ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་སློབ་བརྒྱུད་དང་བཅས་པའི་སྐྱེས་ཆེན་དགུ།

BB9FD8D7-8539-4101-BF17-708031B4EBBB.jpg

གཞི་གསུམ་རྡོ་རྗེ་རྒྱ་ཡི་ཕྱག་ཐམ་ལ།།དུས་ཀུན་སྲོག་དང་བཟླས་ཏེ་བཀུར་བའི་བརྒྱུད།།

ཕ་རྒོད་པཎ་གྲུབ་བྱེ་བའི་ཟུར་ཕུད་ན།།སྟོན་པ་མཆོག་གི་རྒྱལ་ཚབ་བཞེས་རྣམས་རྒྱལ།།

སྐུ་པར་དང་པོ། ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ།

རྗེ་འདི་བ་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་འདེབས་པ་བོ་ཡིན།ཁོང་མདོ་སྨད་ལ་མོ་བདེ་ཆེན་མདའ་བཞིའི་དཀར་ཐང་མར་ཁུའི་མཚོ་མོ་ཞེས་པའི་ཡུལ་དུ་ཡབ་པད་མིག་དང་། ཡུམ་མ་ཅིག་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་བྱི་༼ཕྱི་ལོ༡༨༥༢༽ལོར་འཁྲུངས། དགུང་ལོ་བཞི་བར་ལ་མོ་བདེ་ཆེན་དགོན་དུ་རོང་པོ་ཨ་ལགས་སུ་གྲགས་པ་དགེ་བཤེས་བློ་བཟང་བསྟན་འཛིན་བསྟེན་ནས་ཀློག་བསླབས། ཆོས་སྤྱོད་སོགས་ཐུགས་འཛིན་མཛད། དགུང་ལོ་བརྒྱད་པར་རྗེ་བཙུན་དགེ་འདུན་ཆོས་སྐྱོང་རྒྱ་མཚོའི་དྲུང་ནས་རབ་ཏུ་བྱུང་། བདེ་ཆེན་དགོན་དུ་རྩོད་པའི་གྲྭར་ཞུགས་ནས་མདོ་སྔགས་ཀུན་ལ་གསན་བསམ་མཛད། དགུང་ལོ་བཅོ་ལྔའི་སྟེང་སྒྲུབ་གནས་ཡིད་དགའ་ཆོས་འཛིན་དུ་སྐྱབས་རྗེ་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོ་དང་མཇལ།རྡོ་རྗེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་གིས་དབུ་བཟུང་སྟེ་ཆོས་རྒྱལ་ལྷ་མོ་རྣམས་ཀྱི་རྗེས་གནང་སོགས་ཕངས་མེད་དུ་བསྩལ།དགུང་ལོ་བཅུ་དགུ་ཙམ་ལ་ཨ་རོལ་རྡོ་རྗེ་འཆང་ལ་རི་ཁྲོད་དུ་ཕེབས་རྒྱུའི་རེ་བ་ཞུས་ཀྱང་། སྐུ་ན་ཆུང་བས་བླ་བྲང་དུ་ཨ་ཁུ་རིན་པོ་ཆེ་ཤེས་རབ་རྒྱ་མཚོའི་མདུན་ནས་རེ་ཞིག་སློབ་གཉེར་ལ་འབད་པ་བྱས་ན་ལེགས་པའི་གསུང་བྱོན་པ་ལྟར་མདོ་སྨད་བཤད་གྲྭ་ཆེན་མོ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཕེབས་ནས་རྗེ་ཤེས་རབ་རྒྱ་མཚོ་དང་ཐུའུ་བཀྭན་ཡོངས་འཛིན་བསྟན་པ་རྒྱ་མཚོ་རྣམ་གཉིས་ལས་དབང་བཀའ་ཅི་རིགས་པར་གསན་བསམ་རྒྱ་ཆེན་པོ་གནང་།དགུང་ལོ་ཉི་ཤུ་བར་རྗེ་ཤེས་རབ་རྒྱ་མཚོ་ལས་རབ་བྱུང་དགེ་ཚུལ་བསྐྱར་སྒྲུབ་དང་དགེ་སློང་གི་སྡོམ་པ་བཞེས།དེ་ནས་རེབ་གོང་དུ་ཕེབས་ཏེ་ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རིགས་རྒྱ་མཚོས་དབང་བཀའ་ཟབ་རྒྱས་རྣམས་དགུང་ལོ་ཉེར་གསུམ་བར་བུམ་པ་གང་བྱོའི་ཚུལ་དུ་གནང་། ནམ་རྒྱུན་ཆོས་སྡེ་ཆེན་པོ་རོང་བོ་དགོན་ཆེན་དུ་རྗེའི་ལམ་རིམ་གཙོས་བཀའ་ཆོས་གཟབ་རྒྱས་དང་རྗེས་འཇུག་ཚོགས་ལ་བསྙེན་རྫོགས་བསྒྲུབས་པའི་ལས་བདག་གེར་བཞེས། སྒོས་སུ་ཨ་རོལ་རྡོ་རྗེ་འཆང་གི་གསུང་བཀོད་བཞིན་ལོ་རེར་རི་ཁྲོད་པ་རྣམས་ལ་བདེ་ལམ་དང་འཇམ་དཔལ་ཞལ་ལུང་། ལམ་ཁྲིད་རེ་མ་ཆག་པ་གྱིས་གསུངས་པ་ལྟར་མཛད།

དགུང་ལོ་སོ་ལྔ་ཙམ་ལ་རྩ་བའི་བླ་མའི་བཀའ་བཟློག་མ་ནུར་པར་རེབ་གོང་སྒོ་དམར་དགའ་ལྡན་ཕུན་ཚོགས་གླིང་དུ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་ལྟ་གོན་དང་བཅས་སྐུ་བཞིའི་ས་བོན་ཐེབས་ངེས་སུ་སྩལ་བ་ནི་དབང་གི་ཐོག་མ་ཡིན་སྐད། སྐུ་ཚེར་དབང་གནང་རྒྱུར་ཤིན་ཏུ་འཚེར་བ་དང་། ཞལ་ནས། དབང་ཆོག་གི་ཚིག་རིས་ཙམ་ཡང་བྱང་བ་མེད་བཞིན་དུ་རྙེད་བཀུར་གྲགས་པ་ཁོ་ན་དོན་དུ་གཉེར་བས་རྡོ་རྗེ་སློབ་དཔོན་གྱི་བྱ་བ་བྱེད་པར་རློམས་པ་ནི་སེམས་གནད་དུ་མི་གནས་པའི་སྨྱོན་པ་བཞིན་དུ་ཚོགས་པའི་དབུས་སུ་རང་གིས་རང་ཉིད་སུན་འབྱིན་པ་དང་བསྟན་པ་བཤིག་པའི་བདུད་ལས་སུ་ཤེས་པར་བྱའོ།།གསུངས་པ་ནི་རྗེ་བླ་མའི་རྣམ་པར་ཐར་བ་བཞིན་ནོ།།

བླ་མའི་ཞལ་བཀོད་ལྟར་དགུང་ལོ་སོ་དྲུག་ནས་བྱ་ཁྱུང་དགོན་པ་དང་ཉེ་བའི་རི་ཁྲོད་རྣམས་སུ་བཞུགས་ཏེ་དགེ་སྦྱོར་ལ་འབད། དེར་རི་ཁྲོད་པ་རྣམས་དང་མཉམ་དུ་བྱ་ཁྱུང་གསེར་གདུང་ཆེན་མོའི་མདུན་དུ་མཆོད་མེ་ཁྲི་ལྔ་ལྷག་ཕུལ་བ་སོགས་རྣམ་དཀར་གྱི་དགེ་ཚོགས་བསྒྲུབས། དེ་ནས་བཟུང་རྨ་ཆུའི་ཉིན་སྲིབ་དང་སྒོ་མེ་སྟོད་སྨད་ཀྱི་རི་ཁྲོད་པ་རྣམས་ལྷན་ཅིག་མཆོད་འབུལ་རྒྱ་ཆེན་བྱེད་པའི་སྲོལ་བཙུགས། རི་ཁྲོད་པ་ཀུན་གྱིས་བླ་མར་བཀུར་ཞིང་དེ་དག་ལ་ཟབ་ཆོས་མང་དུ་བསྩལ། རི་ཁྲོད་པ་སུམ་བརྒྱ་ལྷག་ཏུ་འཕེལ། ཉེ་འཁོར་གྱི་གྲྭ་མང་ཀུན་སློབ་མར་འདུས། དེ་དག་ལ་གཞུང་པོད་ལྔའི་འཆད་ཉན་མཛད་ཅིང་། དུས་ཚིགས་སོ་སོའི་དུས་མཆོད་ཀྱི་རྟེན་རྩ་བཞག བྱ་ཁྱུང་དགོན་པར་ཚོགས་ཆེན་དུ་མང་འགྱེད་དང་མཆོད་ཐེབས། རྒྱ་ཕིབས་ལ་གསེར་ཚོས་ཀྱི་ཞབས་འདེབས་སོགས་རྒྱ་ཆེན་ཕུལ། རང་དགོན་བདེ་ཆེན་ཆོས་གླིང་དུ་མཚོད་རྫས་དང་མཆོད་ཆ་རྟེན་རྩ་སོགས་དངུལ་གྲངས་བདུན་སྟོང་ལྷག་གི་ཡོན་ཕུལ། དགུང་ལོ་སོ་དགུའི་སྟེང་རྩ་བའི་བླ་མ་ཨ་རོལ་བློ་བཟང་ལུང་རིགས་རྒྱ་མཚོའི་རྣམ་ཐར་དང་། དགུང་ལོ་ང་གཅིག་ལ་ཐར་ཤུལ་རིན་པོ་ཆེའི་གསུང་འབུམ་དཀར་ཆག་བརྩམས། དགུང་ལོ་ང་གཉིས་རབ་བྱུང་བཅོ་ལྔ་པའི་ཆུ་ཡོས་༼ཕྱི་ལོ༡༩༠༣༽ལོར་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་གསར་དུ་བཏབས་ནས་མཚན་ཉིད་ཀྱི་གྲྭ་བཙུགས།  དགུང་ལོ་ང་བཞི་བར་ཤིང་བཟའ་བསྟན་པའི་དབང་ཕྱུག་གི་རྣམ་ཐར་བརྩམས། དགུང་ལོ་ང་བདུན་ལོར་ཆོས་སྡེ་ཆེན་པོ་ལ་མོ་བདེ་ཆེན་དགོན་པར་རྒྱུན་ཇའི་ཐེབས་རྩ་དང་། བླ་མའི་དྲིན་གཟོའི་ཕྱིར་མེ་ཕག་ལོ་ནས་ལོ་ཉེར་ལྔའི་རིང་མཆོད་མེ་ཁྲི་ཕྲག་ལྔ་རེ་ལོ་ལྟར་ཆག་མེད་དུ་ཕུལ་བ་སོགས་མཛད་བཟང་བསམ་གྱིས་མི་ཁྱབ། གསུང་ལས་སྐྱེས་པའི་བུ་སློབ་ཀྱང་ཤར་སྐྱབས་མགོན་ཆེན་པོས་གཙོ་བྱས་པའི་མདོ་སྨད་ཀྱི་བླ་སྤྲུལ་དྲེགས་ལྡན་གང་ཆེ་ཀུན་གྱིས་ཞབས་རྡུལ་མ་རེག་པ་མེད་དོ། ། བཀའ་རྩོམ་ལ། ༼ཞྭ་དམར་ལམ་རིམ༽དང་༼རྗེ་བཙུན་བློ་བཟང་ལུང་རིགས་རྒྱ་མཚོའི་རྣམ་ཐར༽༼སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བློ་བཟང་འཕྲིན་ལས་ཀྱི་རྣམ་ཐར༽༼འགྲོ་མགོན་ཤིང་བཟའ་རིན་པོ་ཆེའི་རྣམ་ཐར༽༼བྱང་ཆུབ་བདེ་ལམ་གྱི་ཁྲིད་དམིགས་སྐྱོང་ཚུལ་གྱི་དོགས་གཅོད་འཕྲོ་ཅན་སོགས་ཀྱི་བཀའ་རྩོམ་པོད་དགུ་བཞུགས་པ་དང་། རྒྱལ་དབང་ཐུབ་བསྟན་རྒྱ་མཚོ་མཆོག་ལ་གསུང་ཆོས་ཀྱང་ཕུལ། དགུང་གྲངས་རེ་གཅིག་ལ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་བྱི་༼ཕྱི་ལོ༡༩༡༢༽ལོར་དགོངས་པ་རྫོགས། གདུང་རུས་དངུལ་གྱི་མཆོད་རྟེན་ལྡེ་ཚ་དགོན་བཀྲ་ཤིས་ཆོས་གླིང་དུ་བཞུགས་སོ།།

སྐུ་པར་གཉིས་པ། ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ། 

རྗེ་འདི་བ་མདོ་སྨད་རེབ་གོང་རྩེ་གཞུང་མགོན་ཤུལ་ཚོ་བར་རབ་བྱུང་བཅུ་བཞི་པའི་མེ་སྟག་༼ཕྱི་ལོ་༡༨༦༦༽ལོར་ཡབ་སྐར་མ་དང་། ཡུམ་འཚོ་མོ་སྐྱིད་གཉིས་ཀྱི་སྲས་སུ་འཁྲུངས། བྱིས་དུས་ཀྱི་མཚན་ལ་གུར་མགོན་སྐྱབས་ཞེས་གསོལ། དགུང་ལོ་དྲུག་པ་ལྕགས་ལུག་༼ཕྱི་ལོ་༡༨༧༡༽ལོར་རོང་བོ་དགོན་ཆེན་དུ་སྐུ་གོང་མའི་ཁྲིར་བཀོད། ལྷ་སྡེ་དགེ་འདུན་ཡོན་ཏན་ལས་ཡི་གེ་འབྲི་ཀློག་དང་ཆོས་སྤྱོད་སོགས་ཐུགས་འཛིན་མཛད། དགུང་ལོ་བརྒྱད་པ་ཆུ་བྱ་༼ཕྱི་ལོ་༡༨༧༣༽ལོར་མཁན་ཆེན་བློ་བཟང་ལུང་རིགས་རྒྱ་མཚོ་ལས་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་མནོས། མཚན་ལ་འཇམ་དབྱངས་བསྟན་འཛིན་རྒྱ་མཚོ་ཞེས་གསོལ། ཤིང་བཟའ་བློ་བཟང་བསྟན་པའི་དབང་ཕྱུག་ཚུལ་ཁྲིམས་ཕུན་ཚོགས་ལས་དབང་ལུང་མང་དུ་གསན། དགུང་ལོ་བཅུ་གཅིག་པར་རོང་བོ་དགོན་ཆེན་གྱི་ཆོས་གྲྭར་ཞུགས། ཆུ་སྐྱེས་དགེ་བཤེས་དགེ་འདུན་བསྟན་འཛིན།༼ ཆུ་སྐྱེས་དཔོན་ཚང་དུ་འཁྲུངས། ཆུ་སྐྱེས་དགེ་སློང་ཚང་ཡང་ཟེར།འདི་བའི་རྣམ་ཐར་ཁྲི་རྒན་འདི་བའི་གསུང་འབུམ་པོད་ཀ་བར་བྱ་བྲལ་རྣལ་འབྱོར་གྱི་དབང་ཕྱུག་རྗེ་བཙུན་དགེ་འདུན་བསྟན་འཛིན་དཔལ་བཟང་པོའི་རྟོགས་བརྗོད་མདོར་བསྡུས་དད་པའི་གུར་ཀུམ་བཞད་པའི་མེ་ཏོག་ཅེས་པ་ཞིག་བཞུགས། ༽ མཁན་ཆེན་དགེ་འདུན་འོད་ཟེར། དགེ་བཤེས་སྐྱི་རམས་པ་སོགས་ཡོངས་འཛིན་དུ་བསྟེན། དགུང་ལོ་བཅུ་དགུ་པ་ཤིང་སྤྲེལ་༼ཕྱི་ལོ་༡༨༨༥༽ལོར་མཁན་ཆེན་བློ་བཟང་ལུང་རིགས་རྒྱ་མཚོ་ལས་བསྙེན་པར་རྫོགས། མཚན་ལ་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་དཔལ་བཟང་པོ་ཞེས་གསོལ། ཉེར་གསུམ་པར་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང་། བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་ཕྱོགས་ལས་རྣམ་རྒྱལ། གྲུབ་ཆེན་འཇིགས་མེད་བསམ་གཏན། རྭ་རྒྱའི་སྤྲུལ་སྐུ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་སོགས་ལས་མདོ་སྔགས་རིག་གནས་དང་བཅས་ལ་མཁས་པར་སྦྱངས། དགུང་ལོ་ཉེར་དགུ་པར་གདན་སའི་མཁན་ཁྲིར་བཞུགས། དགུང་ལོ་སོ་ལྔ་པར་རྒྱུད་པ་གྲྭ་ཚང་གསང་སྔགས་བང་མཛོད་གླིང་གི་ཆོས་ཁྲིར་བྱོན། དགུང་ལོ་ཞེ་གསུམ་པར་དབེན་གནས་དཀར་པོ་གཤོང་དུ་སྒྲུབ་པ་ཉམས་ལེན་ལ་བྱོན། དགུང་ལོ་ང་དྲུག་པར་གདན་ས་ཆེན་པོ་བདེ་ཆེན་ཆོས་འཁོར་གླིང་དུ་སྐྱབས་མགོན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོར་རབ་བྱུང་དང་དགེ་ཚུལ་བསྒྲུབས། དགུང་ལོ་ང་བརྒྱད་པར་གདན་སའི་འདུ་ཁང་གསར་བཞེངས་མཛད། བྲག་དཀར་རྡོ་རྗེ་རྫོང་དང་དབེན་གནས་ཆོས་ཀྱི་ཕོ་བྲང་གི་གཞི་བཏིངས། དགུང་ལོ་རེ་གསུམ་པ་རབ་བྱུང་བཅུ་དྲུག་པའི་ས་ཕོ་འབྲུག་༼ཕྱི་ལོ་༡༩༢༨༽ལོར་དགོངས་པ་རྫོགས། ཆོས་བཞིན་བསྐྱངས་པའི་སློབ་བུ་ཨ་རོལ་བློ་བཟང་ལུང་རིགས་བསྟན་པའི་རྒྱལ་མཚན། བསེ་ཁྲི་རྒན་བློ་བཟང་བཀྲ་ཤིས་འཕྲིན་ལས་རྒྱ་མཚོ། རྫོང་དཀར་མ་ཎི་བ་བློ་བཟང་བཀྲ་ཤིས་ཆོས་འཕེལ་རྒྱ་མཚོ། གཡེར་གཤོང་སྔགས་ཆེན་ངག་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོ་བཅས་བྱོན། གསུང་རྩོམ་པོད་བཅུ་བཞི་བཞུགས་སོ།། 

སྐུ་པར་གསུམ་པ། ཡོངས་འཛིན་པཎྜི་ཏ་བློ་བཟང་དཔལ་ལྡན། 

རྗེ་འདི་བ་རབ་བྱུང་བཅོ་ལྔ་པའི་ལྕགས་མོ་སྦྲུལ་༼ཕྱི་ལོ༡༨༨༡༽ལོར་མདོ་སྨད་རེབ་གོང་ཚོ་འདུར་ཡབ་སྐུ་དབོན་ཆོས་མཛད་དང༌། ཡུམ་སྒྲོལ་མ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། བྱིས་པའི་མིང་ལ་པདྨ་བཀྲ་ཤིས་སུ་གསོལ། དགུང་ལོ་བཅུ་པར་སྒིས་སྟེང་དགའ་ལྡན་ཆོས་འཕེལ་གླིང་གི་སྒྲུབ་གྲྭར་ཞུགས་ཏེ། གླིང་གྱའི་ལྷ་རམས་པ་བློ་བཟང་ཆོས་གྲགས་ལས་དགེ་བསྙེན་དང་བར་མ་རབ་བྱུང་སྔོན་དུ་སོང་བའི་སྒོ་ནས་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་མནོས་ཤིང་མཚན་ལ་བློ་བཟང་དཔལ་ལྡན་ཞེས་གསོལ། དགུང་ལོ་བཅུ་གཉིས་པར་རྗེ་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་དང༌། གྲུབ་དབང་འཇིགས་མེད་བསམ་གཏན ། ཚོ་འདུའི་ཡོངས་འཛིན་བྱང་ཆུབ་ཀུན་སྤངས་བློ་བཟང་བསྟན་པ་བཅས་ལས་ཐུན་མོང་གི་རིག་གནས་དང༌། སྒོས་སུ་མདོ་སྔགས་ཀྱི་བཀའ་ཆོས་དབང་ལུང་མང་པོ་ཆུ་སྣ་རྒྱ་མཚོར་འབབ་པ་བཞིན་གསན། དགུང་ལོ་ཉི་ཤུ་བར་རབ་བྱུང་མཁན་པོ་སེམས་དཔའ་ཆེན་པོ་བློ་བཟང་ཆོས་གྲགས་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས། ལོ་དེར་དུས་འཁོར་སྔགས་ཆེན་མཚོ་བྱུང་དགྱེས་པའི་དཔལ་ལས་དབྱངས་ཅན་སྒྲ་མདོ་དང་སྡེབ་སྦྱོར་རིན་ཆེན་འབྱུང་གནས་བཅས་ལ་སྤྱངས་པ་མཛད་པས་ཀུན་བཤད་ཀྱི་མཚན་ལ་མི་ཕམ་མཚོ་བྱུང་བཞད་པའི་ལང་འཚོ་ཞེས་གསོལ། དགུང་ལོ་ཉེར་བཞི་པར་ལྡེ་ཚ་བཀྲ་ཤིས་ཆོས་སྡིངས་སུ་ཕེབས། དེ་ནས་བཟུང་དགུང་ལོ་སོ་གཉིས་ཀྱི་བར་ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོ་ཚུལ་བཞིན་བསྟེན་ཏེ་མདོ་སྔགས་རིག་གནས་ཐམས་ཅད་ཐུགས་སུ་ཆུད་པར་མཛད། དགུང་ལོ་སོ་ལྔ་བར་སྟག་རྡོ་དང༌། སྒ་སར། ཀ་རིང༌། རྫོང་དཀར་སོགས་སུ་ཕེབས་ནས་ཆོས་ཀྱི་སྦྱིན་པ་རྒྱ་ཆེར་གནང༌། དགུང་ལོ་ཞེ་བདུན་པར་ཤར་བླ་བྲང་ཆེན་པོར་ཕེབས་ཏེ་སྐྱབས་མགོན་སྐལ་ལྡན་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོའི་ཡོངས་འཛིན་མཛད། རབ་བྱུང་བཅུ་དྲུག་པའི་ཤིང་ཕོ་སྤྲེལ་༼ཕྱི་ལོ༡༩༤༤༽ལོར་དགོངས་པ་རྫོགས། གསུང་རྩོམ་པོད་གསུམ་བཞུགས་སོ། །

