རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུྃ། ཨོཾ་སྭ་བྷཱ་ཝ་ཤུདྡྷ་སོགས། ཧཱུྃ་ཧྲཱིཿ ཀ་དག་སྟོང་པ་ཆེན་པོའི་ངང་ཉིད་ལས། །ལྷུན་གྲུབ་རང་ཤར་འོག་མིན་པདྨ་འོད། །སྣང་སྟོང་རྣམ་དག་ངོ་མཚར་རྒྱལ་བའི་ཞིང་། །རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་སྣང་ཆའི་རྩལ། །མདུན་དུ་ཤེལ་དཀར་ལྷུན་པོའི་མདངས་འཛིན་པའི། །གངས་རི་དཀར་པོ་རྩེ་མཐོན་དགུང་ལ་བསྙེགས། །སྐེད་པར་གཡའ་སྔོན་བཻ་ཌཱུར་མདོག་ཅན་དང་། །རྩ་བར་གཡུ་ཤུག་ལྗོན་པའི་དགའ་ཚལ་མཛེས། །མཁའ་ན་གཡུ་འབྲུག་སྔོན་མོས་ངར་སྐད་ལྡིར། །བར་ན་གཡང་གི་སྦྲང་ཆར་སིལ་མ་འཇོ། །མཚོ་དང་མཚེའུར་གསེར་ཉའི་འཁྱུག་རྩལ་ངོམ། །ཁོར་ཡུག་མུ་མེད་ཡུལ་ལྗོངས་མཐའ་ཀླས་དབུས། །རིན་ཆེན་ཕོ་བྲང་བང་རིམ་རྩེགས་སྟོང་ལྡན། །རྩེ་མོར་ཉི་ཟླའི་ཏོག་གིས་མཛེས་འབར་བར། །གསེར་གཡུའི་རྒྱ་ཕིབས་ནོར་བུའི་རྒྱན་གྱིས་བརྗིད། །ཟད་མེད་གཏེར་གྱི་བང་མཛོད་འབུམ་ཕྲག་བརྡལ། །སྟེང་ན་རྩ་གསུམ་ལྷ་ཚོགས་སྤྲིན་ལྟར་གཏིབས། །ལྷ་དང་ལྷ་མོས་མེ་ཏོག་ཆར་ཆེན་འབེབས། །ཡེ་ཤེས་རྣམ་ལྔའི་འཇའ་ཚོན་དྲྭ་བར་འབྲེལ། །བྱིན་ཆེན་བདུག་པའི་བསུང་གི་དྲི་ཞིམ་འཐུལ། །གཞལ་མེད་ཁང་བཟང་ཡིད་འོང་གྲངས་འདས་སུ། །རིག་འཛིན་གྲུབ་ཐོབ་རྒྱ་མཚོས་སྤྲུལ་སྒྱུར་ངོམ། །དགྲ་བཅོམ་སྟོང་དང་དྲུག་བརྒྱ་གྲངས་མེད་འཁོར། །མི་གཡོ་ཞི་བའི་ཏིང་འཛིན་མཆོག་ལ་གནས། །ཕྱོགས་ཀྱི་བ་གམ་འཁོར་ཁྱམས་ཁྲི་ཕྲག་ཏུ། །ལྷ་ཀླུ་གཉན་ནོར་དཀོར་མཛོད་བྱེ་བས་གཏམས། །མཐའ་སྐོར་རིན་ཆེན་ལྕགས་རི་ལྕོག་སྟོང་ལྡན། །མཛེས་བརྗིད་གཞལ་མེད་ཕོ་བྲང་ཆེན་པོའི་ནང་། །དར་གདུགས་རྒྱལ་མཚན་བླ་བྲེ་བྲེས་འབར་ཞིང་། །ལྷ་མིའི་འདོད་ཡོན་བཟང་དགུས་མཆོད་པའི་དབུས། །སྣ་ཚོགས་ལྷ་མིའི་ནོར་བུ་མང་པོ་ཡི། །འཕྱང་འཕྲུལ་རྒྱན་གྱིས་སྤུད་པའི་ཁྲི་བཟང་སྟེང་། །བསྐལ་མང་སྔོན་ནས་བྱང་ཆུབ་མཆོག་རབ་ཏུ། །ཐུགས་བསྐྱེད་རྫོགས་སྨིན་སྦྱངས་པ་རྒྱ་མཚོ་ཡིས། །ས་བཅུའི་སེམས་དཔའི་སྤངས་རྟོགས་མཐར་ཕྱིན་ཀྱང་། །བསྟན་པ་སྲུང་ཕྱིར་ཡུལ་སྐྱོང་ཚུལ་འཛིན་པ། །འཛམ་གླིང་སྲིད་པའི་ཟོ་དོར་ཀུན་གྱི་གཙོ། །ཤར་གྱི་ལྷ་ཆེན་རྨ་རྒྱལ་སྤོམ་ར་ནི། །སྐུ་མདོག་དཀར་པོ་དཀར་ལ་དམར་མདངས་ལྡན། །སྤྱན་མིག་སྐར་ཆེན་གཡུ་ཡི་སྨིན་མ་ཅན། །མཐོན་མཐིང་དབུ་སྐྲའི་ཟུར་ཕུད་ཐུར་དུ་འཕྱངས། །རཏྣའི་སྲོག་ཞུ་དར་གྱི་ལ་ཐོད་བཅིངས། །གསེར་གྱི་རྣ་ཆ་དྲུག་དཀར་གཡུ་ཡིས་མཛེས། །དར་ཟབ་གོས་དང་རིན་ཆེན་རྒྱན་གྱིས་སྤྲས། །གཟི་བྱིན་ཚངས་པའི་དཔལ་ལས་ཆེ་བ་ཡི། །ཕྱག་གཉིས་མཉམ་བཞག་ནོར་བུའི་སྒྲོམ་བུ་འཛིན། །ཞབས་གཉིས་རྒྱལ་པོ་རོལ་པའི་བཞུགས་སྟངས་དང་། །མཛེས་བརྗིད་རྔམས་པའི་སྟབས་ཀྱིས་འགྱིངས་པ་ཡིས། །ཉི་མ་འབུམ་གྱི་གཟི་མདངས་འཕྲོག་པར་བྱེད། །འདུལ་བའི་དབང་གིས་སྣ་ཚོགས་སྐུར་སྟོན་པས། །རེས་འགར་ཁྲབ་རྨོག་འཁོར་གསུམ་སྐུ་ལ་གསོལ། །ཞི་འཛུམ་མཛེས་པའི་ཞལ་གྱི་ཟླ་དཀྱིལ་ལ། །གློག་སྟོང་དགུང་ནས་འཁྱུགས་པའི་སྤྱན་རྩ་དམར། །དབང་དྲག་རྔམ་པ་ཆེན་པོའི་རྩལ་ཤུགས་ཀྱིས། །དཔའ་བའི་བསྭོ་སྒྲས་སྟོང་ཁམས་འགེངས་བཞིན་དུ། །ཕྱག་གཡས་མདུང་དར་དཀར་པོ་མཁའ་ལ་འཕྱར། །གཡོན་པས་འཆོར་མེད་འཕྲུལ་གྱི་ཞགས་པ་ཐོགས། །སྟོང་གསུམ་ཡུད་ཀྱིས་བསྐོར་བའི་རྫུ་འཕྲུལ་ཅན། །ཅང་ཤེས་ཤུགས་ལྡན་སྤྲིན་དཀར་འཕྱོ་འདྲ་བར། །རིན་ཆེན་ནོར་བུའི་སྒ་ཆས་སྤྲས་པའི་སྟེང་། །ཕྱེད་སྐྱིལ་གར་སྟབས་བརྗིད་པའི་ཚུལ་གྱིས་རོལ། །རེས་འགར་སྐུ་མདོག་སེར་པོ་གསེར་གྱི་མདོག །ཕྱག་གཡས་གསེར་མདོག་རྒྱལ་མཚན་མཁའ་ལ་བསྒྲེངས། །གཡོན་པས་འདོད་འབྱུང་བུམ་པ་བཟང་པོ་ཐོགས། །རེས་འགར་སྐུ་མདོག་དམར་པོ་བྱེ་རུའི་མདངས། །ཕྱག་གཡས་དབང་མཛད་ནོར་བུའི་ལྕགས་ཀྱུ་དང་། །གཡོན་པས་ཡིད་བཞིན་འཕྲུལ་གྱི་ཞགས་པ་བསྣམས། །རེས་འགར་སྨུག་ནག་ཁྲོས་པའི་ཞལ་རས་ཅན། །ཁྲོས་པའི་སྤྱན་ལས་སྡང་མིག་ཟི་ར་འབེབས། །ཕྱག་གཡས་རལ་གྲི་སྟོང་ཁམས་རེག་གཅོད་དང་། །གཡོན་པས་མདུང་ནག་གདུག་པ་སྦྲུལ་ལྕེ་བསྣམས། །ཞི་རྒྱས་དབང་དང་དྲག་པོའི་འཕྲིན་ལས་ལ། །གཅིག་ཏུ་མ་ངེས་སྣ་ཚོགས་སྒྱུ་འཕྲུལ་སྟོན། །གསང་བའི་ཡུམ་ཆེན་གྲུབ་པའི་ཌཱ་ཀི་མ། །གུང་སྨན་ཟླ་མཛེས་ལྷ་ཡི་རྒྱལ་མོ་དང་། །ཡབ་ཆེན་སྲིད་པ་ཆགས་པའི་ལྷ་རབས་རྒྱུད། །སེ་རི་ངང་ཡག་དཔལ་གྱི་རྒྱལ་པོ་ཆེ། །ཡུམ་མཆོག་གཟི་ལྡན་འཕེལ་ཆེན་ནོར་བུའི་བདག །ཤེལ་བྲག་རབ་དཀར་ཀླུ་མོ་ནོར་འཛིན་མ། །ཁམས་གསུམ་དབང་བྱེད་ཐུགས་སྲས་ལྷ་ཆེན་རྒྱལ། །སྟག་ཤར་དགྲ་ལྷའི་གཙོ་བོ་ཆེ་དགུ་དང་། །སྲིད་གསུམ་དབང་སྡུད་མཛེས་སྡུག་འཇོ་སྒེགས་ཅན། །ལྷ་སྨན་སྤྲུལ་པའི་སྲས་མོ་མཆེད་སྡེ་དགུ། །རུ་འདྲེན་དཔའ་ཆེན་འབུམ་གྱི་རྗེ་བཙན་ལ། །ནུ་བོ་དམག་དཔོན་དགྲ་འདུལ་དབང་ཕྱུག་དང་། །སྲིང་གཅིག་མདོ་གླིང་ཁམས་ཀྱི་དྲག་རྩལ་ཅན། །རྨ་རི་རབ་འབྱམས་རྡོ་རྗེ་དྲག་མོ་རྒྱལ། །ཞང་པོ་ཧ་བྲག་འབར་བའི་དགེ་བསྙེན་དང་། །བློན་ཆེན་དགེས་ཐུང་བྲག་དཀར་གཉན་གྱི་བུ། །ཕྱག་ཚང་འབྲོང་རྒྱས་ཞལ་དཀར་གནོད་སྦྱིན་གཙོ། །རྨ་ཡི་ཡར་སྟོད་རྩེ་ལྷ་བཅུ་གསུམ་དང་། །མར་སྨད་རྨ་ཡི་མགྲོན་ལྷ་བཅུ་གསུམ་སོགས། །རྨ་རིགས་ཟོ་དོར་སུམ་བརྒྱ་དྲུག་ཅུའི་ཚོགས། །རྨ་འཁོར་བྱེ་བ་དགུ་སྟོང་བསམ་མི་ཁྱབ། །གཞན་ཡང་ཕྱོགས་བཞིའི་གཉན་ཆེན་སྡེ་བཞི་དང་། །ལྷ་སྲིན་སྡེ་བརྒྱད་མ་ངེས་སྣ་ཚོགས་རིགས། །སྐད་ཅིག་མི་གཡེལ་ཁམས་གསུམ་ཀུན་རྒྱུ་ཞིང་། །རང་རང་ལས་ལ་དབང་བའི་འཕྲིན་ལས་ཅན། །ཡང་འཁོར་མཁའ་དང་ས་གཞི་ཀུན་ཁྱབ་པ། །མ་ལུས་འཁོར་དང་བཅས་པ་ཐམས་ཅད་ཀུན། །མ་ཐོགས་ཡིད་ལས་མྱུར་བའི་རྫུ་འཕྲུལ་གྱིས། །རྣལ་འབྱོར་དམ་ལྡན་བདག་གི་གནས་འདིར་གཤེགས། །མཁའ་མཉམ་བདེ་བ་ཆེན་པོའི་ཕོ་བྲང་ཆེ། །སྲིད་ཞི་མཉམ་ཉིད་རོ་གཅིག་རིག་པའི་རྩལ། །དག་ཆེན་ཡེ་ཤེས་དྲྭ་བའི་སྒྱུ་འཕྲུལ་གྱི། །ངོ་མཚར་སྤྲུལ་པའི་གཞལ་མེད་ཁང་ཆེན་འདིར། །གདོད་ནས་འདུ་འབྲལ་སྤངས་པའི་གདན་ཁྲི་ལ། །རྡོ་རྗེ་གསང་བའི་དམ་ཚིག་གཉན་པོ་ཡིས། །སྲོག་སྙིང་གཅིག་ཏུ་སྦྲེལ་བའི་མཛའ་གཅུགས་ཀྱིས། །མི་གཡོ་དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །བདག་ཅག་མ་རིག་འཁྲུལ་བའི་གཞན་དབང་གིས། །ནོངས་པར་གྱུར་པ་ཅི་མཆིས་མཐོལ་ཞིང་བཤགས། །དགྱེས་ཞལ་ཡར་ཟླ་འཛུམ་པའི་འོད་དཀར་གྱིས། །དམ་ལྡན་སྙིང་ལ་བདུད་རྩིའི་བཅུད་ལེན་བྱིན། །ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་བརླབས་པའི། །ཡེ་ཤེས་འདོད་རྒུར་འཁྱིལ་བ་མི་ཟད་སྤྲིན། །ཟག་བྲལ་བདེ་ཆེན་ཀུན་བཟང་ནམ་མཁའི་མཛོད། །ཆོས་དབྱིངས་རྒྱས་པར་འགེངས་པའི་མཆོད་པས་མཆོད། །མཛེས་པའི་མེ་ཏོག་དྲི་ཞིམ་བདུག་སྤོས་དང་། །སྣང་གསལ་མར་མེ་དྲི་བཟང་མཆོད་པའི་ཆབ། །རོ་བདའི་ཞལ་ཟས་སྙན་པའི་རོལ་མོ་སྟེ། །འདོད་ཡོན་རྣམ་ལྔ་ཕྱི་ཡི་མཆོད་པ་དང་། །རང་བྱུང་དྭངས་མ་འཆི་མེད་བདུད་རྩི་སྨན། །བཀྲག་མདངས་མཛེས་འབར་དམ་རྫས་གཏོར་མ་དང་། །ཁམས་གསུམ་དབྱིངས་སྒྲོལ་དམར་ཆེན་རཀྟ་སྟེ། །བརྟུལ་ཞུགས་གར་གྱིས་རོལ་བའི་ནང་གི་མཆོད། །བདེ་སྟོང་ཟག་པ་མེད་པའི་འཕྲུལ་རྩལ་གྱིས། །བདེ་མཆོག་བདེ་ཆེན་སྒྱུ་མར་རོལ་བ་དང་། །སྙིང་རྗེ་ཁྲོས་པས་ཞེ་སྡང་འཇོམས་བྱེད་པའི། །ཐབས་ཤེས་སྦྱོར་སྒྲོལ་གསང་བའི་མཆོད་པ་འབུལ། །གཙང་ཞིང་གཙང་མར་སྦྱར་བའི་རྫས་ཀྱི་མཆོག །ཡེ་ཤེས་ཞུགས་ཀྱིས་སྦྱངས་པའི་དུད་སྤྲིན་དང་། །མཆོག་གསུམ་རྩ་གསུམ་བྱིན་རླབས་ཆབ་རྒྱུན་གྱིས། །སྲུང་ཞིང་སྐྱོབ་པའི་ལྷ་ཚོགས་ཐམས་ཅད་བསང་། །སྣ་ཚོགས་སྨན་ཤིང་དཀར་མངར་རོ་ལྡན་ཟས། །དར་ཟབ་རིན་ཆེན་སྣ་ཚོགས་ནོར་བུའི་དབྱིག །བདུད་རྩིའི་ཆབ་ཀྱིས་བྲན་པའི་མཆོད་རྫས་རྣམས། །འབར་བའི་མེ་ཡིས་བསྲེགས་པའི་དུད་སྤྲིན་ལས། །སྣང་སྟོང་མཉམ་ཉིད་རང་ཤར་ལྷུན་གྲུབ་རྩལ། །འདོད་འབྱུང་བུམ་པ་བཟང་དང་དཔག་བསམ་ཤིང་། །ཅི་བསམ་ཡིད་བཞིན་འགྲུབ་པའི་ནོར་བུའི་རིགས། །བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་རིན་ཆེན་བདུན། །ཡུལ་འཁོར་སྐྱེད་ཚལ་མཚོ་གླིང་ཁང་བཟང་དང་། །རིན་ཆེན་རི་བོ་ནེའུ་གསེང་སྨན་གྱི་ལྗོངས། །བྱ་གཅན་རི་དྭགས་མཛེས་པའི་སྤུ་སྡུག་ཅན། །རྐང་བཞིའི་ཕྱུགས་རིགས་དཀར་ནག་ཁྲི་མ་འབུམ། །ཕོ་རྒྱུད་དཔའ་བོས་མཛེས་པའི་གར་བྱེད་ཅིང་། །མོ་རྒྱུད་དཔའ་མོས་སྙན་པའི་གླུ་དབྱངས་ལེན། །ཟིལ་གནོན་སྐུ་མཁར་འཇའ་ཚོན་འོད་ལྔས་སྦྲེལ། །དཀོར་མཛོད་བྱེ་བར་ལྷ་མིའི་ནོར་སྣས་གཏམས། །གཏུམ་ཆེན་རྔམས་པའི་དཔུང་གི་བསྭོ་སྒྲ་དང་། །དབང་དྲག་འབར་བའི་ཟིལ་གནོན་འབྲུག་སྟོང་སྒྲ། །ལྷན་ཅིག་འགྲོགས་པའི་དབང་ཐང་གློག་དམར་གྱི། །མི་བཟད་འབར་བའི་ཟེར་གྱིས་སྟོང་ཁམས་འགེངས། །འདོད་རྒུ་ལྷུན་གྲུབ་སྣོད་བཅུད་རྫོགས་ལྡན་གྱི། །དཔལ་ལ་འཁུ་འདྲའི་རྨད་བྱུང་འབྱོར་བ་བརྒྱ། །རྡོ་རྗེ་བཀོད་པའི་སྒྱུ་འཕྲུལ་རྒྱན་མཆོག་གིས། །ལྷ་མཆོག་རྨ་རྒྱལ་སྤོམ་ར་འཁོར་བཅས་མཆོད། །སྣང་སྲིད་དག་མཉམ་བདེ་ཆེན་ཡེ་ཤེས་ཀྱི། །སྒྱུ་འཕྲུལ་རྒྱས་པར་བཀོད་པའི་མཆོད་ཚོགས་སྤྲིན། །རྣམ་མང་འདོད་ཡོན་རོལ་མོར་འཆར་བ་འདིས། །ཞི་ཚུལ་སེམས་དཔའ་ཆེན་པོའི་ཐུགས་དམ་བསྐང་། །རྒྱས་མཛད་རྨ་གཡང་ནོར་ལྷའི་ཐུགས་དམ་བསྐང་། །དབང་མཛད་དབང་གི་ལྷ་མཆོག་ཐུགས་དམ་བསྐང་། །འཇིགས་རུང་གཏུམ་ཆེན་ཁྲོ་རྒྱལ་ཐུགས་དམ་བསྐང་། །དགྱེས་ཡུམ་གུང་སྨན་ཟླ་མཛེས་ཐུགས་དམ་བསྐང་། །ཡབ་ཆེན་སེ་རི་ངང་ཡག་ཐུགས་དམ་བསྐང་། །ཡུམ་མཆོག་ཀླུ་མོ་ནོར་འཛིན་ཐུགས་དམ་བསྐང་། །འཕྲུལ་སྲས་ལྕམ་དྲལ་བཅོ་བརྒྱད་ཐུགས་དམ་བསྐང་། །དགྲ་འདུལ་དབང་ཕྱུག་རྡོ་རྗེ་དྲག་མོ་རྒྱལ། །ཧ་བྲག་འབར་བ་དགེས་ཐུང་ཞལ་དཀར་དང་། །རྩེ་ལྷ་བཅུ་གསུམ་མགྲོན་ལྷ་བཅུ་གསུམ་སོགས། །རྨ་རིགས་ཟོ་དོར་ཁྲི་འབུམ་ཐུགས་དམ་བསྐང་། །རྒྱལ་སྲས་ས་བཅུའི་དབང་ཕྱུག་ཆེན་པོ་མཆོག །གང་འདུལ་རྒྱལ་བའི་འཕྲིན་ལས་རབ་འབྱམས་ཀུན། །ཐོགས་མེད་སྒྲུབ་ལ་དཔའ་བའི་མཐུ་རྩལ་ཅན། །སྟོབས་ལྡན་དགྲ་བླའི་དབང་པོར་མངའ་གསོལ་ཞིང་། །ནག་ཕྱོགས་བདུད་རིགས་རྩད་ནས་འཇོམས་པ་དང་། དཀར་ཕྱོགས་ལྷ་མིའི་དབུ་འཕང་མཐོ་བ་ཡི། །མི་ནུབ་ཕྱོགས་ལས་རྣམ་རྒྱལ་རྒྱལ་མཚན་ཆེའི། །བསམ་འཕེལ་དབང་གི་རྒྱལ་པོར་དཔང་བསྟོད་དོ། །སྔོན་སྨོན་ཐུགས་བསྐྱེད་དམ་བཅའི་ཡར་གམ་དང་། །རྒྱལ་དབང་པདྨ་ཀཱ་རས་བཀའ་བསྒོས་བཞིན། །དུས་འདིར་སྙིགས་ལྔ་བདོ་བའི་རང་གཟུགས་ལ། །མ་གཡེལ་དགོངས་ནས་བསྟན་འགྲོའི་རྒུད་པ་སོལ། །བདག་སོགས་རྣལ་འབྱོར་སྒྲུབ་པོ་འཁོར་བཅས་ཀྱིས། །ལྷ་ཁྱོད་བསྟེན་ཅིང་མཆོད་པའི་མཐུ་ནུས་ཀྱིས། །ཕུན་ཚོགས་སྡེ་བཞིར་དབང་བའི་དབང་ཐང་དང་། །ཕྱོགས་ལས་རྣམ་པར་རྒྱལ་བའི་རླུང་རྟ་སྐྱེད། །འབྱུང་ལྔ་ཁམས་གསུམ་འདུས་པའི་ཚེ་བསོད་དབྱིག །སྲིད་ཞིའི་དྭངས་བཅུད་འཇའ་ཟེར་ཐིག་ལེ་རུ། །ཡོངས་འཁྱིལ་མི་ཤིགས་རྡོ་རྗེའི་རྒྱས་ཐོབ་ལ། །ཚེ་གཡང་ནོར་བུའི་སྲོག་མཁར་ནུབ་མེད་ཚུགས། །དགྱེས་ཞལ་ཟླ་བ་གཞོན་ནུའི་འཛུམ་མདངས་དང་། །འགྲོགས་པའི་དགེ་མཚན་དཀར་པོའི་འཕྲིན་ལས་ཀྱིས། །མི་འདོད་ཀུན་ཞི་ལེགས་ཚོགས་འདོད་རྒུའི་དཔྱིད། །མི་ནུབ་ཡར་ཟླའི་དཔལ་ལ་འཁུ་བར་མཛོད། །རེས་འགའ་རབ་བརྗིད་ཚིམས་ཤིང་རྔམས་པའི་སྐུ། །སྣང་སྲིད་དྲེགས་པའི་རྗེ་བཙན་ཆེར་བཞེངས་པས། །ཚེ་བསོད་དབང་ཐང་དར་ཞིང་རྒྱས་པ་ཡི། །རྒྱས་པའི་ལས་ཀུན་ཐོགས་མེད་བསྒྲུབ་མཛོད་ཀྱེ། །བདེ་ཆེན་ཉམས་བརྒྱ་འབར་བའི་འོད་དམར་གཟི། །སྲིད་གསུམ་འཆིང་བྱེད་ནོར་བུའི་ཞགས་པ་ཡིས། །ས་གསུམ་དཔལ་ཡོན་མ་ལུས་དབང་སྡུད་པའི། །དོན་ཡོད་ངོ་མཚར་འཕྲུལ་གྱི་དངོས་གྲུབ་སྩོལ། །འཇིགས་རུང་དགྲ་ལྷ་འཁྲུགས་པའི་སྤྲིན་ནག་ལས། །དྲག་ཤུལ་ཐོག་མདའ་འབར་བའི་མེ་ཆར་གྱིས། །མི་དང་མི་མིན་ལོག་འདྲེན་དགྲ་བགེགས་ཀུན། །མངོན་སྤྱོད་དྲག་པོས་མིང་གི་ལྷག་མར་མཛོད། །མཐའ་ཡས་སྐྱེ་རྒུའི་ཕན་བདེའི་གཉེན་གཅིག་པུ། །རྒྱལ་བསྟན་ལུང་དང་རྟོགས་པའི་བདག་ཉིད་ཆེ། །བཤད་སྒྲུབ་འཁོར་ལོ་གཉིས་ཀྱིས་རྟག་སྐྱོང་བའི། །རྣམ་ཐར་བ་དན་དཀར་པོ་སྲིད་རྩེར་སྒྲེངས། །མདོ་སྔགས་སྤྱི་དང་ནང་རྒྱུད་ཡོ་ག་གསུམ། །ཁྱད་པར་རྫོགས་ཆེན་སྲོལ་འཛིན་སྔ་འགྱུར་པའི། །བརྒྱུད་གསུམ་བྱིན་རླབས་འཕོས་པའི་རྟེན་འབྲེལ་གྱིས། །འཇའ་ལུས་འོད་སྐུར་གྲོལ་བའི་ངོ་མཚར་ངོམས། །ནཱ་རོ་མཻ་ཏྲིའི་གདམས་ཟབ་བྱིན་བརྒྱུད་དང