀོད་ཡོད་པ་ལྟར་དགུང་གྲངས་བདུན་ཅུ་ཞེས་པ་རབ་བྱུང་བདུན་པའི་ལྕགས་ཕོ་ཁྱི(༡༤༣༠)ལོར་ལྷ་སར་ཕེབས་ནས་སྡེ་པ་སྐྱིད་ཤོད་པ་དང་ཁུལ་དེའི་སེར་སྐྱ་ཀུན་ལ་གཙང་པོའི་ལྷོ་བྱང་གཉིས་སུ་རྡོ་གསོག་པའི་སྐུལ་མ་གནང་བར་ལྕགས་ཟམ་འཛུགས་མི་ཐུབ་ཟེར་བ་སོགས་མ་འདོད་པའི་གཏམ་སྣ་ཚོགས་བྱུང་ཡང་། མི་སེར་རྣམས་ཀྱིས་རྡོ་བ་མང་དུ་བསགས་ནས་ཆུའི་བྱང་དུ་ཟམ་རྟེན་བརྩིགས་ཤིང་། ལྷོ་ཕྱོགས་སུ་བྲག་ལ་ལྕགས་ཕུར་བཏབ་ནས་ལྕགས་ཐག་གི་སྣེ་གཉིས་བཀལ། ལྕགས་ཟམ་ལ་འདོགས་བྱེད་ཐག་པ་འབུལ་མཁན་མ་བྱུང་བར་སྡེ་པ་སྐྱིད་ཤོད་པ་ལ་ཐང་སྟོང་རྒྱལ་པོས་ཁོ་བོས་ཤར་ཀོང་པོའི་ཡུལ་ནས་ལྕགས་འདི་ཙམ་འཁྱེར་ཡོད་ཀྱང་ཁྱེད་ཀྱིས་ཐག་པ་ཙམ་ཞིག་ཀྱང་མི་སྟེར་བ་བསམ་པ་ཆུད་ཅེས་གསུངས་པ་དང་། མཐར་སྐྱིད་ཤོད་ཕུ་མདའི་མི་སེར་རྣམས་ཀྱིས་ཐག་པ་མི་ཁུར་བརྒྱ་ཕུལ་བ་ལྕགས་ལ་བཏགས་པ་བཅས་ལོ་དེ་རང་ལ་ལྕགས་ཟམ་ལེགས་པར་གྲུབ། དུས་དེ་ནས་བཟུང་གྲུབ་ཐོབ་ལྕགས་ཟམ་པ་ཞེས་སྙན་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ་པར་གྱུར་ཏོ། །
གཞན་ཡང་ཡར་ལུང་ཉ་མགོ་གྲུ་ཁའི་ལྕགས་ཟམ་འཛུགས་པའི་ཚུལ་ནི་གདུང་ཤིན་ཏུ་རིང་བ་ལ་འཕྱར་དར་གྱིས་མཛེས་པ་གཙང་པོའི་དབུས་སུ་བཙུགས། ལྷོ་བྱང་གཉིས་ཀ་ལ་རྡོ་ཤིན་ཏུ་དཀོན་ཡང་བྱེ་མའི་གསེབ་ནས་རྡོ་བཏོན་ཏེ་ཤན་དང་ཀོ་བ་རྣམས་སུ་བཅུག། དར་ཆེན་གྱི་དྲུང་དུ་སླེབས་པ་དང་རྡོ་རྣམས་ཆུ་ཀླུང་ཆེན་པོ་ལ་བསྐྱུར། ཟམ་འབུམ་ལེགས་པར་གྲུབ། ལྕགས་རྣམས་སྦྲེལ་ནས་དབུས་གཙང་ཐམས་ཅད་ཀྱི་ཆུ་དྲིལ་བའི་རྒྱ་མཚོ་མེར་བ་ལྟ་བུའི་བྱང་གི་ཕྱོགས་ལ་ཟམ་མིག་སུམ་ཅུ་རྩ་གཉིས་དང་བཅས་པ་རབ་བྱུང་བརྒྱད་པའི་ཤིང་མོ་སྦྲུལ(༡༤༨༥)ལོའི་ཧོར་ཟླ་བདུན་པའི་ཚེས་བཅོ་ལྔའི་ཡན་ལ་ལེགས་པར་གྲུབ་པ་བཅས་འདི་ནི་ཐང་སྟོང་རྒྱལ་པོས་འཛུགས་པར་མཛད་པའི་མཐའ་མཇུག་གི་ལྕགས་ཟམ་དེ་ཡིན། ཐང་སྟོང་རྒྱལ་པོས་འཛུགས་སྐྲུན་གནང་བའི་ལྕགས་ཟམ་རྣམས་ཁག་གསུམ་ལ་དབྱེ་ཆོག་པ་ཏེ་ཐད་ཀར་ཇུས་འདོན་སྣེ་ཁྲིད་ཀྱིས་བསྐྲུན་པ་ལྷ་ས་སྐྱིད་ཆུའི་ལྕགས་ཟམ་ལྟ་བུ་དང་། ཇུས་འགོད་དང། གཞི་འདིང་བ། ལྕགས་ཐག་འཐེན་པ་སོགས་འགག་རྩའི་གནས་སྐབས་སུ་རང་ཉིད་ངོ་མ་ཞུགས་ཤིང་། བར་གྱི་བྱ་བ་བུ་སློབ་རྣམས་སྒྲུབ་ཏུ་བཅུག་པ་ཆུ་བོ་རིའི་ལྕགས་ཟམ་ལྟ་བུ། བུ་སློབ་རྣམས་མངགས་རྫོང་གནང་ནས་བསྐྲུན་པ་ཡར་ལུང་ཉ་མགོ་གྲུ་ཁའི་ལྕགས་ཟམ་ལྟ་བུའོ། །གང་དེས་དབུས་གཙང་ཁམས་གསུམ་ལ་བསྡོམས་ལྕགས་ཟམ་ལྔ་བཅུ་ང་བརྒྱད། ཤན་ཆེན་དང་གྲུ་འདྲེས་པ་བརྒྱ་དང་བཅོ་བརྒྱད། ཤིང་ཟམ་དྲུག་ཅུ་ཐམ་པ། སྐུའི་རྟེན་རྒྱབ་མཐོ་སུམ་ཅུ་སོ་བདུན་ཆེ་ཚད་དང་། ཆུང་ཚད་མཁྱིད་གང་ལས་བྱས་པའི་རིན་པོ་ཆེ་གསེར་དངུལ་བྱུ་རུ་མུ་མེན་སྤོས་ཤིལ་དུང་རྣམས་ལས་གྲུབ་པ་བརྒྱ་ཕྲག་དུ་མ། འཇིམ་པ་ལས་གྲུབ་པ་རྒྱབ་མཐོ་ལྔ་བཅུ་ང་ལྔ་ནས་མཐོ་གསུམ་མའི་བར་སྟོང་ཕྲག་ལྔ། གྱང་རིས་རས་བྲིས་བསམ་གྱིས་མི་ཁྱབ་པའི་འདུ་ཁང་དང་གཙུག་ལག་ཁང་བརྒྱ་དང་ཉི་ཤུ། གསུང་གི་རྟེན་གསེར་ལས་གྲུབ་པའི་བཀའ་འགྱུར་ཞིག་གི་མགོ་བྱས་བཀའ་འགྱུར་བཅོ་བརྒྱད། བསྟན་འགྱུར་བཅོ་ལྔ། ཐུགས་ཀྱི་རྟེན་དཔལ་རི་བོ་ཆེའི་མཆོད་རྟེན་ཆེན་པོའི་ཕྱོགས་རེ་ལ་ཕོ་འདོམ་བཞི་བཅུ་ཡོད་པ་ཆེ་ཚད་དང་ཕྱོགས་རེ་ལ་འདོམ་བརྒྱད་ཡོད་པས་ཆུང་ཚད་བྱས་པའི་མཆོད་རྟེན་བརྒྱ་དང་བཅུ་གཅིག། དབེན་གནས་ཐར་པ་གླིང་ལ་སོགས་པ་སྒྲུབ་སྡེ་མང་པོ་དང་སེམས་ཅན་གྱི་སྲོག་སྐྱོབ་པ། སྦས་ཡུལ་དང་མཐའ་འཁོབ་རྣམས་སུ་གནས་སྒོ་འབྱེད་པ་སོགས་དང། ཐོག་མར་ལྕགས་ཟམ་གྱི་མཐུན་རྐྱེན་སྒྲུབ་བྱེད་དུ་བོད་ཀྱི་ལྷ་མོའི་ཟློས་གར་གསར་གཏོད་གནང་བ་དང། ཐང་སྟོང་རྒྱལ་པོས་འཛུགས་སྐྲུན་གནང་བའི་ལྕགས་ཟམ་དེ་རྣམས་བཟོ་དབྱིབས་ཀྱི་ཐད་ནས་བཤད་ན་དཔྱང་ཟམ་ཡིན་པ་དང་། དེ་ཡང་རིང་ཚད་དང་ཞེང་ཚད་སྣ་ཚོགས་པ་ཞིག་ཡོད་པ་ལས་རིང་བའི་ཚད་ལ་སྤྱི་ཁྲེ་བརྒྱ་ལྷག་ཙམ་དང་ཐུང་བའི་གྲས་ལ་སྤྱི་ཁྲི་ལྔ་བཅུ་ཙམ་དུ་ཡོད། ཞེང་ཚད་ལ་ལར་སྤྱི་ཁྲེ་གཉིས་ཙམ་དང་། མང་ཆེ་བར་སྤྱི་ཁྲེ་གང་དང་སྤྱི་སྐར་ལྔ་བཅུའི་ཚད་དུ་ཡོད་པར་སྣང་། ཟམ་པ་རྒྱག་ཡུལ་གྱི་ས་བབ་དང་། གཙང་པོའི་ཞེང་ཚད། གཏིང་ཚད་སོགས་ལ་གཞིགས་ཏེ་མི་འདྲ་བའི་ཁྱད་པར་ཡོད་པ་ནི། གཙང་པོ་ཁ་ཞེང་ཆེ་ཡང་གཏིང་ཚད་ཧ་ཅང་ཟབ་མོ་མེད་ལ་འབབ་རྒྱུན་གཟར་ཚད་ཀྱང་ཆེན་པོ་མེད་པའི་རིགས་ལ་ཆུ་ཀླུང་གི་དབུས་སུ་ཟམ་འབུམ་བརྩིགས་ཡོད་པ་དང་། གཏིང་ཚད་ཟབ་ལ་ཆུ་འགྲིལ་ཆེ་ཞིང་། འབབ་རྒྱུན་གཟར་པོའི་རིགས་ལ་ལྕགས་ཐག་ཡུག་གཅིག་གིས་སྦྲེལ་བ་དེ་ལ་ཡང་ལྕགས་སྣེ་གཉིས་ཀ་ཟམ་རྔུར་ལ་བརྟེན་པའམ། གཞོགས་གཅིག་བྲག་རིར་རིང་ཚད་སྤྱི་ཁྲེ་གཉིས་ཙམ་དངསྦོམ་ཚད་སྤྱི་སྐར་དྲུག་ཙམ་ཡོད་པའི་ལྕགས་ཕུར་བཏབ་ནས་ལྗིད་ཚད་རྟེན་བྱེད་རྡོ་རྩིག་གི་སྟེགས་བུ་སྲ་བརྟན་བརྒྱབ་ཡོད། ལྟོ་བར་བུ་ག་ཕུག་པའི་རྡོ་སྒོར་མོ་བར་མཚམས་ངེས་ཅན་དང་བཅས་སྟར་དུ་བསྒྲིགས་པར་ལྕགས་ཐག་བརྒྱུས་ཏེ་མཚམས་མཚམས་ལ་རྒྱབ་བཀག་ལྕགས་ཕུར་བཏབ་ནས་རྡོ་