སྐུ་པར་བཞི་བ། མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོ།

རྗེ་འདི་བ་རབ་བྱུང་བཅོ་ལྔ་པའི་ས་ཕོ་ཁྱི་༼ཕྱི་ལོ༡༨༩༨༽ལོར་མདོ་སྨད་རེབ་གོང་ཨ་བར་དུ་ཡབ་དགེ་འདུན་བསོད་ནམས་དང༌། ཡུམ་སྒྲོལ་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཆུང་ངུའི་དུས་སུ་ཤར་བློ་བཟང་སྐལ་ལྡན་བསྟན་པའི་རྒྱལ་མཚན་དང༌། ཞྭ་དམར་པཎྜི་ཏ་རྣམས་ཀྱིས་སྐུ་གོང་མ་གྲུབ་དབང་འཇིགས་མེད་བསམ་གཏན་གྱི་ཡང་སྲིད་དུ་ངོས་འཛིན་མཛད། དགུང་ལོ་བདུན་པར་ཞྭ་དམར་པཎྜི་ཏ་ལས་དགེ་བསྙེན་དང་བར་མ་རབ་བྱུང་གི་སྡོམ་པ་བཞེས། མཚན་ལ་འཇིགས་མེད་དམ་ཆོས་རྒྱ་མཚོ་ཞེས་གསོལ། དེ་ནས་མ་འགྱངས་པར་རྗེ་གོང་མའི་གདན་ས་ཀ་རིང་བཀྲ་ཤིས་ཆོས་གླིང་དུ་ཕེབས། དགུང་ལོ་བཅུ་པར་སྐུ་འབུམ་དགོན་དུ་ཕེབས་ཏེ་རྒྱལ་བ་ཐུབ་བསྟན་རྒྱ་མཚོ་ལས་ཕྱག་དབང་ཞུས། དེ་ནས་རྗེ་ལྕང་ལུང་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ལས་དབང་ལུང་ཁྲིད་གསུམ་དང་། བྱམས་ཆོས་དང་གཞུང་བཀའ་པོད་ལྔ་སོགས་ལ་ཐོས་བསམ་མཐར་ཕྱིན་པར་མཛད། དགུང་ལོ་བཅུ་དགུ་པར་རྗེ་ལྕང་ལུང་ཁྲི་རྒན་ལས་དགེ་ཚུལ་གྱི་བསླབ་བཞེས་སྔོན་དུ་བཏང་སྟེ་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དགུང་ལོ་ཉི་ཤུ་བར་ཤར་བླ་བྲང་དུ་ཕེབས་ནས་ཡོངས་འཛིན་བློ་བཟང་དཔལ་ལྡན་ལས་སྙན་ངག་དང་སྒྲ་སོགས་གསན་པས་ཀུན་བཤད་ཀྱི་མཚན་དབྱངས་ཅན་དགྱེས་པའི་རྡོ་རྗེ་ཞེས་གསོལ། དགུང་ལོ་ཉེར་དགུ་པར་རོང་བོ་བདེ་ཆེན་ཆོས་འཁོར་གླིང་གི་ཁྲིར་ཕེབས་ཏེ་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། ཤར་ཐམས་ཅད་མཁྱེན་པས་རིགས་ཀྱི་ཅོད་པན་དུ་བཀུར་ཅིང་འཕྲིན་ལས་ཀྱི་སྒོ་འཕར་ཡངས་པོར་གྲོལ། བོད་རབ་བྱུང་བཅུ་དྲུག་པའི་མེ་ཕོ་ཁྱི༼ཕྱི་ལོ༡༩༤༦༽ལོར་དགོངས་པ་རྫོགས།གསུང་རྩོམ་པོད་ཉི་ཤུ་བཞུགས་སོ། །

སྐུ་པར་ལྔ་བ། སྐུ་ཞོགས་ཨ་རོལ་བློ་བཟང་ལུང་རྟོགས་བསྟན་པའི་རྒྱལ་མཚན། 

རྗེ་འདི་བ་རབ་བྱུང་བཅོ་ལྔ་བའི་ས་བྱི་༼ཕྱི་ལོ༡༨༨༨༽ལོར་མགར་གྱི་རིགས་ཨ་བར་ནས་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོའི་ཁུ་བོར་འཁྲུངས།ཁྲི་རྒན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་སྟེ་དབང་ལུང་རྗེས་གནང་བཅས་པའི་ཆོས་བཀའ་ཡོངས་རྫོགས་ཕ་ཤུལ་བུ་ལ་འཕྲོད་པ་ལྟར་གནང་།དགུང་ལོ་སོ་གཅིག་སྟེང་བླ་མ་འདི་ལ་བསྙེན་ཁྲིད་བསྐྱར་མ་ཞུས་པར། ལྗགས་བཀོད་དང་བཅས་རྒྱུན་བསྣམས་ཐོད་ཕྲེང་བྱུ་རུའི་མིག་འབྱེད་ཅན་བསྙེན་ཕྲེང་མཛད་རྒྱུར་བསྩལ་པ་སོགས་བཀའ་ཆོས་མང་དུ་གནང་ཞིང་ཐུགས་ཀྱི་སྲས་གཅིག་པུར་གྱུར། དགུང་ལོ་སུམ་ཅུ་བ་ནས་འཕྲིན་ལས་མངོན་པར་རྒྱས་ཏེ་དྲང་སྲོང་གསེར་གྱི་ལྷུན་པོ་ལྟ་བུའི་མཛད་བཟང་འཇིག་རྟེན་ན་གསལ་བར་བྱས། གདན་ས་ཆེན་པོ་རྣམས་ཀྱི་ཁྲི་ལ་མངོན་པར་བཞེངས་ནས་ལུགས་གཉིས་ཀྱིས་བརྩེ་བས་བསྐྱངས། ཁྱད་པར་དུས་འཁོར་གྲྭ་ཚང་དུ་དུས་འཁོར་བློས་བསླངས་ཆེན་པོ་བཞེངས། བྲག་དཀར་སྤྲེལ་རྫོང་ཆོས་སྡེ་གསར་བསྐྲུན་མཛད་པ་སོགས་དང་། དགུང་ལོ་བཞི་བཅུ་བ་ནས་གར་ཕེབས་གར་བཞུགས་སུ་དད་ལྡན་གདུལ་བྱའི་འདུ་ལོང་ཆེན་པོ་རྒྱས།ཞལ་མཐོང་གསུང་ཐོས་ཙམ་གྱིས་ཆོས་ལ་དབང་མེད་དུ་འགུག་པ་དང་། དབུས་སུ་ཕེབས་ཏེ་འཕྲིན་ལས་གྲགས་སྙན་ལྷས་ཆེད་དུ་བསྒྲགས་པ་ལྟ་བུ་བྱུང་བས་ཕྱིར་འབྱོན་མི་ནུས་པ་ལྟ་བུའི་གདུལ་བྱ་རྒྱས། དབང་རྗེས་གནང་གང་གི་སྐབས་སུ་ཡང་ལྷ་དེ་དང་དེའི་སྐུར་དངོས་སུ་བཞེངས་པས་ན་བུ་སློབ་ཀྱི་ཁྲོད་དུ་ཡང་དེ་བཞིན་དུ་གཟིགས་པའི་ཚུལ་གྱི་རྣམ་ཐར་ཤིན་ཏུ་མང་ངོ་། །

