ནང་ཆོས་མ་དར་གོང་གི་རྒྱ་གར་ཤེས་རིག ཁང་དཀར་ཚུལ་ཁྲིམས།

WechatIMG1471.jpeg

༄༅།།ཡུལ་གང་དང་གང་དུ་ཆོས་ལུགས་གསར་པ་གང་འདྲ་ཞིག་འགོ་ཚུགས་ཀྱང་དེའི་གོང་གི་ཡུལ་དེའི་གོམས་གཤིས་སམ་ཆོས་ལུགས་ཀྱིས་ཤུགས་རྐྱེན་ཐེབས་པ་དང་དེ་དང་ངེས་པར་འབྲེལ་བ་ཡོད་པ་རེད་ཅེས་བཤད་ཆོག དེར་བརྟེན་སྐབས་འདིར་ནང་པའི་ཆོས་དང་རིག་གཞུང་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་གྱི་བྱུང་བ་མོས་བློ་ཙམ་མིན་པར་རིགས་ལམ་ཐོག་ནས་གསལ་པོར་གོ་རྟོགས་ཐུབ་པའི་ཡན་ལག་ཏུ་དེའི་གོང་གི་རྒྱ་གར་གྱི་ཆོས་དང་རིག་གཞུང་ལམ་སྲོལ་ཅི་ཡོད་ཕྲན་བུ་ཤེས་གལ་ཆེ་བས་ས་བཅད་རྩ་སྟོང་དུ་མ་སོང་ཙམ་ཞིག་སྔོན་འགྲོ་སྟ་གོན་གྱི་ཚུལ་དུ་བརྗོད་ན། དེ་ཡང་རྒྱ་གར་འཕགས་ཡུལ་དུ་ཤེས་རིག་གི་རྨང་གཞི་འཛུགས་མཁན་ནི་འཕགས་པའི་མི་རིགས(Ārya)ཡིན་པ་རེད། ཁོ་ཚོས་རྒྱ་གར་དུ་བཙན་འཛུལ་བྱས་པའི་དུས་རབས་ཕྱི་ལོ་མ་ཚུགས་གོང་གི་ལོ་ཆིག་སྟོང་ལྔ་བརྒྱ(B.C.1500)①ཙམ་ལ་ངོས་འཛིན་བྱེད།

དེའི་གོང་དུ་རྒྱ་གར་དུ་གཞིས་ཆགས་པའི་མི་རིགས་ནི་མུཎྜ་མི་རིགས(Muṉḏ)དང་དྲ་ཝི་ཌ་མི་རིགས(Draviḍ)ཞེས་པ་རེད། དྲ་ཝི་ཌ་མི་རིགས་ནི་མི་འབོར་ཆེ་ལ་ཤེས་རིག་གི་ཆ་ནས་ཀྱང་ཆུ་ཚད་མཐོ་ཐག་ཆོད་བྱུང་བའི་རྐྱེན་པས་འཕགས་པའི་མི་རིགས་ཀྱིས་ཁོ་ཚོར་བྲན་གཡོག་ཏུ་བསྐུལ་དེད་བྱས་རྗེས་སུའང་རྒྱ་གར་གྱི་ཆོས་དང་ཤེས་རིག་ལ་མངོན་ལྐོག་གང་སྤྱིར་ཤུགས་རྐྱེན་བཟང་པོ་ཐེབས་ཡོད། ལྷག་པར་ལྷ་མོ་དང་ཀླུ་དང་། ལྗོན་ཤིང་བཅས་ལ་མཆོད་པ་བྱེད་པའི་ལམ་སྲོལ་དང་། ད་ཡོད་རྒྱ་གར་གྱི་ཡུལ་ཆོས་ཧིན་དུའི་ཆོས་ལུགས་དབར་འབྲེལ་བ་ཆེན་པོ་ཡོད་པའི་མཐོང་ཚུལ་ཡོད། དྲ་ཝི་ཌའི་མི་རིགས་རྣམས་འཕགས་པའི་མི་རིགས་དང་གཉེན་སྒྲིག་དང་འབྲེལ་རྒྱ་གར་དུ་གཞིས་ཆགས་ནས་ཀྱང་ད་དུང་རྒྱ་གར་ལྷོ་ཕྱོགས་སུ་ཁོ་ཚོའི་མི་རིགས་གཙང་མ་དང་སྐད་ལྷག་ཡོད་དོ།།

