༄༅། །གནས་བདག་ནོར་བུ་གཡུལ་རྒྱལ་གྱི་གསོལ་མཆོད་བཞུགས་སོ།།

WechatIMG32.jpg

༄༅། །ཀྱཻ། །སྔོན་ཚེ་གཡུང་དྲུང་ནོར་བུའི་མཛོད་འཛིན་ལྷ། །ད་དུས་པདྨའི་བསྟན་སྐྱོང་གནས་ཀྱི་བདག །ནོར་བུ་གཡུལ་རྒྱལ་འཁོར་སྲས་བཙུན་མོར་བཅས། །གྲངས་མེད་ལྷ་གཉན་ཀླུ་ཡིས་བསྐོར་བ་ལ། །ཟག་མེད་ཏིང་འཛིན་སྤྲུལ་པའི་མཉེས་མཆོད་རྫས། །རབ་འབྱམས་ནམ་མཁའ་གང་བར་འབུལ་ལགས་ན། །ཐུགས་བརྩེས་དགྱེས་བཞེས་ཐུགས་དམ་ཉེར་བསྐངས་ནས། །རྣལ་འབྱོར་འདོད་པའི་དོན་རྣམས་མྱུར་དུ་སྒྲུབས། །མ་ལུས་སྐྱེ་རྒུའི་ཕུན་ཚོགས་ཀུན་གྱི་གཞི། །སྲིད་ཞིའི་འདོད་འབྱུང་མཚུངས་བྲལ་རྒྱལ་བའི་བསྟན། །ལུང་དང་རྟོགས་པའི་བདག་ཉིད་རིན་པོ་ཆེ། །བཤད་དང་སྒྲུབ་པས་དར་ཞིང་རྒྱས་པར་མཛོད། །ཁྱད་པར་རྨད་བྱུང་ཡང་ཟབ་རྫོགས་པ་ཆེའི། །ངེས་དོན་སྙིང་པོའི་སྲོག་བཟུང་བསྟན་འཛིན་གྱི། །བཞེད་དོན་ཐམས་ཅད་ཐོགས་མེད་ཡིད་བཞིན་དུ། །སྒྲུབ་པའི་གཡར་དམ་གཉན་པོ་གཉེར་དུ་ལོངས། །དཀར་ཕྱོགས་ལྷ་ཡི་རུ་མཚོན་དགུང་ལ་ཕྱོར། །དམ་པ་ཆོས་ཀྱི་རྒྱལ་རྔ་ཕྱོགས་བཅུར་རྡུངས། །སྡེ་བཞི་དགེ་བཅུའི་དཔལ་ཡོན་གཡང་དུ་ཁུག །བཀྲ་ཤིས་སྣང་བས་ས་གསུམ་ཀུན་ཁྱབ་མཛོད། །

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།