བོད་ཀྱི་སྐད་ཡིག་དང་དེའི་གནད་དོན།

གཅིག  བོད་ཀྱི་སྐད་ཡིག་གི་དུས་ཡུན།

བོད་ལ་ཡི་གེ་བྱུང་བ་ནི་རེ་ཞིག་དུས་རབས་བདུན་པ་སྟེ། ཏུན་ཧོང་ཡིག་རྙིང་དུ། བོད་ལ་སྔ་ན་ཡྀ་གེ་མྱེད་པ་ཡང་། བཙན་པོ་འདིའྀ་ཚེ་བྱུང་ནས། ཞེས་དང་། ཐང་ཡིག་ཏུའང་། ཡི་གེ་མེད་པར་ཤིང་ལ་རི་མོ་རྐོ་བ་དང་ཐ་གུར་མདུད་པ་བརྒྱབ་ནས་ཁ་དན་བྱེད། ཅེས་པ་སོགས་ཁུངས་སུ་བྱེད། དེ་ལའང་རྩོད་གཞི་མེད་པའང་མིན་ཏེ། ཞང་ཞུང་ལིག་མི་རྒྱའི་ཐམ་ག་སོགས་བདེན་དཔང་དུ་བྱས་ཀྱང་། ད་དུང་ཞིབ་འཇུག་དང་འཚོལ་ཞིབ་ཀྱི་དུས་སྐབས་སུ་འཇོག་པ་ལས་ཁུངས་འཕེར་བའི་རྒྱུ་ཆ་གྱ་ནོམ་པོ་གང་ཡང་བྱུང་མེད། ཉུང་མཐའ་ཡང་བོད་ཀྱི་ཡི་གེ་བྱུང་སྟེ་ལོ་ངོ་ཆིག་སྟོང་སུམ་བརྒྱའི་ལོ་རྒྱུས་དུས་ཡུན་ཡོད་པས། ཡི་གེ་བྱུང་བའི་གོ་རིམ་ཁྲོད་ཀྱི་སྨ་ར་དཀར་པོའི་གྲལ་གདན་འཛིན་པའི་བགྲེས་སོང་ཞིག་ཡིན། བོད་ཀྱི་སྐད་ནི་དེ་བས་ཀྱང་ཡ་མཐའ་འདེད་དུ་ཡོད་པར་མ་ཟད། ཉེ་ཆར་བོད་དུ་ལོ་ངོ་སུམ་ཁྲིའི་རྡོ་ཆས་རྙེད་པར་གཞིགས་ན། ཚོ་ཁག་དེ་དག་ལའང་སྐད་ཀྱི་བརྡ་སྤྲོད་རགས་པའི་ནུས་པ་ཞིག་ཡོད་པ་སྨྲ་མ་དགོས། དེ་ལྟར་བོད་ཀྱི་ཡི་གེ་དེ་ཉིད་མཐོ་བ་ཆབ་སྲིད་དང་ཆོས་ལུགས་ཀྱི་ཁྲོད་དུ་བཀོལ་བར་མ་ཟད། མང་ཚོགས་སུའང་ཡི་གེའི་རྟེན་མང་བོ་ཞིག་གིས་ཁྱབ་སྟེ་ཡོད། གནའ་བོའི་བོད་ཀྱི་ཡི་གེ་ཞེས་པ་ནི་ལྷ་སྒྲུང་ཞིག་བཤད་པ་ཙམ་མིན་པར། ད་ལྟའང་པོ་ཏཱ་ལའི་མདུན་གྱི་ཞོལ་རྡོ་རིང(སྤྱི་ལོ༧༦༣ ལོ།)སོགས་རྡོ་རིང་སུམ་ཅུ་ལ་ཉེ་བར་ཁྲ་ལམ་མེར་དངོས་སུ་མཐོང་དུ་ཡོད་པ་དེ་དག་ཡིན། གཞན་ཡང་སྤྱི་ལོ༡༩༠༠ ལོར་གཏེར་སྒོ་ཕྱེས་པའི་ཏུན་ཧོང་ཡིག་རྙིང་དང་། དེ་བཞིན་ཁྲམ་བྱང་དང་ཅོང་ཡིག་སོགས་ཤིན་ཏུ་མང་བོ་ཕྱི་རབས་པས་བསྒྱུར་བཅོས་མ་ཞུགས་པར་གསོན་པོར་ཡོད་པར་མ་ཟད། ཐ་ན་བཙན་པོའི་དུས་ཀྱི་བུམ་པ་དང་ཕོར་བའི་ཞབས་དང་རྨོག་གི་ངོས་སོགས་སུ་བཀོད་པའི་ཡི་གེ་ཚུན་ཆད་ཀྱང་མང་དུ་རྙེད་ཡོད། དེ་ལྟར་རྒྱལ་བློན་རེ་རེའི་དུས་རིམ་བརྒྱུད་ནས་ད་ལྟའི་བར་དུ་བོད་ཀྱི་ཡི་གེ་ནི་བགྲེས་སོང་གི་གདན་རིམ་ཟིན་པར་མ་ཟད། རྗེས་རབས་པས་འཕེལ་རྒྱས་བཏང་སྟེ་དུས་རབས་ཀྱི་འགྲོས་དང་མཐུན་པའི་གཞོན་ཤ་དོད་པའི་ཚེ་སྲོག་གསར་བའི་ནུས་པ་གྲོང་འཇུག་བྱས་ཡོད། འདི་དག་ནི་སྐབས་དེའི་བཙན་པོའི་གཞུང་དང་མི་མང་དཀའ་ངལ་རེ་རེའི་ཁྲོད་དུ་གསོན་ཤུགས་རྒྱས་པ་ཞིག་ཀྱང་ཡིན་ལ། དེ་ཡང་མི་རིགས་དང་རིག་གཞུང་གི་ནུས་པ་ཡོད་པའི་རིན་ཐང་གི་ནུས་པ་དུས་ལྟར་འགྱུར་འགུལ་བྱུང་བའི་བཤུལ་རྗེས་རིང་མོ་ཞིག་ཀྱང་ཡིན།  

གཉིས་པ། བོད་ཀྱི་སྐད་ཡིག་གི་ཁྱབ་ཁོངས།  བོད་ཀྱི་སྐད་ཡིག་གི་ཁྱབ་ཁོངས་ནི་ཧ་ཅང་རྒྱ་ཆེ་བ་ཞིག་སྟེ། ད་ལྟ་བལ་ཡུལ་གྱི་རྟ་མང་དང་ཤར་བ། ཉིན་ཞང་། དགུ་རོང་སོགས་སུ་ཁྱབ་པར་མ་ཟད། ཉེ་ཆར་ཡང་བལ་ཡུལ་གྱི་ན་གཞོན་སྐོར་ཞིག་གིས་ཀྱང་བོད་ཡིག་དྲ་རྒྱ་བཟོས་ཏེ་ཁྱབ་བསྒྲགས་ཀྱི་སྡིངས་ཆ་གསར་དུ་སྐྲུན་བཞིན་པ་དང་། ཁོང་ཅག་གི་ནང་བའི་དགོན་པ་གང་དུ་སོང་ནའང་བོད་སྐད་ཀྱི་གདངས་དབྱངས་རྒྱུན་ཆད་མེད་པར་གྲག་བཞིན་པ་དེ་རེད། མི་གྲངས་ཀྱང་ས་ཡ་གཉིས་ལས་བརྒལ་བར་ཡོད། དེ་བཞིན་དུ་འབྲུག་ཡུལ་དུ་མཚོན་ན། ད་ལྟ་འབྲུག་རྒྱལ་ཁབ་ཀྱི་གཞུང་ཡིག་ནི་རྫོང་ཁ་ཡིན་ལ། འཛད་སྤྱོད་མཁན་མི་གྲངས་ནི་འབུམ་དྲུག་གི་ཚད་དུ་བྱས། ཁོང་ཅག་གིས་ཆོས