ཕྱོགས་མཚུངས་སེང་གེ་ཁ་འབབ་ཀྱི་གཙང་པོའི(Tndus)ལུང་གཞུང་ལ་འཕགས་པའི་མི་རིགས་ཀྱིས་བཙན་འཛུལ་མ་བྱས་གོང་མི་རིགས་གཞན་ཞིག་གཏན་ཆགས་གནས་ཡོད་ཅིང་། མི་རིགས་དེའི་ཤེས་རིག་ལ་དེང་རབས་མཁས་པ་རྣམས་ཀྱིས་སེང་གེ་ཁ་འབབ་ཤེས་རིག(Tndus Civilization)ཅེས་འབོད་ལ། ཤེས་རིག་དེ་དར་ཡུན་ཕྱི་ལོ་མ་ཚུགས་གོང་གི་ལོ་ཉིས་སྟོང་གཙོ་བོར་བྱས་པ་དེའི་ཡན་མན་གྱི་ལོ་ཆིག་སྟོང་སྐོར་ལ་ངོས་འཛིན་བྱེད་པ་རེད། ཤེས་རིག་འདི་དར་སའི་ས་ཁུལ་གྲགས་ཆེ་ཤོས་སེང་གེ་ཁ་འབབ་ཀྱི་ཉེ་འགྲམ་དུ་ཆགས་པའི་ཧ་རབ་པཱ(Harappaā)དང་། མོ་ཧེ་ཇོ་ད་རོ (Mohenjodaro)ཞེས་གྲགས་པའི་གྲོང་ཁྱེར་གཉིས་ཡིན། གནའ་རྫས་རྟོག་ཞིབ་རིག་པའི་ཉམས་ཞིབ་ལ་བརྟེན་ནས་ཤེས་རིག་འདི་ཀོ་ས་གནས་རྒྱ་ཆེན་པོར་དར་བར་གསལ་པོར་ཆགས། ས་སྔོག་འདོན་བྱས་ཏེ་ཐོན་པའི་རིག་རྫས་སོགས་ལ་རྟོག་ཞིབ་བྱས་པའི་གྲུབ་འབྲས་ལ་མི་རིགས་འདིས་ལྕགས་རིགས་བེད་སྤྱོད་བྱས་ཡོད་པ་དང་། གྲོང་ཁྱེར་ཕུན་སུམ་ཚོགས་པོ་ཡོད་པ་དང་། མི་རིགས་འདིའི་ཆོས་ལུགས་དང་འབྲེལ་བའི་རིག་རྫས་དང་། ཕྱིས་ཀྱི་ཧིན་དུའི་ཆོས་ལུགས་དབར་འབྲེལ་བ་ཡོད་པའང་ཚོད་དཔགས་ཐུབ་ཀྱི་ཡོད་པ་རེད། སྟབས་མི་ལེགས་པ་ཞིག་ལ་ཤེས་རིག་འདི་བཞིན་ས་གནས་རྒྱ་ཁྱོན་ཆེན་པོར་མི་ལོ་ཆིག་སྟོང་སྐོར་བརྒྱུད་ནས་དར་རུང་དུས་སྐབས་ཤིག་ཏུ་གློ་བུར་དུ་འཇའ་ཡལ་བ་ལྟར་རྩ་བརླག་ཏུ་ཕྱིན་རྐྱེན་གྱིས་མི་རིགས་འདིས་རྒྱ་གར་གྱི་ཤེས་རིག་ཡར་རྒྱས་འགྲོ་བར་ཤུགས་རྐྱེན་ཅི་ཐེབས་སྐོར་ཞིབ་འཇུག་བྱེད་རྒྱུ་བསྡད་ཡོད་དོ།།

