ལྷ་དང་སྙན་ངག་གིས་གྲུབ་པའི་ལྷ་སས།བདག་ཉིད་དགའ་བར་བྱེད་ལ་སྐྱོ་བར་བྱེད།

1540235677220573.jpeg

སྙན་རྩོམ་ལྷ་སའི་ཞོགས་པ་ཞེས་པ་བཀླགས་པ།

  བོད་མི་ཞིག་ལ་མཚོན་ན།   ལྷ་ས་ནི་ཆོས་ས་ཆོས་ཡུལ་ཆོས་ཀྱི་ཡུལ་དབུས་ཏེ་དངོས་སུ་ནས་ལྷས་གྲུབ་པའི་ཞིང་ཁམས་ཞིག་ཡིན།  དེང་གི་འཛམ་གླིང་སྤྱི་ལ་མཚོན་ན།  ལྷ་ས་གཙོ་བྱས་པའི་བོད་ཀྱི་ཡུལ་གྲུ་འདི་སྣོད་བཅུད་གང་ཐད་ནས་ཀྱང་དྭངས་གཙང་བབ་ཆགས་ཀྱི་ཉམས་ཀྱིས་མི་ཡུལ་གྱི་ཞིང་ཁམས་ཤིག་དང་སྙན་ངག་གིས་གྲུབ་པའི་འཇིག་རྟེན་ཞིག་ཏུ་སྙམ་དང་སྒྲོག་བཞིན་ཡོད།  འཛམ་གླིང་མི་རིགས་ཀྱི་ལྟ་སྟངས་ཐད་ནས་བོད་ཡུལ་ལ་འདི་འདྲའི་གདེང་འཇོག་མཐོན་པོ་མཛད་པ་དེ།  བཟོ་ལས་ཤེས་རིག་གི་སྟབས་ཀྱིས་དུས་རབས་ཉི་ཤུ་བའི་མཇུག་ཏུ་བྱུང་བ་བཞིན་དུ།  རང་རིགས་ཀྱི་སྐྱེས་བུ་སྐོར་ཞིག་དང་ལྷག་པར་ན་གཞོན་སྐོར་ཞིག་གིས་ཀྱང་བཟོ་ལས་ཤེས་རིག་གི“བསླུ་བྲིད”མ་གཟོད་པར།  དུས་རབས་ཉི་ཤུ་བའི་མཇུག་ཏུ་བོད་ཡུལ་དང་བོད་ཀྱི་རིག་གནས་ལ་དེ་ལས་ལྡོག་པའི་ལྟ་སྟངས་གཞན་ཞིག་འཛིན་བཞིན་ཡོད།   དེ་བས་དེང་འདིར་བོད་ཀྱི་རིག་གནས་དེ་སྔར་བཞིན་འཛམ་གླིང་གི་ཏོག་དང་འཇིག་རྟེན་གྱི་རྒྱན་དུ་སྙམ་ཏེ།  “གནས་འདི་ཡི་མི་རྣམས་ལ/ཁ་ན་ཡིད་ཆད་ཀྱི་ངག་ཚིག་མེད་ལ/སྙིང་ན་མྱ་ངན་གྱི་རྗེས་ཤུལ་ཡང་མེད”⑴ཅེས་པ་ལྟ་བུས་བསྟོད་པ་དབྱངས་སུ་འཐེན་མཁན་ཡོད་ལ།  དེ་བཞིན་དུ“ཡིད་སྨོན་གྱི་འགྲམ་ཆུས་དྲངས་ཏེ་ཁྱོད་དང་འཕྲད/རེ་ཐག་གི་མཆི་མ་ཐོར་བཞིན་ཁྱོད་དང་གྱེས”⑵ཞེས་མངོན་སུམ་པས་རེ་བལྟོས་བསླུས་པར་བསམས་པའི་ཚོར་བ་ཡོད་མཁན་ཀྱང་མང་དུ་ཡོད།   དེང་འདིར་རང་རིགས་དང་གཞན་རིགས་གང་ལ་མཚོན་ནའང་ལྷ་ས་ནི་ས་རང་ག་བ་ཞིག་དང་ཆོས་ལུགས་བྱེ་བྲག་པ་ཞིག་གི་ཁུར་འདེགས་པ་པོ་(载体)ཙམ་མ་ཡིན་པར།  རིག་གནས་ཤིག་གི་མཚོན་དོན་དང་འཚོ་སྟངས་ཤིག་གི་མཚོན་དོན་དུ་གྱུར་ནས་ཡོད།   དེ་བས་ལྷ་སའི་ཐད་ཀྱི་གླེང་བརྗོད་གང་དང་གང་ཡིན་ཡང་དོན་གྱིས་བོད་ཀྱི་རིག་གནས་ཀྱི་གླེང་བརྗོད་ལས་མ་འདས།