ཁོང་སྐུ་འབུམ་ཁྲི་བར་བཞུགས་པའི་སྐབས་སུ་གོང་ས༧རྒྱལ་དབང་བཅུ་བཞི་བ་གདན་ས་སྐུ་འབུམ་བྱམས་པ་གླིང་དུ་ཕེབས་པས་རྗེ་བླ་མའི་ཆོས་ཁྲིའི་སྟེང་ཕེབས་ཏེ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་རྗེ་འདིའི་ཕྱག་ཏུ་མེ་ཏོག་དཀར་པོའི་དོ་ཤལ་གྱི་ཕྲེང་བ་དང་བཅས་ཏེ་ཡས་ཞུ་ཕུལ་བའི་ཚེ་ན། གོང་སའི་མདུན་ས་བ་ཀུན་གྱིས། དེ་རིང་ཞུ་མཁན་དང་ཞུ་ཡུལ་གཉིས་ཀ་འཕགས་པ་འཇིག་རྟེན་མགོན་པོ་མངོན་སུམ་ཡིན་པ་དང་། མཁན་པོ་འདི་ཉིད་ཀྱི་སྐུའི་གཟི་བྱིན་དང་། གསུང་གི་གདངས་སོགས་ཆ་གང་ནས་ཀྱང་མི་ཡུལ་ན་ཡོད་པ་ཞིག་ཨེ་ཡིན་སྙམ་པའི་ཐེ་ཚོམ་འདྲེན། འདི་འདྲའི་ལྟད་མོ་ཁྱད་པར་ཅན་མཐོང་བའི་སྐལ་བ་སྲིད་མཐའ་ཙམ་ཡིན་རྒྱུ་རེད་ཅེས་མགྲིན་གཅིག་ཏུ་བསྔགས་པ་ཀུན་ལ་གྲགས་སོ། །གསུང་ལས་སྐྱེས་པའི་བུ་སློབ་ཀྱང་གོང་ས༧སྐྱབས་མགོན་བདུན་པ་ཆེན་པོས་གཙོ་བྱས་པའི་མདོ་སྨད་ཀྱི་བླ་སྤྲུལ་དྲེགས་ལྡན་གང་ཆེ་ཀུན་གྱིས་ཞབས་རྡུལ་མ་རེག་པ་མེད་དོ། །སྟོད་མཛོད་དགེ་དང་སྨད་དཔའ་རིས་ཚུན་གྱི་དད་ལྡན་པའི་ཁྲོད་ན་ཡང་རྗེ་འདི་ལ་ཆོས་ཀྱི་འབྲེལ་བ་མ་ཞུས་པ་མི་སྲིད་ཅེས་བརྗོད་ཀྱང་རུང་ངོ་། །

བོད་རབ་བྱུང་བཅུ་དྲུག་པའི་ས་ཕག་༼ཕྱི་ལོ༡༩༥༩༽ལོར་དགོངས་པ་རྫོགས། རྗེ་འདི་བའི་འཕྲིན་ལས་རླབས་ཆེ་བ་ནི་བྱང་ཆུབ་སེམས་དཔའ་ཆེན་པོ་ཁྲི་རྒན་འཇམ་པའི་དབྱངས་ཀྱིས་རྗེས་སུ་བཟུང་བའི་དྲིན་གྱིས་སོ།།

སྐུ་པར་དྲུག་པ། རེབ་གོང་སྐྱབས་མགོན་བདུན་པ་བློ་བཟང་འཕྲིན་ལས་ལུང་རྟོགས་རྒྱ་མཚོ། 

རྗེ་འདི་བ་མདོ་སྨད་བྱང་རྒྱུད་ཆུ་བཟང་རྭ་ལོའི་ཐང་དུ་རབ་བྱུང་བཅོ་ལྔ་བའི་མེ་འབྲུག་༼ཕྱི་ལོ༡༩༡༦༽ལོར་འཁྲུངས།དགུང་ལོ་གསུམ་པར་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་མཛད་དེ་དགུང་ལོ་བཞི་བར་རོང་བོ་དགོན་ཆེན་དུ་གདན་སར་བཀོད།དེ་ནས་དགེ་བའི་བཤེས་གཉེན་ཆེན་པོ་རྫི་རྒྱའི་རབས་འབྱམས་པ་དགེ་འདུན་རྒྱ་མཚོ་ཡོངས་འཛིན་དུ་བསྐོས།དགུང་ལོ་བདུན་པར་ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་དཀྱུས་གཅིག་ཏུ་བཞེས།ཁོང་གི་མདུན་ནས་དཔའ་བོ་གཅིག་པའི་དབང་སྟ་གོན་དང་བཅས་ཐོག་མར་བསྩལ་པ་ནས་དཔལ་རྡོ་རྗེ་འཇིགས་བྱེད་ཞེ་དགུ་མ།དམར་ནག་བཅུ་གསུམ་མ་སོགས་ཆོས་བཀའ་དབང་ལུང་མང་དུ་གསན། དགུང་ལོ་བཅུ་གཉིས་པ་རབ་བྱུང་བཅུ་དྲུག་པའི་མེ་ཡོས་༼ཕྱི་ལོ༡༩༢༧༽ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་པཎྜི་ཏ་ཆེན་པོ་བློ་བཟང་དཔལ་ལྡན་ཡོངས་འཛིན་དུ་བསྐོས། རྟེན་འབྲེལ་གྱི་ཐོག་མ་ཡོན་ཏན་གཞི་གྱུར་མའི་ཁྲིད་ཀྱིས་དབུ་བཟུང་སྟེ་ལམ་རིམ་མཆན་བཞི་སྦྲགས། ལམ་རིམ་ཆུང་ངུ།བདེ་ལམ་རྡོ་རྗེ་ཚིག་རྐང་སོགས་རྗེ་ཞྭ་དམར་པཎྜི་ཏ་ལས་དབང་ལུང་གང་བྱོན་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་།

དགུང་ལོ་ཉི་ཤུ་རབ་བྱུང་བཅུ་དྲུག་པའི་ཤིང་ཕག་༼ཕྱི་ལོ་༡༩༣༥༽ལོར་རྗེ་འཇིགས་མེད་དམ་ཆོས་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ས་ཡོས་༼ཕྱི་ལོ་༡༩༣༩༽ལོར་ཨེ་ལྦཾ་དུ་ཕེབས་ནས་གསེར་ཕྲེང་མདོ་རྒྱན་དང་སྦྱར་བའི་ཁྲིད་སོགས་མདོ་ཕྱོགས་དང་། སྒྲ་དབྱངས་ཅན་མའི་ཊཱིཀ་གསལ་ལྡན་གྱི་དབུ་བཟུང་ནས་སྒྲ་རིག་པའི་སྐོར་སོགས་ཆོས་ཆོས་བདག་ལ་གང་འཕྲོད་གནང་།དགུང་ལོ་ཉེར་དགུ་བ་རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་༼ཕྱི་ལོ་༡༩༤༤༽ལོར་ཡོངས་འཛིན་ཆོས་ཀྱི་རྒྱལ་བོ་ཆོས་སྡེ་ཆེན་པོ་རོང་བོ་དགོན་ཆེན་དུ་གདན་དྲངས་ཏེ་བདུན་པ་ཆེན་པོ་གཙོས་བླ་གྲྭ་ཆེ་དགུ་རྣམས་ཀྱིས་གཙུག་ཏུ་བཀུར་ཞིང་བདུན་པ་ཆེན་པོའི་ཡོངས་འཛིན་དུ་ཞལ་གྱིས་བཞེས་པ་བཞིན་བསྐྱངས། འདུལ་བའི་གླེང་འབུམ་ནས་དབུ་བརྩམས་ཏེ་དགྱེས་བཞིན་ཆོས་བཀའ་གང་འཇོན་གནང་། དགུང་ལོ་སོ་གཅིག་པ་རབ་བྱུང་བཅུ་དྲུག་པའི་མེ་ཁྱི་༼ཕྱི་ལོ༡༩༤༦༽ལོར་སྐུ་ཞོགས་ཨ་རོལ་རྡོ་རྗེ་འཆང་ཆེན་པོའི་ཞལ་སྔ་ནས་རྭ་པོད། དཔལ་པོད། དབེན་ས་བཀའ་འབུམ་སོགས་ཁོང་ལ་ཆོས་རྒྱུན་གང་བཞུགས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང་བ་མཐའ་དག་བཞེས། གཙོས་སུ་དུས་འཁོར་དབང་ཆེན། འཇིགས་བྱེད། སྨན་བླ། མི་འཁྲུགས་པ་རྣམས་ཀྱི་བཀའ་ཆོས་མང་དུ་གནང་། གཏེར་ལུང་ནས་ཀྱང་འདོན་ཆོས་དགྱེས་བཞིན་བསྩལ་པ་སོགས་རང་གི་མངའ་རིས་ཐམས་ཅད་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་ཏེ་ཆོས་ཀྱིས་ཚིམས་པར་མཛད། དགུང་ལོ་སོ་གསུམ་པ་རབ་བྱུང་བཅུ་དྲུག་པའི་ས་བྱི་༼ཕྱི་ལོ༡༩༤༨༽ལོར་རྗེ་བཙུན་འཇིགས་མེད་བློ་གྲོས་ཞལ་སྔ་ནས་ཡོངས་འཛིན་དུ་གདན་དྲངས་ཏེ་ཕ་རྒོད་འཇིགས་མེད་པཎྜི་ཏའི་བཀའ་འབུམ་གྱི་བཀླགས་ལུང་ནས་དབུ་བརྩམས་ཏེ་ཕ་བླ་མའི་ཆོས་རྒྱུན་ལྷག་མེད་དུ་བཞེས་པའི་རྟེན་འབྲེལ་བསྒྲིགས་ཤིང་མན་ངག་རྣམ་གསུམ་གྱི་ཁྲིད་རྒྱུན་དང་བཀའ་འགྱུར་གྱི་ལུང་སོགས་ཞུས། དགུང་ལོ་སོ་བརྒྱད་པ་རབ་བྱུང་བཅུ་དྲུག་པའི་ཆུ་སྦྲུལ་༼ཕྱི་ལོ༡༩༥༣༽ལོར་རྫོང་ཆུང་མཁས་བཙུན་ལུང་རིགས་རྒྱ་མཚོ། བླ་མ་དབུ་མཛད་ཟུར་བ་དཀོན་མཆོག ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་ལྷ་སྡེ་དགེ་འདུན་བསྟན་འཛིན།སྐུ་མདུན་པ་འོད་ཟེར་རྒྱ་མཚོ། དགེ་བའི་བཤེས་གཉེན་དཀོན་མཆོག་བློ་གྲོས་རྒྱ་མཚོ་སོགས་ཀྱིས་སྔ་ཕྱིར་ཞུས་ངོར།དཀྱིལ་འཁོར་ཞེ་ལྔའི་དབང་དང་། སྤྱོད་འཇུག རྣམ་འདྲེན་བླ་མ་ཡབ་རྗེ་སྐལ་ལྡན་རྒྱ་མཚོའི་གསུང་འབུམ་གྱི་ལུང་། ཡབ་རྗེ་སྐུ་ཕྲེང་གཉིས་པའི་གསུང་འབུམ་སོགས་ཆོས་བཀའ་མང་དུ་གནང་།རབ་བྱུང་བཅུ་དྲུག་པའི་ས་རྟ་༼ ཕྱི་ལོ༡༩༧༨༽ལོར་དགོངས་པ་རྫོགས། གསུང་རྩོམ་ལ་གསེར་ཕྲེང་སྤྱི་དོན།ཀིརྟི་བློ་བཟང་བསྟན་པ་ཚེ་རིང་གི་རྣམ་ཐར། གཞན་ཡང་ཐོར་བུའི་སྐོར་པོད་འགའ་དང་། ཤོག་དྲིལ་གླང་བོའི་རྒྱབ་ཁལ་ཚད་དུ་བཞུགས་པ་སོགས་དུས་ངན་གྱི་རླུང་ལ་ཐིམ་པར་གྱུར་ཏོ།།