་། །ཕྱག་ཆེན་གཙོར་འདོན་འགྲོ་མགོན་བཀའ་བརྒྱུད་པའི། །སྒྲུབ་ལ་བསྲན་ཚུགས་དངོས་གྲུབ་མཆོག་བརྙེས་པའི། །གྲུབ་ཐོབ་བརྒྱུད་པས་ས་སྟེང་གང་བར་མཛོད། །བིརྺ་པ་ཡི་ཐུགས་བཅུད་ལམ་འབྲས་ཀྱི། །བསྟན་པའི་གསལ་བྱེད་དཔལ་ལྡན་ས་སྐྱ་པའི། །བཤད་སྒྲུབ་བསྟན་པའི་མངའ་ཐང་སྲིད་པའི་རྩེར། །སྒྲེང་བའི་རྒྱལ་རྔ་མཐོན་པོ་ཁྱོད་ཀྱིས་རྡུངས། །རྒྱལ་བ་གཉིས་པ་འཇམ་དཔལ་སྙིང་པོ་ཡི། །རིང་ལུགས་གཙོར་འཛིན་རི་བོ་དགེ་ལྡན་པའི། །ཚུལ་དགུའི་ཡོན་ཏན་རྫོགས་པའི་རྨད་བྱུང་གི། །གྲགས་པའི་མུ་ཁྱུད་ནམ་མཁའི་ཕ་མཐར་སྐྱོལ། །ངེས་དོན་མདོ་དང་དུས་ཀྱི་འཁོར་ལོ་ཡི། །དགོངས་དོན་གསལ་མཛད་རྗེ་བཙུན་ཇོ་ནང་པའི། །བརྒྱུད་པའི་བཀའ་སྲོལ་དྲི་མེད་རྣམ་དག་གི། །བསྟན་པའི་དབུ་འཕང་ཉི་ཟླའི་བླ་རུ་བསྟོད། །ཤངས་པ་གཅོད་ཡུལ་ཞི་བྱེད་བསྙེན་སྒྲུབ་སོགས། །གངས་རིའི་ཁྲོད་འདིར་དར་བའི་ཡོངས་རྫོགས་བསྟན། །མདོ་སྔགས་ཟུང་འཇུག་ཚེ་གཅིག་སངས་རྒྱས་ལམ། ཀུན་ཀྱང་ཉམས་མེད་བསྟན་པ་མཐའ་རྒྱས་མཛོད། །འཛམ་གླིང་ས་ཆེན་འཛིན་མའི་ཡང་རྩེའི་ཏོག །ཆོས་ལྡན་གངས་ཅན་བོད་ཀྱི་རྒྱལ་ཁམས་ཆེའི། །རིས་བྲལ་རྒྱལ་བསྟན་མི་ཤིགས་གཡུང་དྲུང་རིས། །དགའ་བ་གཡང་དུ་འཁྱིལ་བའི་བཀྲ་ཤིས་སྒྲུབས། །ཡངས་པའི་ཐ་གྲུ་ཀུན་ཏུ་ནད་མུག་མཚོན། །འབྱུང་བཞིའི་འཇིགས་པ་མཐའ་དག་རབ་ཞི་ནས། །འགྲོ་ཀུན་ཞི་དང་བདེ་བས་འཚོ་བ་ཡི། །སྣོད་བཅུད་རྫོགས་ལྡན་དཔལ་ལ་འཁོད་པར་མཛོད། །ཉག་གཅིག་ཐིག་ལེ་འོད་གསལ་ཆོས་སྐུར་སྨིན། །དོན་གཉིས་ལྷུན་གྲུབ་ཀུན་བཟང་སྤྱོད་པ་རྫོགས། །ས་གསུམ་དགེ་བའི་ཕུན་ཚོགས་མགྲོན་དུ་འགུགས། །ཕྱོགས་ལས་རྣམ་པར་རྒྱལ་བའི་བཀྲ་ཤིས་ཤོག །
རྩོམ་སྒྲིག་པ། དོནའགྲུབ་རྡོ་རྗེ།