  ཁྲི་གོང་ཨོ་རྒྱན་ཚེ་རིང་གི་ལྷ་སའི་ཞོགས་པ་ཞེས་པ་འདིས་བརྗོད་པར་བྱ་བའི་གནས་ཁྱད་པར་བ་ལྷ་ས་ཡིན་ལ།   དེ་ལས་ཀྱང་དུས་ཁྱད་པར་བ་ལྷ་སའི་ཞོགས་པ་བྲིས་པའི་སྒོ་ནས།   ལྷ་སའི་ངོ་བོ་དང་དེ་ལས་ཀྱང་རིག་གནས་ཀྱི་བསམ་གཞིག་ཅིག་མཚོན་འདོད་པ་རེད།  དོན་གྱིས་ཁོས་ལྷ་ས་དང་དེས་མཚོན་པའི་ཞི་ལྷོད་སོས་དལ་ཅན་གྱི་བོད་ཀྱི་རིག་གནས་ཀྱི་ངོ་བོ་སྟོན་འདོད་པ་རེད།

  སྙན་རྩོམ་འདི་སྤྱིར་ན་ཕྱི་དོན་དུ་གཞོལ་རྩོམ་ཞིག་ཏུ་སྣང་སྟེ།  ཇོ་ཁང་།  བསང་དུད།  མཆོད་མེ། སྐྱིད་ཆུ།   བགྲེས་པོ།  བུད་མེད་སོགས་སྣང་ངོར་འཆར་དུ་རུང་བའི་ཡུལ་ལམ་ཆོས་རང་མཚན་པ་མང་པོ་ཞིག་གིས་སྙན་ངག་གྲུབ་པས།  སྙན་ངག་རང་ཉིད་ཐོག་མར་འཛིན་ཡོད་(质感)ཅན་དུ་བྱས་ཡོད།  འོན་ཀྱང་རྩོམ་པ་པོས་ཡུལ་དོན་དེ་དག་ལ་རྒྱས་མཛེས་ཀྱི་སྒོ་ནས་ཇི་བཞིན་འབྲི་བ་མ་བྱས་པར།  དེ་དག་ལ་འཕྲུལ་ཤེས་ཀྱི་ཐབས་སྤྱད་པའམ་སེམས་ལྡན་དུ་རྟོག་པའི་སྒོ་ནས་ཕན་ཚུན་ཉིང་འདུས་མཐུན་སྦྱོར་བྱས་པས།  རང་མཚན་པའི་ཆོས་ཡོད་པའི་རྐྱེན་གྱིས་སྙན་ངག་འཛིན་མེད་སྟོང་ལྷོད་དུ་མ་སོང་ལ། “ ཡང་ཡང་སྐོར་ལམ་དུ་བསྙལ་ཅིང་།”  “སེམས་ལ་ཉར”ལྟ་བུའི་འཕྲུལ་ཤེས་ལས་བྱུང་བའི་སྦྲེལ་ཐག་གིས་སྙན་ངག་ལ་དགོས་ངེས་ཀྱི་གབ་སྦེད་རང་བཞིན་དང་སྟོང་གླེགས་རང་བཞིན་བཟོས་པས།  སྙན་རྩོམ་རང་ཉིད་འཛིན་དུ་ཡོད་ལ་མཐའ་མེད་པ།  དབང་ངོར་རུང་ལ་འཆར་ཡན་གྱི་ངོར་ཡང་རུང་བའི་དངོས་མེད་ཟུང་འཇུག་ཅན་དུ་བྱས་ཡོད།