སྐུ་པར་བདུན་པ། དཔྱི་ས་དྲུང་ཆེན་བློ་གྲོས་རྒྱ་མཚོ། 

རྗེ་འདི་བ་རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་༼ཕྱི་ལོ་༡༨༩༠༽ལོར་རེབ་གོང་དཔྱི་སའི་གོང་ཤོར་ཚང་གི་རུས་སུ་སྐུ་འཁྲུངས། དགུང་ལོ་བཅུ་བདུན་ནས་བཟུང་སྐྱེས་ཆེན་དམ་པ་དུ་མ་ཚུལ་བཞིན་བསྟེན་ཏེ་མདོ་རྒྱུད་རྒྱ་མཚོའི་གཞུང་ལ་མི་འཇིགས་པའི་སྤོབས་པ་བརྙེས། རིག་པའི་གནས་ལྔ་ལ་མཁས་པའི་མཁས་པ་ཆེན་པོའི་རྒྱལ་ཐབས་བདག་གིར་བཞེས་ཏེ། རྡོ་རྗེ་འཆང་འཇིགས་མེད་པཎྚི་ཏའི་མཚན་ཞབས་དང་རྩོམ་ཞབས་ཀྱི་འགན་གཅིག་ལྕོགས་གནང་སྟེ། ལོ་ངོ་ཉི་ཤུའི་རིང་ཞབས་དྲུང་ཆེན་མོའི་ཐུགས་འགན་བཞེས། སྤྱིར་གསར་རྙིང་རིས་མེད་ཀྱི་གདུལ་བྱ་མང་དུ་བསྐྱངས་ཤིང་། ཁྱད་པར་དུ། སྐྱབས་མགོན་བདུན་པ་ཆེན་པོ། བྱང་རྩེ་མཁན་ཟུར་རྗེ་བཙུན་དགེ་འདུན་བཟང་པོ། སྐྱབས་མགོན་ཡོངས་འཛིན་རྗེ་བཙུན་དགེ་འདུན་བསྟན་འཛིན་སོགས་སྐྱེས་ཆེན་དམ་པ་མང་པོ་དང་། རོང་པོ་དགོན་ཆེན་དང་སེང་གེ་གཤོང་སོགས་ནས་ཚོགས་མང་དང་བན་སྔགས་དོན་གཉེར་ཅན་ལ་ཆོས་ཀྱིས་ཚིམས་པར་བྱས། བརྩམས་ཆོས་ཀྱང་ལམ་རིམ་སྙིང་པོ་བསྟན་འཛིན་བྱེ་བའི་འབྱུང་གནས་ཀྱི་ས་བཅད། སྤྱོད་འཇུག་གི་ས་བཅད། རྣམ་འགྲེལ་ལེའུ་གཉིས་པའི་སྦྱོར་ཊིཀ སྤྱོད་འཇུག་ཤེར་ལེའུའི་འབྲུ་འགྲེལ་སྲིན་ཆུང་འཕོངས་ཀྱི་འོད་སྣང་། མི་ཏྲ་བརྒྱ་རྩའི་དབང་གི་གསུང་བཤད་ཟིན་བྲིས། རྡོ་རྗེ་འཕྲེང་བའི་དབང་གི་གསུང་བཤད་ཟིན་བྲིས། བརྒལ་ལན་རྡོ་རྗེའི་གཟེགས་མ་ལ་རྣམ་པར་དཔྱད་པ་གསང་འཛིན་མཚོན་གྱི་འཁོར་ལོ། སྒྲ་རིག་གནམ་འཕང་གཅོད་བྱེད་བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས། འཇིགས་རུང་སྲིད་པ་མ། སྦྱོར་བ་བཞི་དང་སྟོབས་ལྔ་ཚུལ་གསུམ་རྣམ་བཞག་དང་ཁྱབ་སྒོ་བརྒྱད་ཀྱི་སྡོམ། གབ་ཚིག་མཎྜལ་བཤད་པ་སོགས་མང་དུ་བཞུགས། རབ་བྱུང་བཅུ་དྲུག་པའི་ས་བྱི་༼ཕྱི་ལོ་༡༩༤༨༽ལོར་རེབ་གོང་སྔགས་མང་ཁྲི་ཟུར་རི་སྒོམ་དཀོན་མཆོག་བསྟན་འཛིན་ཆོས་འཕེལ་ཚང་དང་དཔྱི་སའི་དཔོན་པོ་དབང་ཆེན་བསམ་འགྲུབ་གཉིས་ཀྱིས་ཞུས་པ་ལྟར་བཀའ་གདམས་དགེ་བྱེད་གླིང་ཕྱག་བཏབ་ཅིང་། འབྲུག་གི་ལོ་ནས་བཟུང་སྟེ་དབང་ལུང་བཀའ་ཆོས་རྒྱུན་མ་ཆད་པར་གསུངས། རབ་བྱུང་བཅུ་དྲུག་པའི་ས་ཕག་༼ཕྱི་ལོ༡༩༥༩༽ ལོར་བཙོན་དུ་དགོངས་པ་རྫོགས།

