སྐད་ཡིག་དོར་ནས་མི་རིགས་སུ་ལ་བཤད།

     ང་ཚོས་མི་རིགས་བྱ་བའི་ཐ་སྙད་འདི་ཁ་ལ་གླེང་ཡོང་དུས།ཁྲག་རྒྱུད་དང་ས་ཁོངས།རིག་གནས།གྱོན་པ།སྐད་ཡིག་ལྟ་བུ་རབ་ཅིག་ཡིད་ལ་འཁོར་འོངས་ངེས་ཤིང་།སི་ཏ་ལིན་གྱིས་མི་རིགས་ལ་བཞག་པའི་མཚན་ཉིད་དང་ནུབ་ཕྱོགས་རིག་གནས་མིའི་རིགས་རིག་པའི་ཁྱབ་ཁོངས་ཀྱི་རིགས་རྒྱུད་ཁྱུ་ཚོགས་ལྟ་བའི་བརྗོད་དོན་ཡང་ཡིད་ལ་དྲན་ངེས་པ་ཡིན།ལྷག་པར།རྒྱུན་གྱི་སྐབས་ལ་ང་ཚོས་མི་རིགས་ཞེས་པ་འདི་རུས་རྒྱུད་དང་ཁྲག་རྒྱུད་འབྲེལ་བའི་ངོས་ནས་བསམ་ཞིང་བགྲོ་མཁན་མང་།ཡིན་ནའང་ཞིབ་ཏུ་བསམ་ཡོང་དུས་དེ་འདྲའི་ངོས་ནས་དཔག་དཀའ་སྙམ་སྟེ།བོད་ལ་མཚོན་ན་ཐོག་མའི་ཕྱྭ་དང་དམུ་ཡི་རིགས་རྒྱུད་ཆེན་པོ་ཉིས་འདུས་བྱུང་བ་ནས།ཕྱྭ་ཉིད་གཉན་ལ་གཉེན་པར་འབྲེལ་ཏེ་ལྡོང་དང་དབྲ་འགྲུ་རིམ་པར་གྲོལ་ཞིང་།ཕྱྭ་དང་དམུ་གཉིས་ལྷན་དུ་བཤོས་ཏེ་དམུ་ཚ་སྒ་ཡི་རུས་ཆེན་བྱུང་བ།དབའ་དང་ལྡ་གཉིས་ནུ་བོར་གྱེས་ཏེ་བོད་མ་གསུམ་བུ་དྲུག་སོ་སོར་འཐོར་བ་གང་ཡིན་ཡང་།གཉུག་གནས་མི་ཡི་རིགས་རྒྱུད་དང་ཕྱི་ཡོང་བྱེས་ཀྱི་རིགས་རྒྱུད་ལྷན་འདུས་ཀྱིས་འཕེལ་ཡོང་བ་ཞིག་ཡིན་པར་འདུག་སྟབས།ཁྲག་རྒྱུད་གཙང་མའི་བོད་མི་ཞེས་པ་མཛུབ་མོས་ནན་གྱིས་འཛུགས་དཀའོ།།དེ་ནི་རང་ཅག་བོད་མི་ཙམ་མ་ཡིན་པར།ལོ་རྒྱུས་རིང་བའི་མི་རིགས་གང་ཞིག་ཡིན་ཡང་།  སིམ་འདྲེས་གྱེས་འཐོར་ནི་རིགས་རྒྱུད་འཕེལ་འགྱུར་གྱི་ཆོས་ཉིད་ཡིན་ནོ།།