  དེ་ལ་སྙན་ངག་ཡོངས་རྫོགས་ལྷ་སའི་ཞོགས་པའི་ཡུལ་ལྗོངས་ཀྱི་ཕྱི་རོལ་ཡུལ་ལ་གཙོར་གཞོལ་ནས་བྲིས་ཡོད་པས།   ང་ཚོའི་མིག་ངོར་འཚོ་བའི་བརྙན་རིས་སམ་རྟེན་གྱི་རི་མོ་རང་མཚན་པ་མང་པོ་ཞིག་རབ་དང་རིམ་པར་འཆར་འོངས།  ཐོག་པའི་དུས་སུ་ཞོགས་པའི་སྐྱ་མདའ་དམར་པོ་རིའི་གཤོག་འོག་ནས་རྒྱས་དུས་ཞེས་དུས་ངོས་བཟུང་སྟེ།  དུས་ཁྱད་པར་བ་དེའི་སྐབས་སུ་ལྷ་ས་རྗེན་པར་བཙས་པའི་བྱིས་པ་ཞིག་དང་འདྲ་བར་ཞེས་རྩོམ་པ་པོས་རང་གི་སྣང་ངོར་ཤར་བའི་ལྷ་ས་ནི་བཙས་མ་ཐག་པའི་བྱིས་པ་ཞིག་ཏུ་རྣམ་པར་རྟོག  ཁོའི་ཚོར་སྣང་འདི་ལྷ་སའི་སྤྱིའི་ཕྱོགས་ཀྱི་བག་ཆགས་ཤིག་ཡིན་པ་མ་ཟད།  འདིས་ཕྱིས་ཀྱི་སྙན་ངག་ཡོངས་ལ་འཕེལ་རྒྱས་ཀྱི་རྨང་བཏིང་ནས་ཀྱང་ཡོད།    རྒྱུ་མཚན་ནི་སྙན་ངག་འདིར་མཚོན་ན་ལྷ་ས་ནི་སྤྱི་དང་ཕྱིས་ཀྱི་སྙན་ངག་ཏུ་བྱུང་བའི་ཆོས་དེ་དག་སྤྱི་འདིར་གཏོགས་པའི་ཆོས་བྱེ་བྲག་པ་ཡིན་པས་སོ།།ཡིན་ན་ཡང་རྩོམ་པ་པོས་རྗེན་པར་བཙས་པའི་བྱིས་པ་ཞིག་དང་འདྲ་བར་ཞེས་པ་ཙམ་ལས་མཚུངས་ཆོས་དང་རྒྱས་བཤད་གང་ཡང་མ་བཀོད་པས། གལ་ཆེ་བ་ཐག་གཅོད་ཀྱི་རང་བཞིན་ཡོད་པའི་ཚིག་འདི་ཅུང་གོ་དཀའ་བ་ཞིག་ཏུ་བགྱིས་ཡོད་ཀྱང་།   ཁོའི་དཔེ་འདི་རྩི་ལྡན་ཞེན་དོན་གྱིས་ཕྱུག་པ་ཞིག་ཡིན་པས།  དཔེའི་གོ་བའི་སྟེང་ནས་ཚིག་སྤྱི་ལ་གོ་བ་ལོན་ཆོག་པ་ཞིག་རེད།

  རྗེན་པར་བཙས་པའི་བྱིས་པའི་ཁྱད་ཆོས་གཙོ་བོ་ནི།  ད་དུང་འཇིག་རྟེན་ཅན་དུ་བྱས་མེད་པ་དེ་རེད།   ཇི་ལྟར་ན་རྗེ་བཙུན་འཇམ་པའི་དབྱངས་ལ་འཇམ་དཔལ་གཞོན་ནུར་གྱུར་བ་ཞེས་བསྟོད་པ་བཞིན་དུ།  སྤྱིར་ན་བྱིས་པ་ལ་རྣམ་དག  ལྷད་མེད།  ཆིག་རྐྱང་བ་སོགས་ཀྱི་འཇིག་རྟེན་པའི་རྙོག་དྲའི་དྲི་མས་མ་གོས་པའི་ཡིད་འོང་སྙིང་སྡུག་གི་ཁྱད་ཆོས་ཡོད་པ་ལ།  འདིར་བསྟན་པའི་བྱིས་པ་དེ་ད་དུང་དེ་ལས་ཀྱང་བཙས་མ་ཐག་པ་ཞིག་ཏུ་བསྟན་ཡོད་པས།  འདི་ལས་ལྷ་ས་དེ་མདོར་ན་འཇིག་རྟེན་ཅན་དུ་མ་བྱས་པ་ཞིག་ཡིན་པའི་ཁྱད་ཆོས་བསྟན་ཡོད།  རེད་དེ།  དེང་འདིར་འཛམ་གླིང་ཡོངས་ཀྱིས་ལྷ་སར་བསྟོད་གླུ་མང་དུ་ལེན་ཞིང་འདུན་པའི་སེམས་པ་རྟག་ཏུ་འཕྲོ་བའི་རྒྱུ་རྐྱེན་ཡང་དོན་གྱིས་འདི་ན་ཡོད།  ལྷ་ས་ན“ཁྲམ་པ་དང་གཡོ་སྒྱུའི་རྩེ་མོ་དགུ་སྒྲིག་ཏུ་བྱེད་དེ”དོན་དུ་གཉེར་བའི་ཆོས་བརྒྱད་མགོ་གནོན་གྱི་རིག་གནས་ཡོད་ལ།    སྤང་བླང་རེ་དོགས་ཀྱིས་སེམས་རྒྱུད་གདོས་ཐག་ཏུ་འཛུད་པའི་བདག་འཛིན་དྲུངས་འབྱིན་གྱི་རིག་གནས་ཀྱང་ཡོད།  དེ་བས་ལྷ་ས་ན་བློ་བདེ། སོས་དལ། བག་ཕེབས། ཡངས་པོར་སྡོད་པའི“གནས་མཆོག”གི་ཁྱད་གཤིས་ཡོད།  ཐ་ན་རྩོམ་པ་པོས་སྙན་ངག་ལ་བློས་བསླངས་བྱེད་པའི་གཞི་རྐང་ཡང་དཔེ་འདི་དང་འདིའི་ཁྱད་གཤིས་འདིའི་སྟེང་ན་ཡོད་ཅེས་བརྗོད་ཆོག