སྐུ་པར་བརྒྱད་པ། ཚེ་ཏན་ཞབས་དྲུང་འཇིགས་མེད་རིགས་པའི་བློ་གྲོས། 

རྗེ་འདི་བ་རབ་བྱུང་བཅོ་ལྔ་པའི་ལྕགས་ཁྱི་༼ཕྱི་ལོ་༡༩༡༠༽ལོར་མདོ་སྨད་རྨ་འགྲམ་ཡ་རྫིར་ཡབ་ཡང་ཙེའམ་བློ་བཟང་བཀྲ་ཤིས་དང་། ཡུམ་ལྷ་མོ་ཐར་གཉིས་ཀྱི་སྲས་སུ་འཁྲུངས། དགུང་ལོ་བདུན་པར་རབ་བྱུང་བསྒྲུབས་ཏེ་ཆོས་སྒོར་ཞུགས། ཆུང་དུས་ནས་ཚེ་ཏན་མཁན་པོ་གོང་མའི་ཡང་སྲིད་དུ་ངོས་འཛིན་གྱིས་མར་ནང་འཇིགས་མེད་དམ་ཆོས་རྒྱ་མཚོ་སོགས་བསྟེན་ཏེ་རིག་གནས་སྤྱི་དང་། བྱེ་བྲག་བཀའ་པོད་ལྔའི་གཞུང་ལ་ཐོས་བརྩོན་མཛད། མཁས་གྲགས་བོད་ཁམས་ཡོངས་ལ་ཁྱབ། སྒྲ་རིག་པ་བསླབས་པའི་ཀུན་བཤད་ཀྱི་མཚན་ལ་དབྱངས་ལྡན་རིག་པའི་འདོད་འཇོ་ཞེས་གསོལ། དགུང་ལོ་ཞེ་གསུམ་ཆུ་སྦྲུལ་༼ཕྱི་ལོ་༡༩༥༣༽ལོར་མཚོ་སྔོན་རྩོམ་སྒྱུར་ཁང་ནས་ཕྱག་ལས་གནང་། སྒྱུར་རྩོམ་མང་དུ་བཞུགས། མཚོ་སྔོན་ཞིང་ཆེན་མི་དམངས་རྒྱུན་ལས་ལྷན་ཁང་གི་གཞུང་ལས་ཁང་གི་ཚོགས་གཙོ་གཞོན་པའི་འགན་ཁུར། ཞེ་དགུ་ནས་ང་བཞི་བར་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་གནང་། ས་ཁྱི་༼ཕྱི་ལོ་༡༩༥༨༽ལོ་ནས་ལོ་མང་རིང་བཙོན་དུ་བཅུག་ནས་མནར་གཅོད་ཚད་མེད་མྱངས། དགུང་ལོ་རེ་བརྒྱད་ས་རྟ་༼ཕྱི་ལོ་༡༩༧༨༽ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་སླར་ཡང་དགེ་རྒན་མཛད། ཀན་སུའུ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཞོན་དང་། ཀན་སུའུ་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ལྷན་ཁང་གི་རྒྱུན་ལས། ཀྲུང་གོ་མི་རིགས་སྐད་རིགས་སློབ་ཚོགས་ཀྱི་ལས་འཛིན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ལས་འཛིན་པ་བཅས་ཀྱི་གོ་གནས་བཞེས། བོད་ཀྱི་རིག་གཞུང་སྣུམ་ཟད་ཀྱི་མར་མེ་ལྟ་བུར་གྱུར་པའི་སྐབས། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་དང་དགོན་སྡེ་མང་པོར་ཕེབས་ཏེ་རིག་གཞུང་རྒྱུན་འཛིན་ཆེད་སློབ་ཁྲིད་དང་ལམ་སྟོན་བླ་མེད་གནང་། སྐུ་ཚེ་གང་བོར་མི་རིགས་སློབ་གསོའི་འགན་བཞེས་ཀྱིས་བོད་ཀྱི་ཆོས་རིག་བསྐྱར་སྤེལ་ཐད་མཛད་རྗེས་བླ་ན་མཐོ། རབ་བྱུང་བཅུ་དྲུག་པའི་ཤིང་གླང་༼ཕྱི་ལོ་ ༡༩༨༥༽ ལོའི་ཟླ་བ་དྲུག་པར་བླ་བྲང་བཀྲ་ཤིས་འཁྱིལ་དུ་དགོངས་པ་རྫོགས། གསུང་རྩོམ་ལ་རྣམ་ཐར་དང་། བློ་སྦྱོང་གི་སྐོར། ལོ་རྒྱུས། བསླབ་བྱ། སྐར་རྩིས། སྙན་ངག སུམ་རྟགས་དག་གསུམ། ལཉྫ་དང་ཝརྟུའི་མ་ཕྱི་བཅས་དེབ་བཅུ་གསུམ་ཙམ་བཞུགས། 

སྐུ་པར་དགུ་བ། རྫོང་ཆུང་མཁས་བཙུན་ལུང་རིགས་རྒྱ་མཚོ།

དམ་པ་འདི་མདོ་སྨད་རེབ་གོང་མར་ནང་ཀ་རིང་སྟོད་པའི་རུས་ཚང་ཁ་བའི་ཚོ་བར་ཡབ་སྙིང་བོ་རྒྱལ་དང་ཡུམ་སྙིང་མོ་དཔལ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་བའི་ཆུ་ཕག་༼ཕྱི་ལོ་༡༩༢༣༽ལོར་སྐུ་འཁྲུངས། ཡུམ་གྱི་མཚན་ལམ་དང་། རྗེ་འཇིགས་མེད་པཎྜི་ཏའི་མཚན་ལམ་སོགས་དང་། སྤྱི་འགྲོའི་བརྟག་པ་ལྟར་སྐུ་གོང་མའི་ཉེར་སྤྱད་སོགས་འཁྲུལ་མེད་དུ་ངོས་འཛིན་གནང་བ་སོགས་ཀྱིས་ཀུན་ཡིད་འདྲེན་པ་སོགས་བྱོན་པས། སྐྱབས་མགོན་བདུན་པ་ཆེན་པོ་དང་། རྗེ་འཇིགས་མེད་པཎྜི་ཏ། ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་རྣམ་པས་རྗེ་གོང་མའི་སྤྲུལ་སྐུར་ཐག་བཅད། དགུང་ལོ་དྲུག་པར་འཇིགས་མེད་པཎྜི་ཏའི་དྲུང་ནས་རབ་བྱུང་དགེ་ཚུལ་གྱི་བསླབ་པ་དཀྱུས་གཅིག་ཏུ་བཞེས་ཏེ་མཚན་ལ་མཁས་བཙུན་ལུང་རིགས་རྒྱ་མཚོ་ཞེས་བསྩལ། དགུང་ལོ་བདུན་པ་ནས་སྐུ་གོང་མས་བསྐོས་ཟིན་གྱི་དགེ་རྒན་འཇམ་དབྱངས་ཚུལ་ཁྲིམས་ལས་ཆོས་སྤྱོད་རྣམས་བསླབས། ཁྲི་རྒན་འཇམ་དབྱངས་ཐུབ་བསྟན་རྒྱ་མཚོ་ལས་སྐྱབས་ཁྲིད་ནས་དབུ་བཟུང་སྟེ་ཆོས་བཀའ་ཟབ་རྒྱས་ཀྱི་གདམས་ངག་ཐམས་ཅད་རྒྱ་མཚོ་ལ་ཆུ་བོ་བཞིན་བཞེས་ཤིང་། ཡོངས་འཛིན་པཎྜི་ཏའི་དྲུང་ནས་བསྡུས་གྲྭ་ནས་དབུ་བཟུང་སྟེ་བཀའ་པོད་ལྔ་དང་། འཇིགས་བྱེད་དཔལ་གཅིག་དང་བདེ་མཆོག་ལྰུ་ཨི་བ་སོགས་ཀྱི་དབང་རྗེས་གནང་ཁྲིད་བཤད་མན་ངག་སོགས་བུམ་པ་གང་བྱོའི་ཚུལ་དུ་གནང་། དགོང་ལོ་བཅུ་གཅིག་སྟེང་རོང་བོ་ཐོས་བསམ་རྣམ་རྒྱལ་གླིང་དུ་ཚོགས་ཞུགས་གནང་བ་ནི་ཕྱིས་ཀྱི་མཛད་པར་གཞིགས་ན་རྟེན་འབྲེལ་འགྲིགའཇིགས་མེད་པཎྜི་ཏའི་དྲུང་ནས་དབུ་སྐྱབས་ཁྲིད་ནས་བཀའ་ཆོས་གང་གསུང་གསན་ཞིང་དབང་ལུང་མན་ངག་གི་གཏེར་དུ་བསྒྲུབས། འཇིགས་མེད་དམ་ཆོས་རྒྱ་མཚོའི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། ཆོས་བཀའ་ཡང་སྔར་མུས་བཞིན་གསན། དུས་འགྱུར་སྐབས་སྐལ་ངན་གྱིས་བཙོན་དུ་བཅུག་སྟེ་འོ་བརྒྱལ་ཚད་མེད་མྱངས། རབ་བྱུང་བཅུ་དྲུག་པའི་ས་ལུག་༼ཕྱི་ལོ་༡༩༧༩༽ལོ་ནས་བསྟན་པ་ཡང་དར་གྱི་དབུ་ཚུགས་སྐབས་གདན་ས་ཆོས་རྫོང་དུ་ཕེབས་པའི་མར་ལམ་མཁས་དགུའི་གཙུག་རྒྱན་ལྷ་སྡེ་ཨ་ཁུ་ཚང་དགེ་འདུན་བསྟན་འཛིན་གྱི་འཁྲུངས་གཞིས་སུ་ཞག་བཞུགས་མཛད་སྐབས། ཚལ་དགེ་བཤེས་ཆེན་པོ་དགེ་འདུན་དར་རྒྱས་སོགས་ཉུང་འདུས་ཤིག་ལ་བླ་མའི་རྣལ་འབྱོར་གྱི་མགུར་དབྱངས། དགའ་ལྡན་ལྷ་བརྒྱ་མ། སྐལ་བཟང་དྲེགས་ལྡན་མ། ཡོན་ཏན་གཞི་གྱུར་མ། བླ་མ་མཆོད་པ། བྱམས་པས་དམ་བཅས་པའི་གཟུངས་བཅས་ཀྱི་ལུང་བསྩལ་པ་ནི་རྟེན་འབྲེལ་གྱི་ཐོག་མ་ཡིན་ནོ།།