རྒྱ་གར་ནུབ་བྱང་ནས་བཙན་འཛུལ་བྱས་ཏེ་ཡོང་བའི་འཕགས་པའི་མི་རིགས་རྣམས་ཀྱིས་སེང་གེ་ཁ་འབབ་ཀྱི་ཆུ་འགོའི་ཕྱོགས་ཀྱི་པན་ཇཱ་བ(PanJāb)རྣམས་ས་ཁུལ་དུ་གནས་གཞི་བཅས། དུས་རབས་དེའི་ཆོས་ནི་ངེས་བརྗོད་རིག་བྱེད་②(Rg-Veda B.C1200)གཙོ་བོར་བྱེད་པའི་ཆོས་དང་ནམ་མཁའ་དང་། ཆར་བ་དང་། རླུང་དང་། གློག་དེ་མིན་གྱི་རང་བྱུང་གི་ནུས་པ་ལྷར་ངོས་འཛིན་བྱེད། དེ་རྗེས་རྒྱ་བསྐྱེད་རིང་ལུགས་ཀྱི་མནོ་བསམ་བསླེབས་ཏེ་ཕྱི་ལོའི་གོང་ལོ་ཆིག་སྟོང་(B.C.1000)སྐོར་ནས་འཕགས་པའི་མི་རིགས་རྣམས་ཀྱིས་རྒྱ་གར་ཤར་ཕྱོགས་ལ་བཙན་འཛུལ་བྱེད་འགོ་ཚུགས། ཡ་མུ་ནཱ་གཙང་པོའི(Yamunā)གཡས་གཡོན་དང་། ཆུ་མོ་གངྒའི་(Gangā)བར་དཀྱིལ་རྣམས་མངའ་འོག་ཏུ་བསྡུས། ས་ཁུལ་འདིར་ལོ་ཏོག་སྣ་ཚོགས་འདོད་རྒུར་སྨིན་ལ། ཕ་རོལ་དགྲ་བོས་བཙན་འཛུལ་བྱེད་ཐོག་སེམས་ངལ་མེད་པའི་ཐོག་དུས་ཡུན་རིང་པོའི་བར་ཞི་བདེའི་ངང་རྒྱུན་གནས་ཐུབ་པའི་རྐྱེན་གྱིས་ཡིད་དབང་ཤོར་འོས་པའི་གནའ་རབས་ཀྱི་རྒྱ་གར་རིག་གནས་དག་ཡར་རྒྱས་གོང་འཕེལ་དུ་ཕྱིན་ཏེ་ཕྱིས་ཀྱི་རྒྱ་གར་གྱི་ཤེས་རིག་སྣ་ཚོགས་པ་རྣམས་ཕལ་ཆེར་ཕྱི་ལོའི་གོང་གི་ལོ་ཆིག་སྟོང་ནས་ལྔ་བརྒྱའི་(B.C.1000-500)བར་དེར་བྱུང་ཡོད། ངེས་བརྗོད་ཀྱི་རིག་བྱེད་བརྩམས་རྗེས་སྙན་ངག་རིག་བྱེད(sāma-Veda)དང་།མཆོད་སྦྱིན་རིག་བྱེད།(Yajur-Veda) སྲིད་སྲུང་རིག་བྱེད། (Atharva-Veda)བཅས་གསུམ་ནི་ཕྱི་ལོའི་གོང་གི་ལོ་ཆིག་སྟོང་ཙམ་ལ་བརྩམས་ཡོད། དེ་ནས་རིམ་བཞིན་ཤེས་རིག་ཇེ་རྒྱས་སུ་ཕྱིན་ཏེ་ཆོ་གའི་སྐོར་གཙོ་བོར་སྟོན་པའི་བྲམ་ཟེའི་གཞུང་(Brāhmana)དང་། མཚན་ཉིད་རིག་པའི་གཞུང་ཨུ་པ་ནི་ཥ་ད་(Upanisad B.C.500)བཅས་ཀྱང་བརྩམས། སྐབས་དེར་འཕགས་པའི་མི་རིགས་རྣམས་ཀྱང་ཤོག་ཁག་སྣ་ཚོགས་སུ་གྱེས་ཏེ་ཞིང་ལས་དང་འབྲོག་ལས་གཙོ་བོར་གྱུར་བའི་མི་ཚེ་སྐྱེལ་བཞིན་ཐོག་ཚོང་ལས་དང་བཟོ་ལས་ཀྱང་གོང་འཕེལ་དུ་འགྲོ་བཞིན་ཡོད་འདུག་ཀྱང་གྲོང་ཁྱེར་ཆེན་པོ་ད་དུང་ཆགས་མེད། འཚོ་ཐབས་སྣ་ཚོགས་སུ་གྱེས་ཏེ་ལྷ་མཆོད་པའི་ཆོ་ག་འདོན་མཁན་ཚོར་བྲམ་ཟེ་རིགས་(Brāhmana)དང་། ཆབ་སྲིད་ཀྱི་ལས་ཀ་བྱེད་མཁན་ཚོར་རྒྱལ་རིགས་(Ksatrya)དང་། ཞིང་ལས་དང་འབྲོག་ལས། བཟོ་ལས། ཚོང་ལས་བྱེད་མཁན་ཚོར་རྗེའི་རིགས་(Vaisśya)དང་། རིགས་གོང་མ་གསུམ་གྱི་བཀའ་གསུང་དང་ལེན་ཞུ་མཁན་ཚོར་དམངས་རིགས་(Sudra)ཞེས་འབོད་པའི་རིགས་བཞིའི་རྣམ་གཞག་ཀྱང་སྐབས་དེར་བྱུང་། རིགས་མི་འདྲ་བ་རྣམས་ཕན་ཚུན་གཉེན་སྒྲིག་དང་། ཁ་ལག་མཉམ་དུ་མི་བཟའ་བ་སོགས་ཀྱི་ལམ་ལུགས་ངན་པ་དར། དཔོན་ཁག་ཕན་ཚུན་དམག་འཐབ་རྒྱུན་མར་བྱས་ཏེ་ཤུགས་ཆེ་བས་ཆུང་བ་དབང་དུ་བསྡུས་ནས་སྲིད་དབང་སྒེར་འཛིན་བྱེད་པའི་རྒྱལ་པོ་གོང་དུ་བཀུར་སྲོལ་གྱི་རྒྱལ་པོའི་གཞུང་ཡང་བྱུང་། དཔོན་ཁག་ཕན་ཚུན་འཐབ་འཛིང་བྱས་པའི་གནས་ཚུལ་དེ་དག་གཙོ་བོར་བརྗོད་དོན་དུ་བྱེད་པའི་མཧཱ་བྷཱ་ར་ཏ་(Mahābhārata)ཞེས་པའི་ལོ་རྒྱུས་མཚོན་བྱེད་སྙན་རྩོམ་རིང་པོ་ཞིག་ཡོད། སྐབས་དེར་ལུས་འཕགས་ཡུལ་(Videha)གྱི་རྒྱལ་པོ་ཛ་ན་ཀ་(Janaka)ཞེས་པ་སྙན་གྲགས་ཆེ་ཤོས་ཡིན། ལུས་འཕགས་ཡུལ་ཞེས་པ་ནི་ཡ་མུ་ནཱ་གཙང་པོ་དང་ཆུ་མོ་གངྒའི་བར་དཀྱིལ་བརྒལ་བའི་ཤར་ཕྱོགས་ཀྱི་ཡུལ་ཞིག་གི་མིང་དང་། ཡུལ་དེར་བྲམ་ཟེའི་ཆོས་བྱེད་ཀྱི་ཡོད། ཡང་སྙིང་འཕགས་པའི་མི་རིགས་ཀྱིས་ཡུལ་དབུས་བརྒལ་ཏེ་ཤར་ཕྱོགས་ཀྱི་ཡུལ་དབང་དུ་བསྡུས། ཡུལ་ཁམས་ཆེ་རུ་ཕྱིན་པ་དེ་ཙམ་གྱིས་རྒྱལ་པོའི་དབང་ཚད་ཀྱང་ཆེ་རུ་ཕྱིན། ཡུལ་ཕྱོགས་འདིར་ནུབ་ཕྱོགས་སུ་བྲམ་ཟེའི་རིག་གཞུང་གཙོ་བོར་བྱེད་པ་དང་མི་འདྲ་བར་རྒྱལ་རིགས་གཙོ་བོར་བྱེད་པའི་ལྟ་གྲུབ་ཀྱི་ཤེས་རིག་བྱུང་།བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་ཡང་དུས་སྐབས་འདིར་འཇིག་རྟེན་དུ་བྱོན་ནོ།།

རྩོམ་སྒྲིག་པ། དོན་འགྲུབ་རྡོ་རྗེ།