འཛམ་གླིང་ཞི་བདེའི་མཆོད་རྟེན་ཆེན་མོའི་རབ་གནས་མཛད་སྒོ།

WechatIMG930.jpeg2018 ལོའི་ཟླ་9 ཚེས་26ཉིན། ཡུལ་མདོ་སྨད་ས་ཡི་ལྟེ་བ་གྲུབ་དབང་རྫོགས་ཆེན་པའི་ཆོས་བརྒྱུད་འཛིན་པ་སྔ་འགྱུར་རྨེ་བ་དགོན་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་དུ།  སྐྱབས་གཅིག་འཁོར་ལོའི་མགོན་པོ་ཤེར་འཕྲེང་སྤྲུལ་བའི་སྐུ་རིན་པོ་ཆེ་འཇམ་དབྱངས་ཤེས་རབ་རྒྱལ་མཚན་མཆོག་གི་བླ་ན་མེད་པའི་ཐུགས་བསྐྱེད་ལས་གྲུབ་པའི་སྲིད་ཞིའི་རྒུད་པ་ཀུན་སེལ་འཛམ་གླིང་ཞི་བདེའི་མཆོད་རྟེན་མཐོང་གྲོལ་ཆེན་མོ་ལེགས་འགྲུབ་ཀྱི་སྐབས་དང་པོའི་རབ་གནས་མཛད་སྒོ་སྤེལ།

WechatIMG955.jpeg

ཐེངས་འདིའི་རབ་གནས་མཛད་སྒོ་ལ་ཆེད་དུ་ཕེབས་པའི་མ་དགོན་རྫོགས་ཆེན་ཚང་གི་བསྟན་པའི་མངའ་བདག་གྲུབ་དབང་རྫོགས་ཆེན་རིན་པོ་ཆེ་བསྟན་འཛིན་ལུང་རྟོགས་ཉི་མ་མཆོག་དང་། སྔ་འགྱུར་ཀཿཐོག་དང་དཔལ་ཡུལ་དགོན་ཆེན་གྱི་བསྟན་བདག་སྐྱེས་ཆེན་རྣམ་པ། ཨ་མཆོག་མཚན་ཉིད་དགོན་གྱི་བསྟན་བདག་ཨ་མཆོག་པཎྜིཏ་བློ་བཟང་ཐུབ་བསྟན་མཁྱེན་རབ་ཡེ་ཤེས་རྒྱ་མཚོ། རྡོ་གྲུབ་ཀློང་ཡངས་རྒྱ་མཚོ། སྟག་ཚ་བསྟན་པའི་རྒྱལ་མཚན་སོགས་རིས་སུ་མ་ཆད་པའི་ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་དང་བཅས་པའི་བླ་སྤྲུལ་གྲྭ་ཚང་དང་འཁོར་སློབ་འདུས་པ་རྒྱ་མཚོ་སྲིད་ན་མཛེས་པའི་འཛམ་གླིང་ཞི་བདེའི་མཆོད་རྟེན་ཆེན་མོ་ལེགས་འགྲུབ་ཀྱི་བཀྲ་ཤིས་པའི་རྟེན་འབྲེལ་དབུ་འབྱེད་མཛད་སྒོ་ལ་ཕེབས་ཡོད་པ་རེད།

WechatIMG960.jpeg

འཛམ་གླིང་ཞི་བདེའི་མཆོད་རྟེན་ཆེན་མོ་ནི་ངེས་དོན་བསྟན་འགྲོའི་མགོན་པོ་ཆོས་རྗེ་བླ་མ་རིན་པོ་ཆེ་༧ འཇམ་དབྱངས་ཤེས་རབ་རྒྱ་མཚན་གང་གིས་སྐྱེ་འགྲོ་སྤྱིའི་ཕན་བདེ་དམ་པའི་ཆེད་དང་། ཁྱད་པར་འཛམ་གླིང་འདིར་བརྟེན་པའི་སེམས་ཅན་རྣམས་ནད་མུག་འཁྲུགས་རྩོད་སོགས་དུས་ཀྱི་རྒུད་པ་མཐའ་དག་ཞི་ནས། འཕྲལ་ཡུལ་ཀུན་ཏུ་བདེ་སྐྱིད་མི་ཟད་པའི་དཔལ་ལ་རོལ་བའི་ཐུགས་བསྐྱེད་ཟབ་མོས་དྲངས་པའི་འཛམ་གླིང་ཞི་བདེའི་མཆོད་རྟེན་མཐོང་བ་རང་གྲོལ་ཆེན་མོ་འདིའི་ནང་རྟེན་གྱི་གཙོ་བོ་ལ་སངས་རྒྱས་བྱང་སེམས་ཀྱི་རིང་བསྲེལ་རྣམ་བཞི་སོགས་འཛམ་གླིང་དུ་དཀོན་པའི་རྟེན་རྩ་ཆེན་དུ་མ་དང་། སྐུ་ཆེན་རྣམ་བརྒྱད།  གསུང་རབ་བཀའ་བསྟན་འགྱུར་གཉིས་རེ་རེ་ལ་གྲངས་ཀ་ཁྲི་ཕྲག་ལྷག་རེ་དང་།  ཨོ་རྒྱན་སངས་རྒྱས་གཉིས་པའི་གསེར་སྐུ་ཁྲུ་གང་བ་འབུམ་ཕྲག་ཁ་ཤས་སོགས་ཀྱིས་སྙིང་པོ་བྱས་ཡོད་ཅིང་། བཟོ་བཀོད་དང་ཆ་ཚད་ཐམས་ཅད་མདོ་རྒྱུད་རྒྱ་མཚོའི་གནས་ལ་མཁས་པའི་སྔོན་དམ་པའི་གཞུང་བཞིན་ལག་བསྟར་བྱས་པས་ངོ་མཚར་མཚུངས་པ་མེད་པའི་བཟོ་ཁྱད་འབུར་དུ་ཐོན་པ། སྟེང་འོག་ཀུན་ཏུ་ལྷ་ཁང་བརྒྱ་རྩ་ལྷག་བཅས་རྒྱུ་བཟང་བཀོད་ལེགས་ཀྱི་གཞལ་ཡས་ཆེན་པོ་འགྲོ་བའི་བསོད་ནམས་ཀྱི་མཆོད་སྡོང་དུ་བཞུགས་སོ།།

WechatIMG964.jpeg

མདོ་རིན་པོ་ཆེ།

WechatIMG961.jpeg

WechatIMG962.jpegཨ་མདོ་རྨེ་བ་དགོན་ཆེན་བྱམས་ཆེན་དར་རྒྱས་ཆོས་འཁོར་གླིང་ནི་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་དྲུག་ལས་སྟོད་ན་རྡོར་སྨིན་དཔལ་གསུམ་དང་སྨད་ན་ཀཿདཔལ་རྫོགས་གསུམ་ཞེས་གྲགས་པའི་ཡ་གྱལ། གྲུབ་དབང་རྫོགས་ཆེན་པའི་དགོན་ལག་འོད་གསལ་གསང་བ་སྙིང་ཐིག་གི་ཆོས་སྡེ་ཆེན་པོ་དར་རྒྱས་བྱམས་ཆེན་ཆོས་འཁོར་གླིང་འདི་རིག་འཛིན་འཇའ་ཚོན་སྙིང་པོའི་སློབ་མ་བེར་ཚང་གསང་སྔགས་ཉི་མས་སྤྱི་ལོ་༼ ༡༦༤༦ ༽ པ་རབ་བྱུང་བཅུ་གཅིག་པའི་མེ་ཁྱི་ལོར་བེེ་རོའི་ལ་ཁར་ཆོས་གཞིས་ཐོག་མར་ཕྱག་འདེབས་མཛད་པ་ནས་བཟུང་ལོ་ངོ་སུམ་བརྒྱ་ལྷག་གི་བར་དུ་ཀུན་མཁྱེན་བསྟན་པའི་ཉི་མ་སོགས་བླ་སྤྲུལ་མཁན་གསུམ་དུ་མས་བཤད་སྒྲུབ་འཁོར་ལོ་གཉིས་ལྡན་གྱིས་བསྐྱངས་ཤིང་། ཁྱད་པར་དུ་བསྟན་པ་ཡང་དར་གྱི་སྐབས་སུ་རྗེ་བཙུན་བླ་མ་འཇམ་དབྱངས་ཤེས་རབ་རྒྱལ་མཚན་མཆོག་གིས་བསྟན་འགྲོ་ལ་བརྣགས་པའི་ཐུགས་བསྐྱེད་ཀྱི་དཔུང་བ་བཙན་པོས་བླ་མ་གོང་མས་ལུང་བསྟན་བཞིན་དུ་ས་དཔྱད་ལེགས་དགུས་མཛེས་པའི་ཨ་མུས་མཁའ་ཁུག་ཏུ་བོད་རབ་བྱུང་བཅུ་དྲུག་པའི་ཤིང་བྱི་ལོར་དགོན་པ་གསར་འདེབས་ཀྱི་དབུ་བཙུགས་ནས་ད་ལྟའི་བར་ལ་བཤད་སྒྲུབ་ཀྱི་བསྟན་པ་རིན་པོ་ཆེ་དབྱར་མཚོ་བཞིན་རྒྱས་ཤིང་གནས་པ་ལགས་སོ།།

WechatIMG963.jpegརྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།