ཆེན་སྒོར་མོ་དེ་རྣམས་ཟམ་རྔུར་དང་ཟམ་འབུམ་གྱི་དཀྱིལ་དུ་བཙུད་དེ་གཡས་གཡོན་རྡོ་རྩིག་གིས་བསྡོམས་ནས་ལྗིད་ཚད་བརྟེན་ཐུབ་པ་བཟོས་ཡོད། ཟམ་འབུམ་དང་ཟམ་རྔུར་གྱི་མདུན་ངོས་ལྕགས་ཐག་འགེལ་སར་གདུང་མ་འཕྲེད་དུ་བཀལ་ཡོད་པ་དེ་ལ་མི་སེར་ཚོས་གཉའ་ཤིང་ཞེས་འབོད་སྲོལ་འདུག ལྕགས་ཐག་འཁྱོམ་པའི་སྐབས་བརྡར་ཤུགས་ཆེ་བས་རྡོ་ལ་མ་རེག་པར་གདུང་མ་དེ་དག་གིས་ལྕགས་ཐག་ལ་ཟོན་སྐྱོར་གྱི་ཕན་ཆ་ཡོད་འདུག་ཅིང་། གདུང་མ་བརྡར་ཟད་དུ་གྱུར་པའི་ཚེ་གསར་དུ་བརྗེ་ཆོག སོ་མའི་ཐག་པས་ལྕགས་ཐག་ཕན་ཚུན་སྦྲེལ་བའི་དྲ་མིག་གི་སྟེང་དུ་རྡོག་ཤིང་ཞེས་པ་པང་ལེབ་བཏིང་ནས་ཅི་བདེར་བགྲོད་ཆོག་པ་ཡོད། གཞན་ཡང་ལྕགས་ཐག་གཉིས་གཤིབ་དང་བཞི་སྦྲགས་སྣ་ཚོགས་ཡོད་པ་མ་ཟད། ལྕགས་ཐག་ཕྲ་སྦོམ་འདྲ་མིན་ཡོད་པ་ལས་འགྲུལ་བཞུད་ཆེ་ཞིང་ཟམ་ཐག་རིང་བའི་གྲས་ལ་བྱིས་པ་ལོ་བརྒྱད་ལོན་པའི་ལག་ངར་ཙམ་དང་། ཐུང་བའི་རིགས་ལ་དེ་ལས་ཅུང་ཟད་ཕྲ་བ་ཡོད། ལྕགས་གུག་རྐང་བུའི་འགྲིག་ཁ་མིག་བཙུམས་པ་ལྟར་མཐུད་ཀ་གང་ཡིན་མངོན་མི་ཐུབ་པ་མ་ཟད། ལྕགས་རྣམས་ཞུན་ཧ་ཅང་དག་པོ་ཡོད་པའི་ཐོག་ལུ་གུ་རྒྱུད་དུ་སྦྲེལ་བའི་ལྕགས་གུག་རྐང་བུ་སྟོང་ཕྲག་མང་པོ་ཀོང་གཅིག་ཏུ་བླུགས་པ་ལྟ་བུའི་བཟོ་བཀོད་གཅིག་མཚུངས་འཇམ་ཤ་དོད་པ་བཅས་འདུག། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་ལ་ཆར་རྒྱུན་དྲག་པོའི་འོག་ཏུ་གནས་ཀྱང་བཙའ་མི་རྒྱག་པ་དང་ལྕགས་ཀྱི་རང་མདོག་མ་ཉམས་པར་ཡོད་པ་ལ་སོགས་ཁྱད་ཆོས་མང་པོ་མིག་ལམ་དུ་འདྲེན་རྒྱུ་ཡོད། ལོ་རབས་ལྔ་བཅུ་པའི་དུས་སྐབས་ཙམ་ལའང་བོད་ལྗོངས་ཀྱི་འགྲིམ་འགྲུལ་ཐོག་ལ་ཕན་ནུས་ཐོན་ཡོད་པ་མ་ཟད། འགྲིམ་འགྲུལ་མི་བདེ་བའི་ལུང་བའི་ལུང་ཁུག་འགའ་ཞིག་ཏུ་ད་ལྟ་ཡང་ལྕགས་ཟམ་དེ་ཚོའི་ཐོག་འགྲུལ་བཞུད་བྱེད་མུས་སུ་ཡོད། སྔར་སོང་རང་བྱུང་འགྱུར་བའི་ལོ་རབས་ནང་ཉམས་གསོ་དང་། བདག་གཅེས་མེད་པས་ཉམས་ཞིག་ཏུ་གྱུར་པ་དང། བོད་འདིར་སྔར་སོང་མི་ལོ་ཉིས་སྟོང་ཙམ་གྱི་སྔོན་ནས་ཆུ་ཆེན་པོར་ཟམ་པ་འཛུགས་པའི་རིག་པ་དང་ལག་རྩལ་ཡོད་པ་ཙམ་དུ་མ་ཟད། ཐང་སྟོང་རྒྱལ་པོ་ནི་དར་མ་དཔལ་བ་སོགས་ལས་མེ་རླུང་དང་ཆུའི་དཀའ་ཐུབ་ཀྱི་གདམས་ངག་ཐོབ་རྗེས་སྦྱངས་པ་མཐར་ཕྱིན་པ་མཛད་མྱོང་བ་ཞིག་ཡིན་པས་མེ་རླུང་གི་སྒོམ་དང་ཆུའི་དཀའ་ཐུབ་ལྷུར་བླུངས་ཏེ་ཕུང་ཁམས་ཀྱི་རང་འཕེལ་བདེ་བགྲོད་ཀྱི་ནུས་པ་སོགས་ལ་བརྟེན་ནས་གྲང་ངར་བཟོད་ཐུབ་པ་དང་ཆུས་མི་ཚུགས་པ་སོགས་དམིགས་བསལ་གྱི་ཁྱད་ནུས་ཐོན་རྒྱུ་ཡོད་པ་ནི་ཕུང་ཁམས་ཀྱི་འགྱུར་བའི་རྒྱུ་མཚན་ཡིན། ཐང་སྟོང་རྒྱལ་པོ་ནི་བོད་རིགས་མི་དམངས་ཀྱིས་རྒྱུས་མངའ་ཆེ་ཤོས་དང་མོས་གུས་ཆེན་པོ་ཞུ་བའི་ལོ་རྒྱུས་ཐོག་གི་མི་སྣ་ཞིག་ཡིན་ཅིང་། དེའི་རྒྱུ་མཚན་གཙོ་བོ་ནི་ཁོང་གི་སྐུ་ཚེ་གཅིག་རིང་མི་དམངས་ལ་ཕན་ཐོགས་ཡོད་པའི་བྱ་བ་བཟང་པོ་ཇི་སྙེད་མཛད་པ་དང་། ལྷག་པར་ལྕགས་ཟམ་འཛུགས་སྐྲུན་དང་ལྷ་མོ་གསར་བཏོད་གནང་བ་སོགས་ཡིན། གང་དེའི་བཀའ་དྲིན་ལ་རྗེས་དྲན་ཞུ་ཆེད་སྔ་དུས་ཁྱིམ་ཚང་སོ་སོར་ཐང་སྟོང་རྒྱལ་པོའི་སྐུ་བརྙན་རེ་བསྟན་པའམ་ཡང་ན་གནས་ཁང་གསར་པར་སྤོ་སྐབས་ཐོག་མར་ཐང་སྟོང་རྒྱལ་པོའི་སྣང་བརྙན་གདན་འདྲེན་པ་སོགས་བྱེད་སྲོལ་ཡོད།
རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།