WechatIMG1444.jpeg

  མགོའི་ཚན་པ་འདིའི་ནང་རྩོམ་པ་པོས་དེ་ལྟར་ལྷ་ས་ལ་དཔེའི་སྒོ་ནས་སྤྱིའི་ཕྱོགས་བསྡོམས་ཤིག་བགྱིས་པ་མ་ཟད།  དཔེ་བྱིས་པ་རྗེན་པ་དེ་ཉིད་ད་དུང་ཡུལ་ཅན་ཞིག་ཏུ་བྱས་ནས།  ཡིག་དྲུག་སྐོར་ལམ་དུ་བསྙལ་བ།  ཇོ་ཁང་ཕྱག་གིས་མཇལ་བ།   པོ་ཏཱ་ལ་སེམས་ཉར་བཞིན་ཞེས་བྱ་བ་འགའ་ཞིག་ཁོར་སྒྲུབ་ཏུ་བཅུག་སྟེ།    ཆོས་དེ་གསུམ་སྦྲེལ་ནས་འབྲེལ་ཡོད་དུ་བྱས་ཡོད། གཞི་འདི་གསུམ་པོ་ལྷ་ས་ལ་མཚོན་ན་ལྷ་སའི་སྙིང་བོ་དང་ཐ་ན་ལྷ་ས་ལྷ་ས་ཡིན་བྱེད་གཙོ་བོ་གཞི་འདི་གསུམ་ལ་རག་ལས་ཡོད་ཅེས་བཤད་ཆོག   འདི་གསུམ་གྱི་ཁྱད་ཆོས་གཙོ་བོ་ཡང་ཚེ་འདིའི་རེ་དོགས་དང་འཇིག་རྟེན་པའི་ཟང་ཟིང་ཡོ་ལང་ཡལ་བར་དོར་ནས་རྣམ་དག་གི་ཞིང་ཁམས་ཤིག་ལ་འཕེན་པ་དང་དམིགས་ལྟོས་བྱ་བ་དེ་རེད།  ཡིག་དྲུག་ངག་ནས་ཟློ་བ་སྙིང་རྗེའི་རང་གཟུགས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་དང་།   ཇོ་ཁང་ཕྱག་གིས་མཇལ་བ་མར་གྱུར་ཁམས་གསུམ་འགྲོ་བའི་དོན་དང་།   པོ་ཏཱ་ལ་ཡང་མཇལ་སྐོར་བ་ཞིག་ལ་མཚོན་ན་ཐུགས་རྗེ་ཆེན་པོའི་གནས་མཆོག་ལས་མ་འདས།  མདོར་ན་འདི་དག་ཀྱང་ཚུར་རོལ་ཚེ་འདི་སྣང་གི་འཇིག་རྟེན་པའི་བདེ་སྐྱིད་སྙན་གསུམ་དམིགས་ཡུལ་དུ་བྱས་པ་ཞིག་མ་ཡིན་པར།  ཁམས་གསུམ་སེམས་ཅན་སྙིང་ལ་ཉར་བའམ་ཕྱི་མ་གཏན་བདེའི་གོ་འཕང་དོན་དུ་གཉེར་བའི་ཆེས་གཟུགས་འདས་ཀྱི་བྱ་བ་འབའ་ཞིག་རེད། (ཨ་མའི་པང་ཞེས་པ་འདིར་གོ་བ་བླངས་ཆོག)

  མགོའི་རྗོད་པ་འདིས་སྙན་ངག་གི་སྐྱ་ཐིག་ཆེན་པོ་གྲུབ་པར་བཟོས་ལ།  སྙན་ངག་ལ་དཀྱུ་ས་བསྟན་ནས་ཡོད་པས།  ཕྱིས་སུ་བྱ་དངོས་གང་དང་གང་བྱུང་ཡང་མགོའི་རྨང་འདི་ཡོད་པས་དེ་དག་ལ་དོན་གྱི་རྒྱབ་ལྗོངས་ཡོད་དེ་གོ་སླ་བར་བྱས་ཡོད་།  མན་གྱི་ཚིག་རྐང་བཞི་བོ་དེར་གློག་འོད་དང་བསང་དུད་ཀྱི་ཆོས་ཁྱད་པར་བ་གཉིས་བྱུང་ཡོད་པར།  ང་ཚོས་ཤེས་སླ་བར་བྱས་ཡོད།  མན་གྱི་ཚིག་རྐང་བཞི་བོ་དེར་གློག་འོད་དང་བསང་དུད་ཀྱི་ཆོས་ཁྱད་པར་བ་གཉིས་བྱུང་ཡོད་པར།  ང་ཚོས་ཆེས་སླ་བར་ཤེས་ཐུབ་པ་སྟེ།  གློག་འོད་ནི་དེང་རབས་པའི་ཆོས་ཤིག་དང་བསང་དུད་ནི་གནའ་བོའི་ཆོས་ཤིག་རེད།  རྩོམ་པ་པོས་བསམས་ན་དེང་རབས་པའི་གློག་འོད་ནི་ཟ་ཟི་མི་གསལ་བའི་ངང་འཚེར་བཞིན་ཡོད་ལ།  དེ་ད་དུང་བྱེད་པ་པོ་གནའ་བོའི་མ་ཎི་འཁོར་ལོས་སེམས་ཤུགས་ཀྱིས་བསྐོར་བར་འདོད།

  དེང་རབས་དང་གནའ་རབས་ཀྱི་གཤིབ་བསྡུར་འདི་ལས་ལྷ་ས་ལྷ་དང་སྙན་ངག་གིས་གྲུབ་པའི་ཁྱད་ཆོས་ལྷག་པར་གསལ་བར་བྱས་ལ།  ལྷ་ས་ལ་སྔར་བས་ལྷག་པའི་གསང་འཕྲུལ(神秘)གྱི་མཁའ་དབུགས་སྟུག་པོ་ཞིག་བསྣན་ཏེ་ཡོད།

  འོག་ནས་ཀྱང་དེ་ལྟར་དུ།  གཅིག་ནི"མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ཏེ།།  གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུག"ཅེས་པའི་འཇིག་རྟེན་པའི་ཕྱོགས་བཞིའི་འདུ་འགོད་དང་།  ཅིག་ཤོས་ནི་མཆོད་མེ་བྱེ་བ་ཞིག་གི་ཞལ་ཕྱེ་ནས་མེ་ལྕེའི་གཟི་བྱིན་ལྷམ་མེར་འཚེར་བའི་པོ་ཏཱ་ལའི་བརྟན་བརླིང་ཞི་འཇམ་གྱི་འཇིག་རྟེན་ཞིག་སྟེ།  འདིས་སྔ་མའི་འདུ་འགོད་ལ་ཞི་བདེའི་དངོས་གྲུབ་སྩོལ་བཞིན་ཡོད།(འདི་ཡང་གནའ་བོའི་རིག་གནས་དེང་རབས་རིགས་ལས“རྒྱལ་བའི”མཚོད་བྱེད་ཅིག་ཡིན)དེ་བཞིན་གཅིག་ནི་རང་གི་འཚོ་གནས་ལ་བྲེལ་བའི་དེང་རབས་ཀྱི་གླ་བྱེད་རླངས་འཁོར་དང་།  ཅིག་ཤོས་ནི་གཞན་གྱི་འཚོ་གནས་ལ་སེམས་པའི་གནའ་བོའི་སྤྲང་ཁྱིའི་སྦྱིན་བདག་དེ།  སྦྱིན་བདག་གི་ཕྱག་ཟུང་ན་ད་གཟོད་བྱང་སེམས་འཆང་ནས་ཡོད་ལ།  དེས་མཐོན་པོའི་དབྱིངས་རུམ་ལ་སྙན་ངག་གི་དཀྱིལ་འཁོར་འདྲེན་བཞིན་ཡོད་པར་བསྟན་ཡོད།

  ལྷ་ས་ནི་དེ་ལྟར་སྒེར་མིའི་ཚེ་འདིའི་བདེ་སྐྱིད་ལ་ཅང་མི་སྙམ་ཞིང་།  ཚེ་འདིའི་བདེ་སྡུག་ལ་རིག་པ་མི་ཕྱོགས་པ་ཞིག་ཡིན་པས་ན།  ལྷ་ས་དང་ལྷ་སའི་སྐྱིད་ཆུ་ཡང་བག་ཕེབས་ལྷོད་གཡེང་དུ་རྒྱུ་བ་ཞིག་ཡིན་ཏེ། དཔེར་བཞག་ན།"གནས་དེའི་གྲོང་ཚོ་ལས་འཕྱུར་བའི་ཞོགས་པའི་དུ་ཞགས་ལྟར/ངང་རྒྱུད་ལྷོད་ལ་རྩོད་ཤུགས་ཉམས་པའོ"བགྲེས་སོང་དག་མ་ཟད་གླིང་སྐོར་གྱི་ལམ་ན་རྒྱུ་བ་ཐམས་ཅད་པོའི་སྙིང་དུ་བཅངས་པ་ཚེ་འདི་མ་ཡིན་པར་ཕྱི་མ་ཡིན་ལ།  དེ་བཞིན་སྐྱེས་པ་ཐམས་ཅད་པོ་ཡང་ཚེ་སྲོག་གི་ལང་ཚོའི་དབང་དུ་གྱུར་པ་ཉིད་ལས།  རིགས་རྟོག་དང་ཁྲིམས་སྲོལ་བཅས་ཀྱི་དབང་དུ་གྱུར་པའང་མེད།  དེ་བས་ལྕགས་པོ་རིའི་རྒྱབ་ན་མེ་འཁོར་གྱི་དུང་སྒྲ་མེད་ཅིང་ཡོད་མི་སྲིད་པར།  ལྷ་སའི་བར་སྣང་ངེས་པར་དུ་ལྷ་དང་སྙན་ངག་གིས་གྲུབ་པ་ཞིག་གོ།  འདིའི་སྟབས་ཀྱིས་དེང་འདིར་འགྲུལ་བཞུད་པའི་རྒྱུ་བ་ཟམ་མི་ཆད་ཅིང་། གནས་འདིའི་མི་རྣམས་ཀྱི་འཛུམ་གོང་ལ་ནམ་ཡང་འགྱུར་བ་མེད་པར་བདུད་རྩི་ལས་ཞིམ་ལ།   ཁ་བཏགས་ཀྱི་མཆོད་སྤྲིན་གྱིས་ནམ་ཡང་ལྷ་ལམ་འགེངས་ནས་ཡོད་པ་ཉིད་དོ།།

  འདི་ལྟའི་ནང་གི་བཅུད་དག་པ་ཁ་བཏགས་ཀྱི་མཆོད་སྤྲིན་བཤམས་ཤིང་འཛུམ་ཀོང་བདུད་རྩི་ལས་ཞིམ་པའི་ལྷག་བསམ།   ཟོལ་མེད།  སྤྲོ་སེམས་ཀྱི་སེམས་ཅན་ཡོད་པ་དང་།  ཕྱིའི་སྣོད་དག་པ་འབག་བསླད་དུ་མ་བཏང་བའི་དྭངས་གཙང་གཡའ་དག་གི་འཇིག་རྟེན་ཡོད་ལ།   ལྷག་པར་བར་གྱི་གསང་བའི་ཆོས་དག་པ་བདག་གི་འཛིན་པ།  རང་གི་བདེ་སྡུག  ཚེ་འདིའི་སྣང་བ་སོགས་འཕྲལ་འཕྲུལ་རེ་དོགས་ཀྱི་རྒྱ་རུ་འཛུད་པའི་འཆིང་རྒྱ་ཆེ་མཐའ་ནས་སྤོངས་པའི་རིག་གནས་ཡོད་པས།  འདིས་ལྷ་སའི་མཛེས་བ་གྲུབ་ལ། དེང་རབས་ཤེས་རིག་ལ་ཡིད་སུན་པ་མང་པོ་ཞིག་གིས་མཛེས་པ་འདིའི་སྟབས་ཀྱིས་གནས་འདིར་ཡིད་སྨོན་གྱི་འགྲམ་ཆུ་ལྡང་བཞིན་ཡོད་ལ།  བསྟོད་བསྔགས་ཀྱི་མཐེབ་མོ་ཀེར་བཞིན་ཡོད།  རྩོམ་པ་པོས་སྟོན་འདོད་པའི་བསམ་བློའང་འདི་རེད།

  སྙན་ངག་ཅེས་པ་བསྟན་དོན་གང་ཞིག་མཐར་ཆགས་སུའམ་མཛེས་པར་རམ་སྙན་ངག་གི་སྒོ་ནས་སྟོན་པ་ཞིག་ཡིན་པའི་ཆ་ནས་བཤད་ན།  རྩོམ་པ་པོས་ལྷ་སའི་རྩ་བའི་མཛེས་པའམ་ལྷ་སའི་རྩ་བའི་ངོ་བོ་ཞི་བ།  བག་ཕེབས།  སོས་དལ་ལམ། ཡང་ན་ཚེ་འདིའི་བདེ་སྡུག་ཙག་ཙིག་ལ་ཅང་མི་སྙམ་པ་དང་འཇིག་རྟེན་དུ་མ་བྱས་པའི་གནད་ཀྱི་སྟེང་དྲིལ་ནས་མཐར་ཆགས་སུ་སྟོན་ཐུབ་ཡོད་པས། བརྗོད་བྱའི་བསྟན་དོན་གྱི་སྟེང་ན་ནང་གི་མཛེས་པ་འཛོམས་པོ་ཞིག་ཅིས་ཀྱང་གྲུབ་ཡོད་ཅིང་།  ལྷག་པར་སྙན་ངག་རང་ན་གསང་འཕྲུལ་གྱི་ཚོར་སྣང་བན་བུན་ཞོགས་པའི་དུ་ཞགས་ལྟར་ངང་གིས་འཁྲིགས་ནས་ཡོད་པ་དང་།   རབ་རིབ་སྨུག་ལོང་གི་མཛེས་ཆོས་སམ་ཁམས་མི་དམན་པ་ཞིག་སྙན་ངག་ཡོངས་ཀྱི་ཕྱི་ནང་ལྟག་རྒྱབ་ཡོངས་སུ་ཁྱབ་ནས་ཡོད་པ་འདིས།   སྙན་ངག་རང་ཡང་ལྷ་ས་བཞིན་དུ་གསང་འཕྲུལ་བསམ་གྱིས་མི་ཁྱབ་པ་ཅན་དུ་བྱས་ནས་ཡོད་པ་རྣམ་པའི་ཆ་ནས་བྱུང་བའི་མཛེས་པའི་རོ་མཆོག་དམ་པའོ།།