དེ་ནས་ལྕགས་བྱ་༼ཕྱི་ལོ་༡༩༨༠༽ལོར་རེབ་གོང་གི་སྐྱ་སེར་ཡོངས་ཀྱི་རེ་བསྐུལ་བཞིན་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་གི་ཁྲིར་ཕེབས་ཏེ་རེབ་གོང་སྐྱབས་མགོན་ཆེན་པོའི་རྒྱལ་ཚབ་མཛད། རེབ་གོང་སྐྱ་སེར་ཡོངས་ལ་ཕ་རྒོད་བླ་མ་རྡོ་རྗེ་འཆང་གི་རྣམ་ཐར་ནས་དབུ་བཟུང་སྟེ། ཡབ་རྗེ་སྐུ་ཕྲེང་རིམ་བྱོན་གྱི་བཀའ་འབུམ། རྒྱལ་བའི་བཀའ་འགྱུར་གྱི་བཀླགས་ལུང་སོགས་ལུང་གི་སྐོར་དང་། རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་། ཀུན་རིག་རྣམ་པར་སྣང་མཛད། ཐུགས་རྗེ་ཆེན་པོ་སོགས་ཀྱི་དབང་སྟ་གོན་དང་བཅས་ལན་མང་དུ་གནང་ཞིང་། ཆོ་འཕྲུལ་སྨོན་ལམ་ཆེན་མོར་བཤད་པ་རྒྱས་བསྡུས་ཅི་རིགས། རིགས་གསུམ་སྤྱི་སྒྲུབ་ཀྱི་རྗེས་གནང་སོགས་ཆོས་བཀའ་རྒྱུན་མ་ཆད་པར་གནང་བ་སོགས་ཆོས་འཆད་ཉན་གཙོས་ལྷ་ཁང་གསར་བཞེངས་སོགས་བསྟན་པ་དང་འགྲོ་བའི་དོན་རླབས་ཆེ་བ་མཛད་ཅིང་། ལྷན་སེར་ཤོག་སྣེ་ཙམ་ཡང་མེད་པ་གཞི་ནས་སླར་ཡང་གསོས་ཏེ་ཡུལ་འདིར་འཇམ་མགོན་རྒྱལ་བའི་རང་ལུགས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་བྱུང་བ་ནི་ཁོང་འདི་གཙོས་དམ་པ་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན་ལས་བྱོན་པ་ཇི་སྲིད་བར་དུ་ཡུལ་རེབ་གོང་བ་དག་གིས་མི་བརྗེད་པའི་རྟེན་དུ་ཆེའོ།།རབ་བྱུང་བཅུ་བདུན་པའི་ས་འབྲུག་༼ཕྱི་ལོ༡༩༨༨༽ལོར་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་ནས་དགོངས་པ་རྫོགས་སོ།།

དམ་པ་དག་གི་ཐུགས་བསྐྱེད་སྨོན་ལམ་ལྟར།།འཛམ་གླིང་ཞི་བདེའི་ཉི་མ་ཤར་བ་དང་།།

རྒྱལ་ཁམས་བདེ་བའི་ཟླ་བ་ཡར་ངོ་བཞིན།།བོད་ཁམས་རྒྱས་པའི་སྐར་ཚོགས་མི་ཉམས་ཤོག།

ཅེས་པ་ནི་ཆོས་རྒྱུད་འདི་ལ་དད་འདུན་ཆེ་བའི་རང་གི་སློབ་བུ་རྡོ་རྗེ་བསྟན་འཛིན་དང་སྤུན་ཆུང་སངས་རྒྱས་བཀྲ་ཤིས་གཉིས་ཀྱིས་སྐུ་པར་སོགས་ཀྱི་རྒྱུ་ཆ་འདོན་སྤྲོད་ཀྱིས་ཁོང་རྣམ་པའི་རྒྱུས་ལ་མཇལ་འདོད་ཀྱི་དྲན་འདུན་དུ་རེ་བས་བསྐུལ་བ་ལྟར་༧ཞྭ་དམར་པཎྜི་ཏ་སློབ་བརྒྱུད་དང་བཅས་པའི་སྐྱེས་བུ་ཆེན་པོ་གནམ་གྱིས་ས་བཀབ་པ་ལྟ་བུ་རྣམ་པའི་ཆོས་རྒྱུད་གསེར་ཞལ་དྲི་མ་མེད་པར་མཇལ་མྱོང་ཞིང་།མི་ལོ་བཅུ་ཕྲག་གཅིག་ལྷག་ལ་༧ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི་གདན་ས་རོང་བོ་དགོན་ཆེན་བདེ་ཆེན་ཆོས་འཁོར་གླིང་ནས་ཐོས་བསམ་གྱི་སྐལ་བ་ཐོབ་པ།ནུབ་བྱང་མི་རིགས་སློབ་ཆེན་གྱི་འབུམ་རམས་པའི་སློབ་སྟོན།སློབ་དཔོན་ཆེན་མོའི་མིང་ཙམ་འཛིན་པ་ཆུ་སྐྱེས་དགེ་འདུན་བསམ་གཏན་གྱིས་ཕྱི་ལོ༢༠༢༣ལོའི་ཟླ༡པོའི་ཚེས༢༢ལ་བྲིས་པར་བསྣོན་མ་ཅུང་ཟད་བཏབ་སྟེ་ཕྱི་ལོ༢༠༢༤ལོའི་ཟླ༨པའི་ཚེས༢༢ལ་ཕུལ་བའོ།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།