རྒན་རྡོ་རེད་ཀྱི་གསུང་རྩོམ་པར་སྐྲུན་བྱས་པར་རྟེན་འབྲེལ་ཞུ།

ཐོག་མར་རྒན་རྡོ་རེད་ལགས་ཀྱི་བོད་པའི་དཀྲོལ་ལེན་གྱི་བསླབ་གཞི་ཐོག་མ་༼དཀྲོལ་ལེན་རིག་པ་ལ་འཇུག་པའི་སྒོ་བློ་གསལ་ཁྱེའུ་རྩེན་པའི་ང་རོ༽་ཞེས་འདི་ལེགས་འགྲུབ་ཀྱི་མཛད་སྒོ་ལ་ཁ་མིན་སེམས་ཀྱིས་བཀྲ་ཤིས་རྟེན་འབྲེལ་ཞུ་ལ།དེ་ནི་རྒན་ཁོང་གིས་ཆེ་བ་འཛམ་བུ་གླིང་།འགྲོ་བ་མིའི་རིགས།བོད་པ་སྤྱིའི་གླུ་གཞས་སྒྱུ་རྩལ་རིག་གནས་ལ་གསར་དུ་བཏབ་པའི་ཚོན་རྩི་སྨུག་ཤིགས་པ་ཞིག་རེད་བསམ་ཡོད་ལ།བོད་པའི་དཀྲོལ་ལེན་གྱི་ཕ་ས་རྨ་ཆུ་གཙོ་བྱས་པའི་ཕྱི་རབས་དཀྲོལ་ལེན་སྡེ་ལ་དཀྲོལ་ལེན་རིག་གནས་སུ་ཇི་ལྟར་འཇུག་ཚུལ་དང་།ཁ་ཕྱོགས་དམིགས་སོ་འོད་འཁྱུག་པ་ཞིག་ཀྱང་བསྟན་ཡོད་པར་སྙམ།

WechatIMG3.jpeg

སྤྱིར་མངའ་རིས་ཀྱི་སྒྲ་སྙན་གྱིས་རམ་དཀྲོལ་ལ་བརྟེན་ནས་ནང་མ་སྟོད་གཞས་གཙོ་བྱས་པའི་གཞས་དང་མགུར།གར་དང་རྣམ་ཐར།གླུ་དང་ལ་གཞས་སོགས་འགུགས་རྟ་མང་བོ་ཞིག་སྟོད་མངའ་ནས་ལྷ་ས།དེ་ནས་ཨ་མདོ་ལ་རིམ་བཞིན་མཆེད་ཅིང་།ལོ་རབས་བདུན་ཅུའི་ལོ་སྟོད་དུ་རྒན་དཔལ་མགོན་ལགས་ཀྱིས་ཐུན་མོང་མ་ཡིན་པའི་དཀྲོལ་ལེན་འགུགས་རྟ་ཞིག་བསྩལ་བ་ནས།ཨ་མདོའི་དཀྲོལ་ལེན་ཞེས་ཤ་ཟུག་རུས་ཟུག་གི་འགུགས་རྟ་རང་རྐྱ་ཅན་འདི་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཏེ།ཨ་མདོ་ནས་ཕྱིར་ལྷ་ས་སོགས་བོད་ཁམས་ཡོངས་དང་ཕྱི་ནང་གཉིས་ལ་ཁྱབ་ཅིང་།དེ་བཞིན་རྒན་རྡོ་རེད་དང་གངས་ལྗོངས་ཁུ་བྱུག་སྔོན་མོ་གཙོ་བྱས་པའི་ཞིང་འབྲོག་ས་ཆ་ཀུན་ནས་དཀྲོལ་ལེན་ལ་མོས་མཁན་དང་འགུགས་མཁན།བརྩོན་མཁན་ཧ་ལས་པ་མང་བོ་བྱུང་སོང་། 

ད་ཆ་ཨ་མདོའི་དཀྲོལ་ལེན་དེ་དར་ཁྱབ་ཆེ་བ་ལས་ཚིག་དབྱངས་གང་དུ་ཡང་དར་རྒྱས་དེ་ཙམ་མེད་པ་འདྲ་ཞིང་།དེ་ལ་གནད་དོན་ཆེ་ས་ནས་གསུམ་ཡོད་པར་སྣང་།གཅིག དཀྲོལ་ལེན་པའི་སྡེ་མང་ཤོས་ཡིག་རྨོངས་པ་ཡིན་པ། གཉིས།དཀྲོལ་ལེན་དེ་ལ་རྩེད་ཆས་ལྟ་བུའི་འདུ་ཤེས་ཁོ་ན་འཛིན་པ།

གསུམ།དེ་ལ་འཇུག་པར་ཚད་ལྡན་གྱི་བསླབ་གཞི་མེད་པ་བཅས་རེད་འདོད།དེ་ཕྱིར་རྗེས་ཕྱོགས་རྒན་ཁོང་གི་དཀྲོལ་ལེན་འཇུག་སྒོའི་བསླབ་གཞི་འདི་ལ་བརྟེན་ནས་ཨ་མདོའི་དཀྲོལ་ལེན་དེ་ཡང་རིག་གནས་ཀྱི་རྒྱབ་རྩ་ཅན་དང་རིག་གནས་ཀྱི་གྲྭ་བ་ནས་རྐང་ཚུགས་པའི་སྨོན་ལམ་འདེབས་ཤིང་།རྒན་ཁོང་གིས་ཀྱང་ཞིབ་མཇུག་གི་མཐའ་ཇེ་རིང་དང་གཞུང་ཇེ་ཚང་དུ་གཏོང་བའི་རེ་བ་ཞུ། མཇུག་མཐར།སྐད་ཆ་དེ་རིག་གནས་ཤིག་ཡིན།རིག་གནས་དེ་རང་ཚུགས་ཤིག་ཡིན།ང་ཚོས་སྐད་ཆ་བཤད་དགོས།རིག་གནས་སྦྱོང་དགོས།རང་ཚུགས་འཛིན་དགོས།

- [ ] རྒན་རྡོ་རེད་ལགས་ཀྱི་བོད་པའི་དཀྲོལ་ལེན་གྱི་བསླབ་གཞི་ཐོག་མ་འགྲེམ་སྤེལ་ཉིན་ལ་རྨ་འོད་ཀྱིས།       ༢༠༡༧-༣-༢༡


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།