     མི་རིགས་བྱ་བ་འདི་དེ་ལྟར་མཐུན་འགྱུར་དང་གཞན་འགྱུར་འབྱུང་ནུས་ཀྱི་ཚོགས་སྤྱི་ཞིག་ཡིན་པར་བརྟེན།མཐའ་གཅིག་ཏུ་རུས་རྒྱུད་ཀྱི་ངོས་ནས་མི་རིགས་ཀྱི་དབྱེ་མཚམས་འབྱེད་དཀའ།འོ་ན་གང་གིས་འབྱེད་ཅེས་ན།སྐད་ཡིག་དང་རིག་གནས་ངོས་ནས་འབྱེད་དགོས་པ་སྟེ།མི་རིགས་བྱ་བའང་སྐད་ཡིག་གི་གཅིག་གྱུར་ཚོགས་སྤྱི་ཞིག་དང་རིག་གནས་ཀྱི་ཐུན་མོང་ཕུང་གཟུགས་ཤིག་ལ་གོ་རྒྱུ་ལས་འོས་མེད།དེ་འདྲའི་ངོས་ནས་བལྟས་ན།སྐད་ཡིག་དང་རིག་གནས་གཞན་འགྱུར་བྱུང་ཟིན་པ་གང་ཞིག་མི་རིགས་དེ་མཐུན་དུ་གྱུར་བ་མ་གཏོགས།ང་ཡི་སྐད་དང་རིག་གནས་རྒྱ་ནག་པ་ལ་ང་ཡི་མི་རིགས་བོད་དོ་ཞེས་བརྗོད་མི་བཏུབ་ཅིང་།བརྒྱ་ལ་དེ་འདྲ་ལབ་མཁན་འགའ་རེ་ཡོད་མོད་ཀྱང་།དེ་ནི་ཁོ་བ་ཅག་གི་འདུ་ཤེས་ལ་འགྱུར་བ་ཁ་ཚང་མ་བྱུང་བ་དེའི་རྐྱེན་ཁོ་ན་སྟེ།རབས་གཅིག་འདས་ཚེ་སྔོན་གྱི་ཁ་ནས་འདུག་མི་སྲིད་དོ།།

     དེར་བརྟེན།ང་ཚོས་མི་རིགས་ཀྱི་དབྱེ་མཚམས་འབྱེད་དུས་སྐད་ཡིག་དང་རིག་གནས་ལས་དཔག་ན་རབ་ཡིན་ཞིང་།དེ་ཉིད་གཞན་འགྱུར་བྱུང་ངམ་མཐུན་འགྱུར་བྱུང་འདུག་གི་ཐད་ནས་བལྟས་ན་གནད་ལ་འབབ་ཐུབ་བོ།།འདིའི་ཕྱོགས་ནས་བསམ་ན།དེང་སང་རང་ཉིད་བོད་པའི་མཁས་པ་ཡིན་པ་ལ་བུ་ཕྲུག་གཞན་དང་གཞན་ལ་འགྱུར་གྱིན་པ་ནི་ཁྱིམ་རྒྱུད་གང་དེའི་བོད་ཀྱི་རྒྱུན་ཆད་པར་བལྟ་དགོས་ཤིང་།ཚུལ་འདི་ད་ལྟ་ཁོང་དང་ཁོང་གི་བུ་ཕྲུག་དག་གིས་ཁས་མི་ལེན་ཡང་སྲིད་མོད།ཁོང་གི་དབོན་གྱི་སྐབས་ལ་ཚུར་འཐེན་ཡང་ཕར་ཤོར་འགྲོ་བ་ངེས་གཏན་ནོ།།

     མི་རིགས་ཀྱི་ཁྱད་རྟགས་སྐད་དང་རིག་གནས་ཀྱིས་མཚོན་དགོས་པ་འདི་ངེས་ཚེ།ང་ཚོས་རང་ཅག་དང་ཁོང་ཅག་ཅེས་པའང་མཚམས་གང་གིས་ཕྱེ་དགོས་པ་རྟོགས་པར་འགྱུར་ཞིང་།རང་སྡེ་དང་གཞན་སྡེ་ཞེས་པ་བར་གྱང་གང་གིས་ཆོད་པ་མཐོང་ནུས་ལ།གཞན་རིགས་དང་རང་རིགས་ཞེས་པ་མཚམས་ཚིགས་གང་ལ་བརྟེན་པ་ཤེས་པར་འགྱུར།

     ལོ་རྒྱུས་ཀྱི་རྒྱུན་ལས་མི་རིགས་བཙལ་ན།ངས་ནི་བོད་རིགས་ཞེས་པ་བོད་སྐད་འཆད་ཅིང་བོད་ཀྱི་ཤེས་རིག་ལ་མངའ་མཛད་དེ་དེའི་ཁོངས་གཏོགས་སུ་གྱུར་བ་ཞིག་ལས་འདོད་ཐབས་མི་འདུག   ཁྲག་གི་རྒྱུན་ཙམ་ལ་གཞི་བྱས་ཏེ་མི་རིགས་འཚོལ་བ་གང་ཞིག་གཅིག་ན་རྙེད་དཀའ་ཞིང་གཉིས་ན་གོ་སྐབས་རིང་ལུགས་པར་གླགས་སྤྲད་པ་ཞིག་རེད།

སྐད་ཡིག་བཞག་ནས་མི་རིགས་གང་དུ་འཚོལ། 

སྐད་ཡིག་དོར་ནས་མི་རིགས་སུ་ལ་གླེང།  

            2016.4.15     ཟི་ལིང་།                 

རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།