IMG_6846.JPG

  རྩོམ་པ་པོས་དེ་ལྟར་ཕྱི་དོན་གྱི་ཆོས་འགའ་ཞིག་ལ་འཕྲུལ་ཤེས་ཀྱི་འབྲི་ཐབས་སྤྱད་དེ་མཛེས་ཆོས་སུ་བྱས་པ་ལས།  བོད་ཡུལ་ལམ་ལྷ་སའི་མཛེས་པ་ཡིད་འཕྲོག་ཏུ་བྱས་ཡོད་པ་སྤྱིར་ན་རང་གཞན་ཐུན་མོང་ཀུན་གྱི་བསམ་པའི་ཟས་སུ་འགྱུར་བ་གདོན་མི་ཟ།   ལྷག་པར་དེང་རབས་བཟོ་ལས་ཤེས་རིག་དང་འགྲོགས་པའི་སྣོད་བཅུད་བཙོག་བསྒྱུར་གྱི་འཕེལ་ཕྱོགས་ལ་བལྟས་ན།  བོད་ཀྱི་ཡུལ་འདི་དངོས་སུ་ནས་མི་ཡུལ་གྱི་བདེ་ལྡན་ཞིང་ཞིག་ཡིན་པ་སྨོས་མ་དགོས།  འོན་ཀྱང་། བོད་ཡུལ་གྱི་མཛེས་བའམ་བོད་རིག་གནས་ཀྱི་མཛེས་པ་འདི་ཅི་ལྟར་ཡང་དེང་རབས་ཤེས་རིག་མ་དར་བའི"གདོད་མའི་མཛེས་བ"ཞིག་ཡིན་པ་ཁས་ལེན་དགོས།  མཛེས་པ་འདིའི་རིན་ཐང་ལ་དེང་རབས་ཅན་གྱི་འཇོན་ཐང་ཡོད་ཚད་བཞག་ཡོད།  དེང་རབས་ཤེས་རིག་གི་སྟོབས་ཤུགས་ཤྭ་འོད་ཇི་བཞིན་དང་རླུང་ནག་འཚུབ་མ་ཇི་བཞིན་རྟག་ཏུ་འཕྱོ་བའི་སྐབས་འདིར།  ཤེས་རིག་གཉིས་ཀྱི་སོ་ཁ་ནས་འགྲེང་ཞིང་མི་རིགས་ཀྱི་མ་འོངས་ལོ་རྒྱུས་ལ་ཁག་ཁུར་མཁན་གྱི་ང་ཚོ་ལ་མཚོན་ན།  རང་རིགས་ཀྱི་རིག་གནས་ལ་ལྟ་ལྟངས་ཅི་འདྲ་ཞིག་འཛིན་རྒྱུ་འདི་མཛེས་དཔྱོད་ཀྱི་གནད་དོན་རྐྱང་བ་ཞིག་མ་ཡིན་པར། དངོས་ཡོད་འཚོ་བའི་དོན་སྙིང་ཅན་གྱི་གནད་དོན་ཞིག་དང་མི་རིགས་ཀྱི་འཚོ་གནས་དང་འབྲེལ་བའི་གནད་དོན་ཞིག་རེད།

  གཅིག་ན།  ཞི་འཇམ་སོས་དལ་གྱི་མཛེས་པ་འདིར་འགྲན་རྩོད་འབད་འཐབ་ཀྱི་མཛེས་པས་རྒོལ་མི་ཚུགས་པའི་མི་ཤིགས་པའི་སྟོབས་ཤུགས་ནི་ཡོད་དམ་མེད།  མཛེས་པ་འདི་མིའི་རིགས་ཀྱི་བྱིས་པའི་དུས་ཀྱི་མཛེས་པ་ཞིག་ཡིན་པ་བདེན་ན།  མཛེས་པ་དེ་དོན་གྱིས་དར་མས་བྱིས་དུས་ཀྱི་བསླད་མེད་འཚོ་བར་ཡིད་སྨོན་བྱེད་པ་ལྟ་བུའི་མཛེས་པ་ལྟར་སྣང་བ་ཞིག་ཡིན་ལ།   དགུང་གི་འཇའ་ཚོན་ལྟ་བུའི་རྟག་པ་དང་བརྟན་པ་མེད་པའི་ཨུ་དུམ་ཝ་རའི་མཛེས་པ་འདྲ་ཞིག་ཡིན་ངེས།  གཉིས་ན།  གདོང་དམར་བོད་ཀྱི་རྒྱུད་པ་འདི་མདོ་དབུས་མཐོ་སྒང་ནས་འཚོ་དགོས་པ་དང་འཚོ་བ་ལ་སྤུས་ཀ་ཡོད་པ་ཞིག་ཡིན་དགོས་པའི་ཆ་ནས་བལྟས་ན།  འདི་ལྟའི་མཛེས་པ་ལ་མཚན་སྙན་གྱི་མེ་ཏོག་བཞད་ཡོད་ཀྱང་ངེས་པ་དོན་གྱི་འབྲས་བུ་རྡོག་རྡོག་པོ་འབྱིན་པའི་ནུས་ཤུགས་ཡོད་དམ་མེད།  གསལ་པོར་བཤད་ན་བོད་འབངས་བྱིངས་ཀྱི་མདངས་གཅིག་རོ་གཅིག་གི་འཚོ་བའི་ཆུ་ཚད་ལ་མཐོར་འདེགས་ཀྱི་ནུས་པ་ཡོད་དམ་མེད།  འཛམ་གླིང་རྣམ་གཅིག་ཅན་དང་གོ་ལ་གྲོང་གསེབ་ཅན།  འགྲན་རྩོད་ཆུ་སྲིན་ཅན་དུ་བྱེད་པའི་དེང་གི་དུས་ཀྱི་འཕེལ་རིམ་ཆེན་པོ་འདིའི་ནང་དུ། ང་ཚོ་ལའང་སྐུལ་བྱེད་ཀྱི་ལྕག་དང་བདའ་བྱེད་ཀྱི་དབྱུག་པ་ལྟ་བུའི་སོས་དལ་དུ་མི་འཇོག་པའི་བསམ་པའི་འཚོ་བཅུད་བཙན་པོ་ཞིག་ཅིས་ཀྱང་དགོས་ངེས།  ཡོད་ཚད་ལ་མགོའི་ཉི་མ་བཞིན་དུ་ནུབ་རིར་ཡོལ་རྗེས། ཨ་ཧོ།  དེ་དུས་་་་་ཞེས་འགྱོད་པས་ལག་པ་བྲང་ལ་རྡུང་དུས་བླུན་པོའི་རང་མཚང་བསྟན་པ་རང་ཡིན།  དེ་བས་དེང་འདིར་ཀུན་གྱིས་བླ་རུ་སྒྲོག་པའི་བོད་དང་བོད་ཀྱི་རིག་གནས་ཀྱི་མཛེས་པ་འདི་སྤྱིར་ན་དངོས་སུ་ནས་མཛེས་པའི་དྭངས་མ་དང་ཞི་བདེའི་མ་ལག་ཡིན་པ་བདེན་མོད།  འོན་ཀྱང་མཛེས་པ་འདིའི་ནང་ན་རང་སྲོག་གཅོད་བྱེད་ཀྱི་དུག་སྦྱོར་ཀྱང་སྦས་ནས་ཡོད་པས།  ལྷ་དང་སྙན་ངག་གིས་གྲུབ་པའི་ལྷ་སས་བདག་ཉིད་དགའ་བར་བྱེད་ལ་སྐྱོ་བར་ཡང་བྱེད།  ལྷ་ས་ལྷ་དང་སྙན་ངག་གིས་གྲུབ་པ་བདེན་ཡང་།  འཇིག་རྟེན་མི་ཡུལ་འདི་བྱིངས་ནས་མི་དང་འདོད་ཡོན་གྱིས་གྲུབ་པ་ཞིག་ཡིན་པ་ང་ཚོས་གསལ་བོར་ཤེས་དགོས།

  ལར་སྙན་ངག་པ་དང་མཁས་པས་བསམ་གཞིག་བྱེད་སྟངས་མི་འདྲ།  སྙན་ངག་པས་མིག་གིས་ནམ་མཁར་བལྟས་ཡོད་ལ། མཁས་པས་རང་གི་རྡོག་མགོ་ལ་བལྟས་ཡོད།  དེ་བས་གཉིས་ཀའི་མིག་ལམ་གྱི་མཛེས་པའང་རྣམ་པ་ཀུན་ཏུ་འདྲ་མི་སྲིད།

མཆན།   དཔྱད་བརྗོད་འདི་སྔོན་ན་སྦྲང་ཆར་དང་། དེའི་རྗེས་བདག་དཔེ་ཚོགས་ཀྱི་འཚོལ་རྟོག་སྙིང་སྟོབས་ཞེས་པའི་ནང་དུ་བཀོད་འདུག

རྩོམ་སྒྲིག་པ།   དོན་འགྲུབ་རྡོ་རྗེ།