མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ།


640.jpeg

མདོ་རིན་པོ་ཆེ་ཁམས་གསུམ་ཟིལ་གནོན་དགྱེས་པ་རྡོ་རྗེ་ནི།   སྤྱི་ལོ་༡༨༩༠བོད་རབ་བྱུང་བཅོ་ལྔ་པའི་ལྕགས་སྟག་ས་ག་ཟླ་བའི་དུས་ཚེས་བཟང་པོ་ལ་ཡབ་རྒྱལ་སྲས་རིག་པའི་རལ་གྲི་དང་། ཡུམ་པདྨ་ཀུ་རུ་ཀུལླེ་གཉིས་ཀྱི་སྲས་སུ་མདོ་སྨད་ལྷ་སྒང་གི་ཉེ་ཆར་སྐྱིད་སྣང་ཞེས་པར་སྐུ་འཁྲུངས། སྐུ་ཆུང་དུས་ནས་དྲང་སྲོང་གཟའ་མཆོག་ཆེན་པོ་སོགས་སྲུང་མ་རྣམས་ཀྱིས་རྟག་ཏུ་བྱ་ར་མཛད་ཅིང་།   སྔོན་གནས་རྗེས་སུ་དྲན་པ། ལེགས་ཉེས་ཐམས་ཅད་ལུང་སྟོན་པ་སོགས་མངོན་ཤེས་ལ་ཆགས་ཐོགས་བྲལ།  དགུང་གྲངས་གསུམ་ལ་སོན་སྐབས་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་འཕགས་མཆོག་སྤྱན་རས་གཟིགས་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་སོགས་ཀྱིས་དངོས་སུ་ཞལ་གཟིགས་ནས་བྱིན་གྱིས་བརླབས།  དགུང་གྲངས་ལྔ་བཞེས་སྐབས་ཡབ་རྗེ་རིག་པའི་རལ་གྲིས་བཀའ་དབང་སྨིན་གྲོལ་ཀྱི་སྒོ་འཕར་ཕྱེས།   ཡི་གེ་འབྲི་ཀློག་ཐམས་ཅད་ཚེགས་མེད་དུ་མཁྱེན།   དེ་ནས་དགུང་གྲངས་དགུའི་སྐབས་ནས་རྡོ་གྲུབ་འཇིགས་མེད་བསྟན་པའི་ཉི་མ་བླ་མར་བསྟེན་ནས་ཉམས་རྟོགས་ཀྱི་ཡོན་ཏན་རྒྱས།  དགུང་གྲངས་བཅུ་གསུམ་ལ་ཀཿཐོག་དང་རྫོགས་ཆེན་ཕྱོགས་སུ་ཕེབས་ནས་མཁས་ཤིང་གྲུབ་པ་བརྙེས་པའི་བླ་མ་དག་ཚུལ་བཞིན་དུ་བསྟེན།  དེ་ནས་མི་ཉག་ཕྱོགས་དང་རྨ་ཆེན་མགོ་ལོག་གསེར་ཐལ་མཚོ་སྔོན་དར་མདོ་སོགས་སུ་རིམ་བཞིན་ཕེབས་ནས་མི་མ་ཡིན་དང་སྡེ་བརྒྱད་ཐམས་ཅད་བྲན་དུ་བཀོལ།  རི་བྲག་ཀུན་ལ་ཐོགས་མེད་དུ་བྱོན་པ་གཡུ་འབྲུག་ཐང་ལ་འཕང་བྲག་ལ་སྐུ་རྗེས་དང་རྡོ་ལ་ཕྱག་རྗེས་བཞག་པ་རོ་ལངས་བཏུལ་བ་སོགས་གྲུབ་པའི་རྟགས་མཚན་མངོན་ཅིང་འབྲེལ་ཚད་ཐམས་ཅད་སངས་རྒྱས་ཀྱི་ས་ལ་བཀོད་པར་མཛད། དེ་ནས་དགུང་གྲངས་ཞེ་བདུན་བཞེས་སྐབས་ཝ་ཤུལ་རྨེ་བའི་ས་ཆ་ཨ་མོའི་གསེར་ཁྲིའི་ལ་ཁར་བྱོན་ཅིང་གསང་སྔགས་ཀྱི་ཆོས་འཁོར་བསྐོར།  དེ་དུས་ཝ་ཤུལ་དཔོན་གྱིས་རྨེ་བ་སོག་དགོན་དང་ལྷ་སྡེ་ཀུན་ཁྱེད་ཀྱིས་གཟིགས་སྐྱོང་དགོས་པར་ནན་ཞུས་ལྟར་ཞལ་བཞེས་གནངས།  དེ་ནས་རེ་ཞིག་འབའ་ཤེལ་འཕྲེང་ཚོ་བ་སོགས་སུ་ཕེབས་ནས་བཞུགས།  སྤྱི་ལོ་༡༩༣༨བོད་རབ་བྱུང་བཅུ་དྲུག་པའི་ས་སྟག་ལོར་སླར་རྨེ་ཡུལ་ལ་ཕེབས་ཏེ་རྨེ་བ་སོག་དགོན་པ་ཧ་ཁོག་ཏུ་གནས་སྤོར་མཛད་ནས་ཁྲི་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་ཞེས་མཚན་གསོལ།  དབང་ལུང་ཁྲིད་གསུམ་མན་ངག་དང་བཅས་པ་གནངས་ནས་བཤད་སྒྲུབ་ལས་གསུམ་གྱིས་བསྟན་པ་ཁྱབ་བརྡལ་དུ་སྤེལ་བར་མཛད་དོ།   དེ་ནས་རེ་ཞིག་གདུལ་བྱ་རྫོགས་པའི་ཚུལ་གྱིས་ཁོང་དགུང་གྲངས་ལྔ་བཅུ་སྟེ་  ༡༩༣༩ ལོའི་རྒྱལ་ཟླའི་ཚེས་བཅུ་གསུམ་ཉིན་ཞིང་ཁམས་གཞན་ལ་གཟིགས་ཁར་གྱེན་དུ་བཞེངས་ཏེ་གོམ་པ་གསུམ་བོར་ནས་རྗེ་བཙུན་མའི་གསོལ་འདེབས་མཇུག་གི་མ་ཁྱེད་དང་འགྲོ་དོན་མཉམ་པར་ཤོག་ཞེས་པ་ལན་གསུམ་གསུངས་ནས་སླར་གདན་ལ་བཞུགས་ནས་ངའི་བསྟན་པ་དར་བར་འགྱུར་རོ་གསུངས་ཏེ་དགོངས་པ་ཆོས་ཀྱི་དབྱིངས་སུ་བསྡུ་བའི་ཚུལ་མཛད་དོ།།   རྗེ་འདིའི་ཞལ་སློབ་གཙོ་བོ་ནི་རྫོང་སར་མཁྱེན་བརྩེ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་དང་། དཔལ་ཡུལ་མཆོག་སྤྲུལ་འཇམ་དཔལ་དགྱེས་པའི་རྡོ་རྗེ། འཇའ་ལུས་པ་མཁན་ཆེན་ཚེ་དབང་རིག་འཛིན།  དགེ་མང་གསུམ་པ་སོགས་བསམ་གྱིས་མི་ཁྱབ་པ་ཡོད་དོ།། 

ཞེས་རྨེ་བ་དགོན་པའི་གྲྭ་གཟུགས་འཛིན་པ་མཁས་གྲུབ་འགྲན་བྲལ་གྱིས་བོད་རབ་རྒྱན་མེ་སྤྲེལ་ལོའི་ཟླ་དང་པོའི་ཚེས་གསུམ་ལ།།

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།