་སྐད་དང་རྫོང་ཁ་ཞེས་རིགས་གཉིས་སུ་དབྱེ་སྟེ། ཡུལ་སྐད་བྱེ་བྲག་པ་ལས་མིང་བརྡ་དང་ཚིག་མཛོད། གཞུང་ཡིག་དང་བརྩམས་ཆོས་སོགས་འབོར་ཆེན་བྱུང་བར་མ་ཟད། ཉེ་བའི་ལོ་རྒྱུས་ཁྲོད་དུ་གླིང་སྒྲུང་གི་དཔེ་ཚོགས་ཐོག་མར་སྐྲུན་མཁན་ཡང་འབྲུག་པ་གྱུར་ཡོད། དེ་ནི་དུས་རབས་ཉི་ཤུ་བའི་ལོ་རབས་དྲུག་ཅུ་བར་གླིང་སྒྲུང་དཔེ་ཚོགས་སུམ་ཅུ་བསྐྲུན་པས་སོ།། ད་ལྟ་རྒྱལ་ཁབ་དེའི་སྲང་ལམ་གྱི་སྒོ་བྱང་དང་རླངས་འཁོར་ཚུན་ཆད་དུ་བོད་ཡིག་གིས་ཁྱབ་སྟེ་ཡོད་པ་དེ་བཞིན་རེད། གཞན་ཡང་དྭགས་དང་ཟངས་དཀར། སྤྱི་ཏེ། ཁུ་ནུ། གར་ཞྭ་སོགས་ཀྱང་བོད་ཡིག་ཁྱབ་ཁོངས་ཤིན་ཏུ་ཡངས་པས་དེ་དག་གི་སློབ་གཉེར་བ་མང་བོ་ད་ལྟ་བྱེས་ཀྱི་གདན་ས་གསུམ་གཙོ་བྱས་ཏེ་སློབ་གྲྭ་ཁག་མང་བོར་ཞུགས་ཡོད་པར་མ་ཟད། ས་གནས་དེ་དག་ཏུའང་དགོན་པ་དང་སློབ་གྲྭ་མང་དུ་ཡོད་པར་མ་ཟད། ཕལ་ཆེར་སྔར་གྱི་བོད་ཡིག་གི་ཚགས་ཤོག་ཐོག་མའང་༡༩༢༥ ལོར་པར་དུ་འདེབས་འགོ་ཚུགས་པའི་བྷ་བུ་མཐར་ཕྱིན་གྱི་ཕྱོགས་སོ་སོའི་གསར་འགྱུར་མེ་ལོང་མ་ཡིན་པར། ༡༩༠༤ ལོར་ལ་དྭགས་ཨག་བཱར་ཞེས་པ་ཞིག་ཀྱང་བྱུང་ཡོད། ད་དུང་ལ་དྭགས་ཡུལ་གླུ་(༡༩༧༠ལོ།)ཞེས་པ་དང་། ཤི་ར་ཟ(༡༩༧༦ལོ)དང་། ལོ་འཁོར་གྱི་དེབ་ཅེས་པ་མང་དུ་དཔར་སྐྲུན་བགྱིས་ཏེ། ཡུལ་སྲོལ་གོམས་གཤིས་དང་སྐད་ཡིག རིག་གཞུང་སོགས་སྲུང་སྐྱོབ་ཀྱི་སྟེགས་བུ་སྣ་ཚོགས་བསྐྲུན་དང་སྐྲུན་བཞིན་ཡོད། སྤྱི་ཏེ་རུ་དགོན་ཁག་གཙོ་བོ་ལྔ་དང་སློབ་གྲྭ་གཉིས་བཅས་ཀྱི་ཁྲོད་དུ་བོད་ཡིག་ནུས་པ་གང་སར་འདོན་བཞིན་པའི་སྐབས་སུ་མཆིས། ཁུ་ནུ་དང་གར་ཞྭ་སོགས་ཀྱང་དེ་བཞིན་དུ་རང་ཉིད་ཀྱི་སྐད་ཡིག་ནུས་པ་ཆེས་ཆེར་མ་བརླགས་པར་ཟིན་ཡོད་པ་རེ་རེ་བརྗོད་དུ་མི་ལང་ངོ་།། ད་ལྟ་ཕ་ཀི་སི་ཐན་རྒྱལ་ཁོངས་ཀྱི་སྦལ་ཏི་བ་ཚོས་ཀྱང་རང་ཉིད་ཀྱི་སྐད་ཡིག་སླར་གསོའི་དོན་ཕྱོགས་མང་བོ་ཞིག་ནས་འབད་བརྩོན་བྱེད་བཞིན་པའི་སྐབས་སུ་མཆིས། འདི་ལྟར་བོད་སྐད་ཡིག་གི་གནད་དོན་ནི་བོད་པ་ཁོ་ནའི་གནད་དོན་ཞིག་མ་ཡིན་པར། ཤར་ཕྱོགས་རིག་གནས་ཀྱི་འཕེལ་འགྲིབ་ཀྱི་གནད་དོན་ཞིག་ཏུ་གཏོགས་ཏེ། ད་ལྟ་ཨ་ཧྥི་རྒ་ནེ་སི་ཐན་དང་ཁྲོར་ཁེ། འབར་མ་སོགས་ནས་ཀྱང་བོད་སྐད་ཡིག་གི་རྗེས་ཤུལ་མང་ནས་མང་དུ་རྙེད་བཞིན་པ་འདི་དག་གིས་ཀྱང་། བོད་ཡིག་ནི་ཁྱབ་ཁོངས་ནི་ཕྱོགས་ནས་ཕྱོགས་སུ་མཆེད་ཅིང་མཐའ་ཡངས་པའི་ཤར་ཕྱོགས་རིག་གནས་ཀྱི་སྙིང་རྩར་འབྲེལ་བའི་རིག་གནས་མ་ལག་རིན་ཐང་གཞལ་མེད་ཅིག་ཏུ་གཏོགས་པ་ངེས་པར་ཤེས་དགོས་པ་ཞིག་གོ། 

གསུམ་པ། བོད་སྐད་ཡིག་གི་འཆི་གསོན། 

ད་ལྟ་བོད་སྐད་ཡིག་གི་འཆི་གསོན་ནི་བོད་ཁུལ་དགོན་སྡེ་དང་སློབ་གྲྭ། ཤེས་ཡོན་པའི་སྡེ་ཁག་ཁོ་ནའི་ཁྲོད་ཀྱི་གནད་དོན་ཞིག་ཏུ་བསམ་པར་སྣང་ཡང་། ལོ་རྒྱུས་ཀྱི་རྒྱུན་དང་ཁྱབ་ཁོངས་གང་དུ་བསམ་ནའང་། ཚོགས་སྡེ་རེ་ཟུང་གི་གནད་དོན་ཙམ་ཞིག་མིན་པར། འཛམ་གླིང་རིག་གནས་ཀྱི་འོད་སྣང་ཞིག་ནུབ་མིན་གྱི་གནད་དོན་བརྩི་རིགས་མོད། འདི་ཉིད་འཆི་རྐྱེན་ལ་ཕྱི་རྐྱེན་དང་ནང་རྐྱེན་གཉིས་སུ་ཡོད་མོད། གཙོ་བོ་ཕྱི་རྐྱེན་གྱི་གནད་དོན་རེ་ཟུང་བརྗོད་ན། ༡ སྐད་ཡིག་གི་འཕེལ་རྒྱས་ངོ་བོ་བསམ་བཞིན་དུ་སྲིད་ཇུས་གསར་བའི་ཐབས་སུ་སྤྱད་ནས་ཚིག་སྙན་ཞིང་དོན་རབ་རིབ་ཏུ་ཕྱོགས་པའི་བསླུ་བྲིད་ཀྱི་ཐབས་ལམ་ལས་འབྱུང་བཞིན་ཡོད། ༢ འཚོ་བའི་རྣམ་པ་ཆེད་དུ་བསྒྱུར་ཏེ་སྐད་ཡིག་གི་འདུ་ཤེས་བག་ལ་ཞ་བའི་ཐབས་སུ་བརྟེན་ཡོད། ༣ ནང་ཁུལ་གྱི་སྐད་ཡིག་རིན་ཐང་ངོས་འཛིན་གྱི་འགལ་ཟླའི་གོ་སྐབས་སྤྱད་ནས་སྐད་ཡིག་གི་ལས་དབང་སྒྱུར་བཞིན་ཡོད། ༤ མཐུན་རྐྱེན་དང་དམིགས་བསལ་གྱི་གོ་སྐབས་ལྟ་བུའི་ཁ་གཡང་གི་ཁྲོད་དུ་སློབ་མ་མང་པོ་སྐད་ཡིག་གཞན་གྱི་ལྟེ་གནས་སུ་དབོར་འདྲེན་བྱེད་བཞིན་ཡོད། ༥ ས་གནས་གནད་ཡོད་མི་སྣའི་བསླུ་བྲིད་ཀྱི་འོག་ཏུ་སྐད་ཡིག་གི་ངོ་བོ་སྒྱུར་བཞིན་ཡོད། ༦ སྐད་ཡིག་སློབ་དེབ་དག་ཏུ་མི་རིགས་ཀྱི་འདུ་ཤེས་དང་མི་རིགས་ཀྱི་རིག་གནས་རིན་ཐང་མེད་པའི་ཕྱི་ལྤགས་སུ་སྒྱུར་བཞིན་ཡོད། ༧ མི་རིགས་ཀྱི་སྐད་ཡིག་དང་འབྲེལ་བའི་སློབ་གྲྭའི་ཁྱབ་ཁོངས་ཇེ་ཆུང་དང་གསར་འཛུགས་ལ་བཀག་སྡོམ་གྱིས་ཐབས་སུ་གཞོལ་ཡོད།(ད་དུང་མང་ཡང་གཞན་དུ་གླེང་འདུག་པས་མ་བརྗོད་དོ།།)

འདི་ལྟ་བུའི་གནད་དོན་མང་བོ་ཞིག་གིས་སྐད་ཡིག་འཆི་རྟགས་ཡོངས་སུ་ཚང་བར་བྱས་པས། འུ་ཅག་གིས་ཡང་བསྐྱར་བསམ་གཞིགས་གསར་བ་ཞིག་བྱེད་འོས་པ་ནི། དགོན་སྡེ་སྐད་ཡིག་གི་འཕེལ་རྒྱས་ལ་བསམ་གཞིགས་གཏོང་བ་དང་། སྒེར་བཙུགས་ཀྱི་སློབ་གླིང་ལ་གཞོགས་འདེགས་ཀྱི་བྱེད་ཐབས་འཚོལ་བ། དུས་ངེས་མེད་ཀྱི་སྐད་ཡིག་གསབ་སྦྱོང་གི་ཁ་ཕྱོགས་འདྲ་མིན་བསྐྲུན་པར་བྱས་ཏེ། གཞུང་འབྲེལ་སློབ་གྲྭའི་སྐད་ཡིག་གི་གནད་དོན་ལ་ཁྲིམས་མཐུན་དུ་མཉམ་འུར་གྱི་སྟོབས་ཤུགས་བཀོལ་རྒྱུ་ནི་གནད་འགག་ཅིག་ཏུ་འཁུམས་པ་ལས། ནང་ཁུལ་དུ་དམུར་རེས་བྱེད་པ་དེས་ཅི་ཡང་མི་འོང་བར་སྙམ་མོ།།

                            ༢༠༡༧ ༤ ༧ གྱི་ཉིན་གུང་དུ།


རྩོམ་སྒྲིག་པ།  དོན་འགྲུབ་རྡོ་རྗེ།